(ཕྱི་ལོ་ ༡༩༩༤ ཟླ་ ༥ ཚེས་ ༥ ཉིན།)

བོད་མི་སྒེར་སོ་སོར་ཤེས་ཡོན་སྤྲོད་ཆེད་སློབ་གྲྭ་བཙུགས་ཏེ་མཚན་ཉིད་ཚང་བའི་བོད་ཕྲུག་གསོ་སྐྱོང་བྱེད་དགོས།

དེ་རིང་འདིར་ང་རང་ཚོ་བོད་པའི་སློབ་གྲྭ་ཁག་གི་འགོ་འཁྲིད་ཚོ་དང༌། གཞིས་འགོ་ཁག རྒྱ་གར་དབུས་ཤེས་རིག་ཚོགས་པའི་དྲུང་ཆེ་དང༌། ང་རང་ཚོ་བཙན་བྱོལ་གཞུང་གི་ཤེས་རིག་སྡེ་ཚན་གྱི་ལས་ཀ་བྱེད་མཁན་ཚོ་བཅས། ཁྱེད་རང་ཚོ་ཚང་མ་འདིར་རུབ་འཛོམས་བྱས་ཏེ་མིའི་མི་ཚེའི་འཚོ་བའི་ནང་ལ་གལ་ཆེ་ཤོས་དང༌། མི་རིགས་ཤིག་འཛུགས་སྐྲུན་བྱེད་པའི་དོན་རྩ་གལ་འགངས་ཆེན་པོ་ཡིན་པ་ཤེས་ཡོན་གྱི་གནད་དོན་སྐོར་ལ་གོ་བསྡུར་བྱེད་ཀྱི་ཡོད་པ་རེད། དེ་རིང་ང་རང་ཚོ་ཐུག་འཕྲད་བྱུང་བར་དགའ་པོ་བྱུང༌། ཁྱེད་རང་ཚང་མར་འཚམས་འདྲི་ཡོད།

དེ་རིང་གི་ཚོགས་འདུ་འདི་འདུ་འཛོམས་ཆེ་བ་ཞིག་དང༌། རྒྱ་བོད་འགན་ཡོད་མཁན་མང་པོ་ཞིག་མཉམ་འཛོམས་བྱས་པའི་དུས་ཚོད་དང་པོ་ཆགས་བསྡད་ཡོད། ཁྱེད་རང་ཚོ་གོ་བསྡུར་ལྷུག་པོ་ཞིག་དང༌། མ་འོངས་པའི་བྱེད་ཕྱོགས་སྐོར་ལ་ལམ་སྟོན་ནམ། ཐབས་ཤེས་བྱེད་ཕྱོགས་གསལ་པོ་ཞིག་ཡོང་ཐུབ་པའི་རེ་བ་ཡོད་ལ། ཡོང་གི་རེད་བསམས་པ་དྲན་གྱི་འདུག མིའི་རང་བཞིན་གྱི་ཁྱད་ཆོས་ལ་རྗེས་ཡོང་སྔོན་དྲན་གྱི་བསམ་བློ་གཏོང་བའི་ནུས་པ་ཆེན་པོ་ཞིག་ཡོད་པ་རེད། མ་འོངས་པའི་བྱེད་ཕྱོགས་སྐོར་ལ་ཐབས་ལམ་སྣ་ཚོགས་བསམ་བློ་འཁོར་ནས་སོ་སོ་སྒེར་པ་ཡིན་ནའང་འདྲ། མི་ཚེ་གཅིག་ཡིན་ནའང་འདྲ། ལུང་པ་ཞིག་ཡིན་ནའང་འདྲ། གང་ལྟར་མ་འོངས་པར་ཡར་རྒྱས་འགྲོ་ཐབས་ལ་བསམ་བློ་གཏོང་བ་འདི་ང་རང་ཚོ་མིའི་ཁྱད་ཆོས་ཡིན་པ་རེད། མི་ལ་ལྷན་སྐྱེས་ཀྱི་མ་འོངས་པའི་གནས་ཚུལ་ལ་བསམ་བློ་གཏོང་བ་དང༌། འཆར་གཞི་འགོད་རྒྱུའི་ནུས་པ་ཡོད་པ་དེ་ད་དུང་གོང་ནས་གོང་དུ་སྤེལ་རྒྱུའི་ཐོག་ལ་ཤེས་བྱ་ཡོན་ཏན་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད།

ང་ཚོ་བཙན་བྱོལ་བ་ཆགས་པའི་སྐབས་སུ་མ་འོངས་པའི་བོད་སྤྱི་པའི་དོན་དག་བསྒྲུབ་རྒྱུ་དང༌། བོད་མི་སྒེར་སོ་སོའི་གནས་སྟངས་གང་ཅི་ཤེས་ཡོན་ལ་རག་ལས་ཀྱི་ཡོད་པར་བརྟེན། བོད་པའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོར་བརྩིས་ནས་ཐོག་མར་སློབ་གྲྭ་ཁག་བཙུགས་པ་རེད། ཤེས་ཡོན་དེ་ཡང་བོད་པའི་ཕྲུ་གུའི་ཤེས་ཡོན་ཡིན་པས་བོད་མི་མཚན་ཉིད་ཚང་བ་ཞིག་ཡོང་བ་ལ་བོད་པའི་ཤེས་ཡོན་ངེས་པར་དུ་དགོས་ཀྱི་ཡོད་པ་རེད། འཛམ་གླིང་དེང་དུས་ཀྱི་ཤེས་ཡོན་དང་ཆབས་ཅིག་བོད་པའི་ཤེས་ཡོན་ཡོད་པ་ཞིག་བྱུང་བ་ཡིན་ན་བོད་པའི་དྲི་མ་མ་ཡལ་བ་ཞིག་དང༌། བོད་པའི་རྣམ་པ་མ་ཡལ་བ་ཞིག་ཡོང་གི་ཡོད་པ་རེད། བོད་པའི་རྣམ་པ་མ་ཡལ་བའི་ཤེས་ཡོན་ཅན་ཞིག་བྱུང་བ་ཡིན་ན་བོད་ལུང་པར་ཕན་པ་ཞིག་ཡོང་གི་རེད།

བོད་པའི་རྣམ་པ་དེ་ཟིན་མ་ཐུབ་ན་དེང་དུས་ཀྱི་ཤེས་ཡོན་གཅིག་པུས་སོ་སོ་སྒེར་ལ་འཕྲལ་སེལ་དཀའ་ངལ་མེད་ཙམ་བྱུང་ན་ཡང། མི་ཚེ་རིང་པོའི་ནང་དུ་བོད་པ་ཞིག་ལ་བོད་པའི་ཤེས་ཡོན་ཡོད་ན་སེམས་སྐྱིད་པ་དང༌། བག་ཕེབས་པ་ཞིག་ཡོང་གི་རེད། བོད་པ་ཡིན་པ་གང་ཞིག་ལ་བོད་པའི་ཤེས་ཡོན་མེད་ན་ཁོ་གང་འཚམ་ནས་ཕོ་རོག་དཀར་པོ་ཆགས་རྒྱུ་རེད། སྤྱི་ཚོགས་གང་དུ་བསྡད་ཀྱང་ཤ་ཁྲག་ལས་གྲུབ་པའི་ལུས་པོ་ནི་བརྗེ་ཐབས་མེད། ག་ལེ་ག་ལེར་སོ་སོ་རང་ཉིད་གང་ནས་ཡིན་པ་དང༌། གང་ནས་ཡོང་བ། ངའི་ཕ་མ་ཚོ་གང་ནས་ཡིན་པ་སོགས་བསམ་བློ་འཁོར་ཡོང་དུས་རང་ཉིད་བོད་པ་ཞིག་ཡིན་ན་ཡང༌། རང་ལ་བོད་པའི་དྲི་མ་མེད་མཁན་ཞིག་ཆགས་བསྡད་དུས་སྐྱིད་པ་ཞིག་ཡོང་རྒྱུ་ཁག་པོ་རེད། བོད་སྤྱི་པའི་དོན་དག་སྨོས་མེད་ཁར། སྒེར་སོ་སོའི་དོན་ལ་ཡིན་ན་ཡང་བོད་པའི་ཤེས་ཡོན་ཞིག་ཡོད་ན་གང་ལྟར་ཕན་ཐོགས་ཡོད་པ་ཞིག་དང༌། དགེ་མཚན་ཡོད་པའི་གནས་ཚུལ་དེའི་འོག་ནས་བོད་པའི་སློབ་གྲྭ་ཞེས་ཟུར་དུ་བཙུགས་པ་རེད།

རྒྱ་གར་གཞུང་གིས་མི་རྒྱུའི་འགྲོ་སོང་བཏང་སྟེ་བོད་པའི་ཕྲུ་གུ་ལ་སློབ་སྦྱོང་སྤྲད་པ་དེ་ང་ཚོའི་མི་ཐོག་རྗེས་མ་ཚོས་བརྗེད་ཐབས་མེད།

གཙོ་ཆ་ཤོས་སྐབས་དེར་རྒྱ་གར་གཞུང་གི་སྲིད་བློན་དམ་པ་ནེ་ཧེ་རུ་ཞལ་བཞུགས་པའི་སྐབས་ལ་ཁོང་གིས་དམིགས་བསལ་གྱི་ཐུགས་འཁུར་བཞེས། ཁོ་རང་སྐུ་སྒེར་གྱི་ཆ་ནས་དོ་སྣང་དང༌། ཤ་ཚ་རྣམ་འགྱུར་ཤུགས་ཆེན་པོའི་ཐོག་ནས་ལྡི་ལིར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་བཙུགས། སློབ་གྲྭའི་འགྲོ་སོང་ཡོངས་རྫོགས་རྒྱ་གར་གཞུང་ནས་འགན་བླངས། བོད་པའི་ཕྲུ་གུ་ཚོ་ལ་དེང་དུས་ཀྱི་ཤེས་ཡོན་དང་ཆབས་ཅིག་བོད་རང་གི་ཤེས་ཡོན་འཇགས་ཐུབ་པ་ཡོང་བའི་འཆར་གཞི་ཆ་ཚང་བཟོས་ནས་དུས་ད་ལྟ་བར་དུ་ང་ཚོའི་སློབ་གྲྭ་ཁག་གི་ནང་ལ་ལག་ལེན་བསྟར་ཡོད། དེའི་ཐོག་ལ་རྒྱ་གར་གྱི་མི་ཕོ་མོ་མང་པོས་བོད་པའི་སློབ་ཕྲུག་གི་དོན་དག་ལ་ཁུར་བླངས། མདོར་ན་བོད་མི་བཙན་བྱོལ་བ་ས་ཆ་ཁུག་ཀྱོག་ལ་གཞིས་ཆགས་བྱས་ནས་བསྡད་པའི་ནང་ལ་ཡང་རྒྱ་གར་དགེ་རྒན་ཚོས་བོད་པ་དང་མཉམ་དུ་དཀའ་སྡུག་མྱང་སྟེ་ལོ་ནས་ལོ་སྦྲེལ་ཏེ་བསྡད་པ་རེད། མ་གཞི་འཐུས་སྒོ་མ་ཚང་བ་དེ་འདྲ་ཡོད་ན་ཡང་སྤྱི་ཡོངས་ཀྱི་ཆ་ནས་དངོས་གནས་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད།

དེ་ལྟར་རྒྱ་གར་གཞུང་གི་འགྲོ་སོང་བཏང༌། རྒྱ་གར་གྱི་མི་སྣ་མང་པོ་ཞིག་གིས་དངོས་སུ་བོད་པ་དང་མཉམ་དུ་བསྡད་ནས་བོད་པའི་ཕྲུ་གུའི་ཤེས་ཡོན་གྱི་ཐོག་ལ་ཁུར་བླངས་ཏེ་ཞབས་འདེགས་བསྒྲུབས་པ་འདི་དངོས་གནས་བརྗེད་དུ་མེད་པའི་བཀའ་དྲིན་ཆེན་པོ་རེད། ད་ལྟ་ང་ཚོའི་མི་ཐོག་འདི་རྣམས་ཀྱིས་སོ་སོའི་མིག་གིས་མཐོང་བའི་ཐོག་ནས་བཀའ་དྲིན་བརྗེད་མི་ཐུབ་པ་ཙམ་དུ་མ་ཟད། མ་འོངས་པའི་བོད་ཀྱི་ལོ་རྒྱུས་ནང་ལ་ཡིན་ནའང་ལྔ་བཅུ་ང་དགུའི་གནས་ཚུལ་དཀའ་ངལ་ཆེན་པོ་ཞིག་གིས་བོད་མི་རིགས་ཆགས་འཇིག་གི་མཚམས་ལ་སླེབས་པའི་སྐབས་ལ་རྒྱ་གར་གྱི་སྲིད་བློན་ནེ་ཧེ་རུ་ནས་བོད་པའི་ཐོག་ལ་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ནས་བོད་པའི་སློབ་གྲྭ་ཚོགས་པ་ཞིག་ཟུར་དུ་བཙུགས། འགྲོ་སོང་རྒྱ་གར་གཞུང་གིས་འགན་བླངས་ཏེ་རྒྱ་གར་ནང་ལ་བོད་པའི་ཕྲུ་གུ་ཁྲི་ཕྲག་ཁ་ཤས་ཤིག་ལ་སློབ་སྦྱོང་སྤྲད་པ་རེད་ཅེས་ང་ཚོའི་མི་ཐོག་རྗེས་མ་ཚོས་ཡིན་ན་ཡང་བརྗེད་ཐབས་མེད་པ་ཞིག་རེད་བསམ་པ་དྲན་གྱི་འདུག

དེ་སྔ་སྲིད་བློན་ནེ་ཧེ་རུ་དང༌། རྒྱ་གར་ཤེས་རིག་བློན་ཆེན་ཤྲི་མ་ལི་གཉིས་དང༌། ང་ཚོ་མཉམ་དུ་ཉིན་གུང་གསོལ་ཚིགས་ཤིག་གི་ས་ལ་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་འཛུགས་རྒྱུའི་སྐོར་གོ་བསྡུར་བྱས་ནས་ཐག་གཅོད་བྱས་པ་རེད། དེས་ན་སྲིད་བློན་ནེ་ཧེ་རུ་སོགས་རྒྱ་གར་གཞུང་གི་དཔོན་རིགས། ཤྲི་མ་ལིས་མཚོན་པའི་རྒྱ་གར་དབུས་ཤེས་རིག་ལས་ཁུངས་ནང་གི་མི་སྣ་ཁག དེ་བཞིན་ང་རང་ཚོ་བོད་སློབ་འཛིན་སྐྱོང་ཚོགས་པའི་ལས་ཀ་བྱེད་མཁན་ཚོ། གང་ལྟར་འདས་པའི་མི་བོད་ཕྲུག་གི་ཤེས་ཡོན་ཐོག་དཀའ་ལས་རྒྱག་མཁན་ཚང་མ་ལ་དེ་རིང་གི་གོ་སྐབས་འདིར་ང་ཚོས་རྗེས་དྲན་བྱེད་རྒྱུ་དང༌། ད་ལྟ་འདིར་དངོས་སུ་ལས་ཀ་བྱས་དང་བྱེད་བཞིན་པའི་སྐུ་ཞབས་དྷ་དྷ་དང༌། དེ་བཞིན་གྱི་དགེ་རྒན་རྣམ་པ་ཁྱེད་རང་ཚོ་ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་ངས་འདྲ་ཆགས་པོ་བྱས་ནས་བཤད་པ་མིན། ད་ལྟ་བཤད་མ་ཐག་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཁྱེད་རང་ཚོ་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད།

སྔ་མོ་ཡིན་ན་ང་ཚོ་བོད་ལུང་པ་འདི་རྒྱ་དཀར་ནག་གཉིས་ཀྱི་བར་ན་གནས་ཡོད། རང་བཞིན་གྱི་མིའི་འགྲོ་སྟངས་ལྟར། ཁྱིམ་མཚེས་ཁག་ནས་ང་ཚོས་མིག་དཔེ་དང་ཉམས་མྱོང་མང་པོ་ཞིག་བླངས་ཡོད་པ་རེད། དེའི་ནང་ནས་གལ་ཆེ་ཤོས་རྒྱ་གར་འཕགས་པའི་ཡུལ་ནས་ནང་པ་སངས་རྒྱས་པའི་ཆོས་གཙོ་བོར་གྱུར་པའི་རིག་གཞུང་ཡག་པོ་མང་པོ་ཞིག་བླངས་ཏེ་སྔ་དུས་ང་ཚོ་བོད་པའི་སློབ་དཔོན་རྒྱ་གར་གྱི་ལུང་པ་འདི་ནས་བྱས་པར་བརྟེན། ང་ཚོ་བོད་པ་ཚོ་རྒྱ་གར་མཁས་པའི་དགེ་ཕྲུག་ཆགས་བསྡད་ཡོད། འདས་པའི་ལོ་རྒྱུས་ནང་ལ་བལྟས་ན་རྒྱ་གར་མཁས་པའི་དྲིན་ལ་བརྟེན་ནས་ང་ཚོ་བོད་མི་རིགས་འདི་གཞི་ནས་ཤེས་ཡོན་ཡོད་པའི་མི་རིགས་ཤིག་ཆགས་ཡོད། མ་གཞི་ང་ཚོ་བོད་མི་རིགས་རང་ཉིད་ལའང་གནའ་རབས་ནས་རིག་གཞུང་ཞིག་ཡོད་ན་ཡང་རྒྱ་གར་ནས་ནང་པ་སངས་རྒྱས་པའི་ཆོས་གཙོ་བོར་གྱུར་པའི་རིག་གཞུང་འདི་བླངས་པར་བརྟེན་ནས་བོད་ཀྱི་རིག་གཞུང་དེ་ཤིན་ཏུ་ཕྱུག་པ་དང༌། ཡར་རྒྱས་སུ་ཕྱིན་ཡོད་པ་རེད།

དེང་དུས་བོད་ལུང་པ་རང་དབང་བྲལ། དཀའ་ངལ་ཆེན་པོ་འཕྲད་པའི་སྐབས་འདིར་ང་ཚོ་བཙན་བྱོལ་བོད་མིའི་ཕྲུ་གུ་རྣམས་ལ་རྒྱ་གར་གྱི་གྲོགས་པོ་ཚོས་གཞི་ནས་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་རོགས་རམ་ཕན་ཐོགས་ཧ་ཅང་ཆེན་པོ་ཞིག་བྱུང་ཡོད་པ་རེད། ང་ཚོ་འདིར་བཙན་བྱོལ་ལ་བསྡད་ནས་ལོ་སུམ་ཅུ་ལྷག་ཙམ་སོང་བའི་རིང་ལ་བོད་པའི་ཕྲུ་གུ་ཁྲི་ཕྲག་ཁ་ཤས་ཤིག་གིས་རྒྱ་གར་ནང་ལ་ཤེས་ཡོན་སྦྱངས་ཡོད། དེང་སང་དངོས་ཡོད་གནས་ཚུལ་ལ་བོད་ནང་རྒྱ་མིས་དབང་བསྒྱུར་བྱས་པའི་འོག་ནས་བོད་པའི་དེང་དུས་ཀྱི་ཤེས་ཡོན་གྱི་གནས་ཚད་དང༌། རྒྱ་གར་ལ་བཙན་བྱོལ་བའི་བོད་མིའི་ཤེས་ཡོན་གྱི་གནས་ཚད་བསྡུར་བ་ཡིན་ན་རྒྱ་གར་ལ་དྲག་པ་མ་གཏོགས་སྐྱོ་བ་མེད་པ་དེང་སང་ཡོངས་གྲགས་རེད། རྒྱ་གར་གྱི་གྲོགས་པོ་ཚོས་སློབ་སྦྱོང་སྤྲད་པའི་དྲིན་གྱིས་རྒྱ་གར་ནང་ལ་སློབ་སྦྱོང་བྱས་ཏེ་ཤེས་ཡོན་གང་ལ་གང་འཚམ་ཡོད། བོད་པའི་ཕྲུ་གུ་ཁྲི་ཕྲག་ཁ་ཤས་ཡོད་པ་འདི་རྣམས་ཀྱིས་མ་འོངས་པ་ལ་བོད་ནང་འཛུགས་སྐྲུན་བྱེད་རྒྱུའི་ཤེས་ཡོན་གྱི་ཐོག་ལ་ཞབས་འདེགས་སྒྲུབ་ཐུབ་པའི་དུས་ཚོད་ཅིག་ཤར་གྱི་རེད་བསམ་པ་དྲན་གྱི་འདུག དེས་ན་ཁྱེད་རང་ཚོ་རྒྱ་གར་གྲོགས་པོ་ཚོས་དངོས་གནས་བྱས་རྗེས་ཆེན་པོ་བཞག་ཡོད།

འཛམ་བུ་གླིང་འདིའི་སྒང་ལ་ལོ་རྒྱུས་ཡུན་རིང་ཡོད་པའི་མི་རིགས་ཤིག་དང༌། ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པའི་མི་རིགས་ཤིག་ཆགས་འཇིག་གི་མཚམས་སུ་སླེབས་པའི་སྐབས་ལ་དེར་མཐུན་རྐྱེན་གྱི་བྱས་རྗེས་འཇོག་མཁན། བོད་པའི་སློབ་གྲྭའི་དགེ་རྒན་གྱི་ལས་འགན་འཁྱེར་ནས་བོད་པའི་ཕྲུ་གུ་ཚོར་སློབ་སྦྱོང་སྤྲད་པ་དེ་འཛམ་བུ་གླིང་འདིའི་ནང་གི་མི་རིགས་ཤིག་འཚོ་ཐུབ་པ་དང༌། མི་རིགས་ཤིག་ཡར་རྒྱས་ཡོང་བའི་ཐོག་ལ་ཕན་ཐོགས་ཡོད་པའི་ཆ་རྐྱེན་སྒྲུབ་ཀྱི་ཡོད་བསམས་པའི་ངོས་འཛིན་བྱ་རྒྱུ་དེ། རྒྱ་གར་དགེ་རྒན་གྲོགས་པོ་ཚོས་མཁྱེན་དགོས་ཀྱི་འདུག འདས་པའི་དུས་ཡུན་ནང་ཁྱེད་རང་ཚོའི་བྱས་རྗེས་ལ་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག་མ་འོངས་པ་ལ་ཡང་དམིགས་ཡུལ་རྒྱ་ཆེན་པོ་ཡོད་པ་འདི་ཁྱེད་རང་ཚོས་བློ་ལ་ཤར་བ་བྱས་ནས་སྔར་བཞིན་དུ་འབད་བརྩོན་བསྐྱེད་རོགས་ཞེས་ཞུ་འདོད་བྱུང༌།

ལྷག་དོན་སྐུ་ཞབས་དྷ་དྷ་ཁྱེད་རང་གིས་ཤེས་རིག་ཚོགས་པའི་དྲུང་ཆེའི་ལས་འགན་བླངས་པ་ནས་མིག་མཐོང་ལག་ཟིན་གྱི་ཡར་རྒྱས་བྱུང་ཡོད་པ་དང༌། དེ་བཞིན་ཁྱེད་རང་ལ་འབྲེལ་ཡོད་བོད་མི་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་པ་དང༌། སློབ་གྲྭ་ཁག་གི་ལས་བྱེད། དེ་མིན་འབྲེལ་ཡོད་མི་སྣ་ཚང་མས་ཁྱེད་རང་གིས་བསམ་པ་རྣམ་དག་གི་ཐོག་ནས་ཁུར་འགན་བཞེས་ཀྱི་འདུག་ཟེར་བ་དང༌། ནུས་པ་ཐོན་པའི་གྲུབ་འབྲས་ཡོང་གི་ཡོད་སྟབས་ངས་དེ་རིང་ཁྱེད་རང་ལ་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུ་འདོད་བྱུང༌།

བོད་ཡིག་དགེ་རྒན་དང། འབྲེལ་ཡོད་ལས་བྱེད་ཚང་མས་སྤྱི་དོན་བསྒྲུབ་བྱའི་དམིགས་ཡུལ་ངོས་ཟིན་པའི་ཐོག་ནས་ཧུར་ཐག་བྱེད་དགོས།

དེ་ནས་ང་རང་ཚོ་བོད་པའི་དགེ་རྒན་ཚོ་དང༌། གཞིས་འགོ་བདེ་དོན་ཚོས་ཤེས་ཡོན་གྱི་ཐོག་ལ་འགན་ཁུར་ཤུགས་ཆེ་ཙམ་ལེན་རྒྱུའི་འཆར་འགོད་གོ་སྒྲིག་བྱས་པ་དེ་ཡག་པོ་བྱུང་འདུག གང་ལྟར་ང་རང་ཚོ་བོད་རིགས་གཞིས་འགོ་བདེ་དོན་དང༌། དགེ་རྒན་ཚོས་རྒྱ་གར་གྱི་དགེ་རྒན་ཚོ་ལས་ལྷག་ཙམ་གྱི་ཁུར་འགན་མང་བ་འཁྱེར་དགོས་པ་དངོས་པོའི་གཤིས་ལུགས་རེད། གང་ཡིན་ཞེ་ན། རང་དོན་རང་གཅེས་བྱེད་དགོས་པའི་གནས་ཚུལ་ཡིན། ད་ཕན་ང་རང་ཚོའི་སློབ་གྲྭ་ཁག་ལ་བོད་རིགས་དགེ་རྒན་ཇེ་མང་དུ་འགྲོ་བཞིན་པ་དང༌། དེ་ཡང་རང་ཉིད་ལ་གཞི་རྩའི་སློབ་སྦྱོང་ཡོད་པའི་ཐོག་ལ་དགེ་རྒན་གྱི་འོས་སྦྱོང་ཐོན་པའི་དགེ་རྒན་ཇེ་མང་འགྲོ་བཞིན་ཡོད་པ་ཡག་པོ་རེད། ཡིན་ནའང་བོད་རིགས་དགེ་རྒན་གྲངས་ཀ་མང་དུ་ཕྱིན་པ་གཅིག་པུར་ངོ་མཚར་ཆེ་རྒྱུ་མེད་པས། དོ་བདག་སོ་སོའི་ངོས་ནས་དངོས་གནས་སེམས་ཁུར་ལེན་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད།

ལས་ཀ་གང་དང་གང་ཡིན་ནའང་རྩ་བ་ལས་རིགས་དེ་གའི་ཉམས་མྱོང་དང་སྦྱོང་བརྡར་གལ་ཆེན་པོ་རེད་ལ། དེ་བས་གལ་ཆེ་ཤོས་ལྷག་བསམ་རེད། སོ་སོའི་བསམ་བློའི་ནང་ནས་ལས་རིགས་ག་རེ་ཡིན་ནའང་རང་ཐོག་ཏུ་བབས་པའི་ལས་འགན་དེ་དགའ་ཞིང་སྤྲོ་བཞིན་ཧུར་ཐག་བྱེད་རྒྱུའི་སེམས་ཤུགས་ཡོད་པའི་ཐོག་ནས་ལས་ཀ་བྱས་པ་ཡིན་ན་ཉམས་མྱོང་ག་ལེ་ག་ལེར་བསག་ཡོང་གི་རེད། མི་ལའང་སྐད་ཆ་འདྲི་རྒྱུ་ཡོང་གི་རེད། འགོ་སྟོད་དེ་ཙམ་མ་ཤེས་པ་ཞིག་ཡིན་ན་ཡང་ལས་ཀ་བྱེད་སེམས་ཡོད་པ་ཡིན་ན་ག་ལེ་ག་ལེར་ཤེས་ཡོང་གི་རེད།

དཔེར་ན་ང་རང་སྒེར་ལ་ཆ་བཞག་ན་ང་ལ་འཛམ་བུ་གླིང་གི་དེང་དུས་ཀྱི་ཤེས་ཡོན་མེད། དེ་བཞིན་ལུང་པ་གཅིག་གི་འགོ་ཁྲིད་བྱེད་རྒྱུའི་སྦྱོང་བརྡར་ཉམས་མྱོང་གང་ཡང་མེད། ལྷག་དོན་ང་ཚོའི་རང་དབང་རྩོད་ལེན་བྱེད་པའི་དོན་དུ་རྒྱ་མིར་ཁ་གཏད་གཅོག་དགོས་ཀྱི་ཡོད། དེ་འདྲའི་ཐོག་ལ་སློབ་སྦྱོང་གང་ཡང་ཡོད་པ་མ་རེད། ཡིན་ནའང་བོད་མི་མང་གིས་ང་ལ་རེ་བ་རྒྱག་གི་ཡོད་པ་དང༌། རང་ངོས་ནས་ཀྱང་སོ་སོར་ལས་ཀྱིས་བཀོད་པའི་འགན་རེད་བསམས་པའི་ཐོག་ནས་ཧུར་ཐག་བྱེད་ཀྱི་ཡོད། རྩ་བ་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་གྱི་དགེ་སློང་ཞིག་ཡིན་པས་དྲང་པོ་དྲང་བཞག་དང༌། བསམ་པ་རྣམ་དག ཕན་སེམས་བྱེད་པ་འདི་ཆོས་ཀྱི་ཉམས་ལེན་ཡིན། ཆབ་སྲིད་ལ་ཐུག་འཕྲད་བྱེད་དུས་སྐབས་རེ་རྩོད་པ་རྒྱག་དགོས་ཀྱང་བསམ་ཚུལ་དེ་དང༌། སོ་སོའི་ལྟ་བ་དེ་གཞི་ལ་བཞག་ནས་རྩོད་པ་རྒྱག་གི་ཡོད། རེ་འདུན་ཡང་བྱེད་ཀྱི་ཡོད། ང་རང་ཚོའི་ལས་བྱེད་པ་ཚོ་ལ་ཡང་བསམ་ཚུལ་དེ་གཞི་ལ་བཞག་ནས་སྐུལ་སློང་དང་རེ་འདུན་འདོན་གྱི་ཡོད། སྐབས་རེར་སྐྱོན་བརྗོད་བྱེད་ཀྱི་ཡོད། གང་ལྟར་ཡང་སྙིང་སོ་སོས་ཞུམ་པ་མེད་པ་ཧུར་ཐག་ངོ་ལྐོག་མེད་པ་ཞིག་བྱེད་བསམས་པའི་ཐོག་ནས་ཨུ་ཚུགས་རྒྱུན་སྲིང་བྱས་ནས་རིམ་པས་མི་ལ་འབྲེལ་བ་བྱེད་སྟངས་ཀྱི་ཉམས་མྱོང་གསོག་གིན་གསོག་གིན་ཤེས་ཡོང་རྒྱུ་འདུག

ལྷག་བསམ་དང་སེམས་ཤུགས་མེད་པ་ཡིན་ན་ཤེས་ཡོན་ག་རེ་ཡོད་ནའང་མི་དེས་ཀོ་ཐག་གློད་ཉེན་ཡོད། ཕན་ཐོགས་ཡོང་རྒྱུ་ཁག་པོ་རེད། ང་རང་གི་ཉམས་མྱོང་གི་ཐོག་ནས་དཔེ་མཚོན་བཤད་པ་ཡིན་ན་དངོས་གནས་གལ་ཆེ་ཤོས་དེ་ལྷག་བསམ་དང༌སེམས་ཤུགས་རེད། ཧུར་ཐག་བྱེད་བསམ་པའི་སེམས་ཤུགས་ཡོད་ན་ཉམས་མྱོང་གསོག་གིན་གསོག་གིན་ལ་ཤེས་ཡོང་གི་རེད། ཁྱེད་རང་ཚོ་བོད་ཡིག་དགེ་རྒན་དང༌། དེ་བཞིན་འབྲེལ་ཡོད་ལས་བྱེད་པ་ཚང་མས་ང་ཚོའི་སྤྱི་དོན་བསྒྲུབ་བྱའི་དམིགས་ཡུལ་ངོས་ཟིན་པའི་ཐོག་ནས་ཧུར་ཐག་བྱེད་རྒྱུ་གལ་ཆེན་པོ་རེད། གང་ལྟར་ང་ཚོ་བོད་པའི་སློབ་གྲྭ་ཁག་དང་འབྲེལ་ཡོད་བོད་རིགས་ཚང་མས་དམིགས་བསལ་གྱི་འགན་ཁུར་ལེན་དགོས།

སྐབས་རེར་བོད་པའི་དགེ་རྒན་ཁ་ཤས་སྤྱི་སེམས་མེད་པའི་སྐྱོ་པོ་དེ་འདྲ་འདུག་ཟེར་བ་དང༌། སློབ་ཕྲུག་ལ་ཤ་ཚ་བའི་ཐོག་ནས་སློབ་སྦྱོང་སྤྲོད་རྒྱུར་དེ་ཙམ་གྱིས་དོ་སྣང་དང་སེམས་ཁུར་མེད་པ་དེ་འདྲ་འདུག་ཅེས་གནས་ཚུལ་གོ་ཡོང་གི་འདུག དེ་སྔ་རྒྱ་གར་བའི་དགེ་རྒན་ནང་ལའང་རེ་ཟུང་རེ་ཟུང་འགན་འཁུར་གྱི་བསམ་པ་མེད་པར་ཕོགས་ཟ་ཐུབ་ཙམ་ཞིག་མ་གཏོགས། ཉི་མ་གང་འཁྱོལ་བྱས་ནས་སྡོད་མཁན་དེ་འདྲ་བྱུང་ཡོད་པ་དང༌། ད་ཆ་བོད་རིགས་དགེ་རྒན་ཚོའི་ནང་ལའང་དེ་འདྲ་ཡོང་གི་འདུག་ཅེས་གནས་ཚུལ་གོ་ཐོས་ཡོང་གི་འདུག དེ་ཚོའི་གྲས་དཔེ་མ་སྲིད་པའི་སེམས་སྐྱོ་པོ་རེད། རྒྱ་གར་དགེ་རྒན་ནང་ལ་རེ་ཟུང་རེ་ཟུང་དེ་འདྲ་ཡོང་བར་ཁག་མི་འདུག ང་རང་ཚོ་བོད་རིགས་ནང་ལ་དེ་འདྲ་ཡོང་གི་འདུག་ཟེར་བ་དེ་བློ་ཡུལ་ལ་མི་ཤོང་བའི་སྐད་ཆ་རེད། ང་རང་ཚོ་སོ་སོའི་ལུང་པ་བྲལ་ཏེ་ཐབས་སྡུག་པོ་འདི་འདྲ་ཞིག་གི་ངང་ལ་གྱར་བསྡད་ཡོད་པའི་སྐབས་སུ་བོད་པ་གཅིག་གིས་བོད་སྤྱིའི་དོན་དག་ལ་སེམས་ཁུར་མེད་པར་ཞེ་ལྷོད་བཏང་ན་ཤིན་ཏུ་ངོ་ཚ་པོ་དང༌། རྒྱུ་འབྲས་ལ་མ་ལྟོས་པའི་ལས་ཀ་རེད། ང་རང་ཚོའི་བོད་རིགས་དགེ་རྒན་ཚོས་རྩ་བ་ལྷག་བསམ་གཡོ་བ་མེད་པ་ཞིག་དང༌། སེམས་ཀྱི་གཏིང་ནས་སེམས་ཐག་ཆོད་པའི་ལས་འགན་འཁྱེར་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་རྩ་དོན་གཅིག་བྱས།

དེང་དུས་ཀྱི་སློབ་ཚན་ཁག་གི་ནང་བོད་སྐད་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་མ་བྱུང་བ་མ་གཏོགས། སྐད་ཡིག་གི་ཐོག་ནས་བསླབ་ཐུབ་པའི་ནུས་པ་ཡོད།

དེ་ནས་ཉེ་བར་ཁ་ཚ་བ་ཞིག་ལ་རིམ་པས་རིམ་པས་སློབ་ཚན་ཁག དཔེར་ན་འཛིན་གྲྭ་ལྔ་པ་བར་དུ་སློབ་ཚན་ཁག་ཡོངས་རྫོགས་བོད་སྐད་ཀྱི་ནང་ནས་སློབ་པའི་ལག་ལེན་བཀལ་ཏེ་འགྲོ་ཐུབ་པ་དང༌། འགྲིགས་ཐག་ཆོད་ཡོང་གི་ཡོད་པ་དེ་ཧ་ཅང་ཡག་པོ་རེད། སྔོན་མ་དྲུག་ཅུ་རེ་གྲངས་ནང་ཤེས་རིག་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་སྐབས་ནས་ང་ཚོས་སྐད་ཆ་བྱུང་ཡོད། དཔེར་ན་ང་རང་སྒེར་གྱི་ངོས་ནས་གཞན་དག་ཉམས་མྱོང་གང་ཡང་མེད་ཀྱང་སྔོན་མ་རྒྱ་ནག་ལ་ཕྱིན་པའི་སྐབས། རྒྱ་མིས་ཡན་ཕན་ཟེར་བ་ཀོ་རི་ཡའི་ས་མཚམས་རེད། ཀོ་རི་ཡའི་མི་རིགས་ཀྱི་རང་སྐྱོང་ཆུང་ཆུང་ཞིག་འདུག དེར་ལྟ་སྐོར་ལ་སླེབས་སྐབས་ཡུ་ནི་བ་སི་ཀྲིའི་(University)རིམ་པ་བར་དུ་སློབ་ཚན་ཚང་མ་ཀོ་རི་ཡའི་སྐད་ཡིག་ཐོག་ནས་སློབ་ཀྱི་ཡོད་པ་ཞིག་དེ་དུས་དོ་སྣང་བྱུང༌།

ང་རང་ཚོ་བོད་པ་ལ་ཆ་བཞག་ན་རྩ་བའི་བོད་སྐད་འདི་སྐྱོ་པོ་གཏན་ནས་མིན། དཔེར་ན། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ལ་ལེགས་སྦྱར་གྱི་སྐད་དེ་གནའ་བོའི་སྐད་ཡིག་རྙིང་ཤོས་ཤིག་དང༌། སྐད་ཡིག་ཕྱུག་པོ་ཞིག་ཏུ་བརྩི་བཞིན་ཡོད། སྐད་ཡིག་ཕྱུག་པོར་བརྩིས་པ་དེའི་ཐོག་ནས་བཤད་པའི་ནང་པའི་ལྟ་བ་དང༌། གྲུབ་མཐའི་སྐོར་ཡོངས་སུ་རྫོགས་པ་བོད་སྐད་ཀྱི་ནང་ནས་བཤད་ཐུབ་ཀྱི་ཡོད། འཛམ་བུ་གླིང་འདིའི་སྒང་ལ་ཡི་གེ་རྙིང་ཤོས་ཀྱི་གྲས་བཅུ་གྲངས་ཤིག་ཡོད་པའི་ནང་ལ་བོད་པའི་ཡི་གེ་འདི་ཡང་བགྲང་གི་འདུག རྩ་བའི་ཆ་ནས་ང་རང་ཚོ་བོད་པའི་སྐད་ཡིག་ཕྱུག་པོ་ཡིན་པ་གསལ་པོ་རེད། དེང་དུས་ཀྱི་སློབ་ཚན་རིགས་ཁག་མང་པོ་ཞིག་གི་ནང་ལ་བོད་པའི་སྐད་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་མ་བྱུང་བས་ཡར་རྒྱས་མ་ཕྱིན་པར་བསྡད་པ་མ་གཏོགས། རྩ་བ་བོད་པའི་སྐད་ཡིག་གི་ཐོག་ནས་དེང་དུས་ཀྱི་སློབ་ཚན་ག་རེ་ཡིན་ནའང་བསླབ་ཐུབ་པའི་ནུས་པ་ཡོད་པར་དེ་དུས་ནས་ངས་ཡིད་ཆེས་བྱས་ཏེ་འབད་རྩོལ་བྱས་པ་རེད། ཡིན་ན་ཡང་སྐབས་དེར་མི་ཁག་གཅིག་གི་བསམ་ཚུལ་ལ་དེ་ཁག་པོ་བྱས་མི་ཡོང་ངམ། ཕབ་སྒྱུར་གྲ་འགྲིགས་པོ་མ་བྱུང་ན་རྩ་བའི་ཤེས་ཡོན་ཐོག་ལ་འཐུས་ཤོར་ཕྱིན་མི་ཡོང་ངམ་ཞེས་དེ་མུར་སྤྱི་ས་བར་ས་བྱས་ནས་ལུས་པ་རེད། ད་ཆ་འདི་ལོ་བུ་གསོ་ཁང་གི་ཁོངས་ནས་ལག་ལེན་བཀལ་བ་དང༌། ང་ཚོའི་སློབ་གྲྭ་ཡོངས་རྫོགས་ལ་འཛིན་གྲྭ་གང་ལ་གང་འཚམ་བར་དུ་བོད་སྐད་ཀྱི་ཐོག་ནས་སློབ་ཚན་ཆ་ཚང་བསླབ་རྒྱུའི་འཆར་གཞི་ཡོད་པ་འདི་ང་ཚོ་སྤོབས་པ་སྐྱེས་འོས་པ་ཞིག་རེད། ཡག་པོ་བྱུང་འདུག གང་ལྟར་ལས་ཀ་འདི་བྱེད་དགོས་ངེས་ཅན་ཞིག་རེད།

ང་ཚོ་འདིར་བཙན་བྱོལ་བ་བྱས་ནས་རྒྱ་གར་ནང་མི་ཚེ་བསྐྱལ་རྒྱུའི་དོན་དག་མ་རེད། ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་བ་ཡིན་སྟབས་ཐོག་མ་ནས་འགྱེལ་ས་ནས་ལངས་ཐུབ་པ་དམིགས་ཡུལ་དུ་བཟུང་ཡོད་པར་བརྟེན། ང་རང་ཚོའི་བོད་པའི་སྐད་ཡིག་འདི་ཕྱུག་པོ་བཟོ་རྒྱུ་དང༌། བོད་པའི་སྐད་ཡིག་གི་ཐོག་ནས་ལས་རིགས་ཆ་ཚང་བྱེད་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད། རྒྱ་གར་ནང་ལ་མི་ཚེ་སྐྱེལ་མཁན་ཞིག་ཡིན་ན་མཐའ་གཅིག་ཏུ་བོད་པའི་སྐད་ཡིག་ཐོག་ཤུགས་རྒྱག་དགོས་དོན་མེད་ན་ཡང༌། ང་ཚོ་འགྱེལ་ས་ནས་ལང་རྒྱུའི་དམིགས་ཡུལ་ཡོད་པ་ཡིན་སྟབས་བོད་པའི་སྐད་ཡིག་ཡོན་ཏན་ཐོག་ཤུགས་རྒྱག་རྒྱུ་དཔེ་མ་སྲིད་པའི་གལ་ཆེན་པོ་ཆགས་ཡོད།

ཨིན་ཇི། ཧིན་དི། དེ་མིན་གྱི་སྐད་ཡིག་འདྲ་མི་འདྲ་དེ་ཚོའི་གྲས་སྐད་ཡིག་དེ་ག་སློབ་སྦྱོང་བྱེད་པ་མ་གཏོགས། སློབ་ཚན་གཞན་དག་ཚང་མ་སོ་སོའི་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་སྦྱོང་བྱེད་ཐུབ་པ་ཞིག་ངེས་པར་དུ་དགོས་ཀྱི་འདུག དེ་བྱུང་ན་བོད་པའི་སྐད་ཡིག་ཡར་རྒྱས་འགྲོ་གི་རེད། དེས་བོད་པའི་རིག་གཞུང་ལ་ཕན་གྱི་རེད། བོད་པའི་རྣམ་པ་ཟིན་རྒྱུ་ལ་དེས་ཕན་གྱི་རེད། བོད་པའི་སྐད་ཡིག་ཡར་རྒྱས་མ་བཏང་བར་ཟ་སྐད་འཐུང་སྐད་ཙམ་མ་གཏོགས་གཞན་དག་ལས་དོན་འགངས་ཆེ་བ་ཚོ་སྐད་ཡིག་གཞན་དག་བེད་སྤྱོད་བྱས་ན་མ་གཏོགས་བོད་པའི་སྐད་ཡིག་གིས་མ་འདང་བར་བསྡད་ན་ཧ་ཅང་ངོ་ཚ་པོ་རེད་ལ། བོད་པའི་སྐད་ཡིག་རང་ཤུགས་ཀྱིས་འཐུས་ཤོར་འགྲོ་གི་རེད། དངོས་ཡོད་གནས་ཚུལ་ལ་བོད་སྐད་མ་འདང་བ་ཞིག་གི་གནས་ཚུལ་མུ་མཐུད་བསྡད་པ་ཡིན་ན་བོད་པའི་རིག་གཞུང་རྩ་བ་ཆེན་པོ་རེད། ཅེས་ང་ཚོས་ག་ཚོད་བཤད་ན་ཡང་དེ་ཙམ་གྱིས་ནུས་པ་ཐོན་ཐུབ་ཀྱི་མ་རེད། དེ་འདྲའི་རྒྱུ་མཚན་གྱི་ཐོག་ནས་ང་ཚོ་བོད་པའི་དགེ་རྒན་ཚོར་དམིགས་བསལ་གྱི་ལས་འགན་ཆེན་པོ་སླེབས་ཡོང་གི་ཡོད་པ་རེད། ཤེས་སོང་ངམ། སློབ་ཚན་ཚང་མ་བོད་པའི་སྐད་ཡིག་གི་ནང་ནས་བསླབ་དགོས་པར་བརྟེན་བོད་པའི་དགེ་རྒན་རྣམས་ནས་དམིགས་བསལ་གྱི་དོ་ཁུར་ཆེར་བསྐྱེད་བྱ་རྒྱུ་དེ་གལ་ཆེན་པོ་འདུག

ཕ་མ་ཚོས་རང་དོན་རང་གཅེས་ཀྱིས་བོད་པའི་ཕྲུ་གུའི་ཤེས་ཡོན་གྱི་ཐོག་ལ་དོ་སྣང་བྱ་དགོས།

གཞིས་འགོ་བདེ་དོན་ཁག་ནས་ཀྱང་ཁུར་མཉམ་ལེན་བྱས་ན། ས་གནས་ས་ཐོག་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོང་རྒྱུ་རེད། ཁྱེད་རང་གཞིས་འགོ་བདེ་དོན་ཚོ་ལ་ཡང་འགན་འཁྲི་ཡོད་པ་ལྟར། དགེ་སྐྱོན་གང་ནས་ཡོང་གི་འདུག འཐུས་ཤོར་སའི་གཞི་ག་རེ་འདུག དམིགས་བསལ་གྱི་དོ་སྣང་རྒྱུན་དུ་བྱས་ཏེ་འཐུས་ཤོར་གྱི་འདུག་ན་རྒྱབ་བཤད་མ་ཡིན་པར་ས་གནས་ས་ཐོག་རང་ནས་སེལ་ཐབས་སྐབས་འཕྲལ་བྱེད་དགོས། ཕ་མ་ཚོར་ཡང་བོད་པའི་ཕྲུ་གུའི་ཤེས་ཡོན་གྱི་ཐོག་དོ་སྣང་རང་དོན་རང་གཅེས་ཀྱི་བྱེད་དགོས་ཞེས་འབོད་སྐུལ་བྱེད་འདོད་བྱུང༌།

ཕ་མ་རིགས་ཤིག་གིས་ཕྲུ་གུ་འཛིན་གྲྭ་གང་འཚམ་སོན་རྗེས་སློབ་མཇུག་མ་བསྐྱལ་བར་ཁྱིམ་ཚང་ནང་ལ་ཉར་བ་དང། ཡང་སྐབས་རེ་ཕར་ཚུར་གཉེན་སྒྲིག་བྱེད་རྒྱུར་བྲེལ་བ་བྱས་ནས་སློབ་གྲྭ་མཚམས་འཇོག་བྱེད་པ་དེ་ཚོའི་གྲས་བློ་ཕམ་གྱི་རང་བཞིན་རེད། ང་ཚོ་འདིར་ཆ་རྐྱེན་བཟང་ངན་ལ་མ་ལྟོས་པའི་སློབ་སྦྱོང་བྱེད་སའི་གོ་སྐབས་འདི་འདྲ་ཞིག་ཡོད་པའི་སྐབས་འདི་ཆུད་ཟོས་བཏང་ན་ཕྱིན་ཆད་འགྱོད་པའི་རང་བཞིན་དང། སོ་སོ་སྒེར་དང་བོད་སྤྱི་པའི་དོན་དག་གང་སར་འཐུས་ཤོར་འགྲོ་གཞི་བྱེད་ཀྱི་ཡོད། ཕར་ཙམ་དེར་རྒྱ་མིས་བོད་དབང་ནས་ཡོད་པའི་གནས་ཚུལ་འདིའི་འོག་ལ་བོད་ནང་ཤེས་ཡོན་འཐུས་ཤོར་འགྲོ་གི་འདུག་ཅེས་ང་ཚོས་སྐད་རྒྱག་གི་ཡོད། ཚུར་ཕྱོགས་འདིར་ང་ཚོར་སློབ་སྦྱོང་གི་གོ་སྐབས་ཡོད་ཀྱིན་ཡོད་ཀྱིན་ལ་སོ་སོས་དང་དུ་བླངས་ནས་གོ་སྐབས་དེ་ཆུད་ཟོས་བཏང་ན་དཔེ་མ་སྲིད་པའི་ཐབས་སྐྱོ་པོ་རེད། དེས་ན་ཕ་མ་ཚོ་དང། ཁྱིམ་ཚང་གི་གཉེན་འབྲེལ་ཚང་མས་ཕྲུ་གུ་ན་གཞོན་ཚོའི་སློབ་སྦྱོང་ཐོག་ལ་ཁུར་མཉམ་ལེན་བྱེད་རྒྱུ་གལ་ཆེན་པོ་འདུག

ཆོས་དགེ་ཞེས་ཟུར་གསལ་གྱི་མིང་ཞིག་བཏགས་པ་དེ་འདོན་ཁ་ཁྲལ་བསླབ་རྒྱུའི་དོན་དག་རྩ་བ་ཉིད་ནས་མ་རེད།

དེ་ནས་རྩ་བའི་རིག་གཞུང་གི་ཐོག་ནས་བོད་པའི་རྣམ་པ་ཟིན་ཐུབ་པའི་དོན་དུ་ཐོག་མར་དྲུག་ཅུ་རེ་གྲངས་ནང་ང་ཚོས་སློབ་གྲྭ་འགོ་འཛུགས་སྐབས་དམིགས་བསལ་ཆོས་དགེ་ཞེས་ཟུར་གསལ་གྱི་མིང་ཞིག་བཏགས་པ་རེད། དེའི་དགོས་པ་འདོན་ཁ་ཁྲལ་བསླབ་རྒྱུའི་དོན་དག་རྩ་བ་ཉིད་ནས་མ་རེད། བོད་ཀྱི་རིག་གཞུང་ངོ་སྤྲོད་དང༌། སློབ་སྦྱོང་སྤྲོད་རྒྱུའི་ཆེད་དུ་རེད།

དཔེར་ན། བོད་ལ་ཉེ་དུས་བོད་པའི་སློབ་གྲྭ་ཁ་ཤས་ཀྱི་ནང་ལ་བོད་ཀྱི་ནང་པའི་ཆོས་ཀྱི་ཚད་མ་རིག་པ་སློབ་ཀྱི་ཡོད་པ་རེད། ཚད་མ་རིག་པ་སློབ་པ་ལ་ཆོས་ཀྱི་ངོས་འཛིན་བྱས་པ་མ་རེད། ང་ཚོའི་སློབ་གྲྭ་ཁག་གི་ནང་ལ་ནང་པའི་གཞུང་གི་ཚད་མ་རིག་པའི་སྐོར་སློབ་སྦྱོང་བྱེད་རྒྱུས་མཚོན་པས་དེ་འདྲའི་ཐོག་ལ་དོ་སྣང་ཆེ་ཙམ་བྱེད་དགོས་ཀྱི་འདུག ཆོས་དགེར་མིང་འདོགས་ཕྱོགས་ཀྱང་གང་འདྲ་ཞིག་དགའ་བ་ཡོད་དམ། གྲྭ་ས་ཁག་ནས་ནང་དོན་རིག་པ། ཚད་མ་རིག་པ་དེ་ཚོའི་ཐོག་ལ་སློབ་སྦྱོང་ཡག་པོ་ཡོད་མཁན་དེ་འདྲ་རིམ་པས་བཀོད་སྒྲིག་བྱས་ཏེ་སློབ་གྲྭའི་ནང་དགེ་རྒན་དེ་འདྲ་བྱུང་བ་ཡིན་ན་ཕལ་ཆེར་ཡག་པོ་ཡོང་རྒྱུ་རེད།

མིང་ཆོས་དགེ་བཏགས་མ་བཏགས་གང་ལྟར་ཡང་རྡོ་དོན་ཡང་སྙིང་བོད་པའི་རིག་གཞུང་གི་ནང་དོན་ངོ་སྤྲོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག སློབ་གྲྭའི་ནང་ལ་ཕྲུ་གུ་ཚོས་སྔ་དགོང་འདོན་པ་བཏོན་པ་འདི་ཙམ་ཞིག་གིས་ནང་པའི་ཆོས་ཤེས་ཀྱི་ཡོད་པ་དང༌། ནང་པའི་ཆོས་ཀྱི་སློབ་སྦྱོང་དེས་གོ་ཆོད་པ་རྩ་བ་ཉིད་ནས་མ་རེད། ཁ་ནས་ཤོ་ལོ་ཀ་བརྒྱ་ཕྲག་སྟོང་ཕྲག་སྐྱོར་རྒྱུ་ཡོད་ནའང་བསམ་བློའི་ནང་ལ་གོ་བ་མ་ཆགས་ན་སྐད་འཁོར་གྱི་སྒྲ་ལྟ་བུ་མ་གཏོགས་ཕན་ཐོགས་གང་ཡང་མེད། ནང་པའི་ཆོས་གཙོ་བོར་གྱུར་པའི་བོད་ཀྱི་རིག་གཞུང་སྐོར་ལ་ངོ་སྤྲོད་བྱེད་ཐུབ་མཁན་དེ་དགོས་གལ་ཆེན་པོ་འདུག དེ་ཡང་གྲྭ་སའི་ནང་ནས་སློབ་གཉེར་བྱས་པ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ། མདོར་ན་བོན་དང་བཅས་པ་དེ་འདྲའི་ནང་ནས་བྱུང་བ་ཡིན་ན་ཕན་ཐོགས་ཆེ་བ་ཡོང་གི་རེད་བསམ་པ་དྲན་གྱི་འདུག

ཆོས་བྱེད་དང་མི་བྱེད་སོ་སོའི་རང་དབང་རེད། ཡ་རབས་སྤྱོད་བཟང་བྱས་དང་མ་བྱས་རང་དབང་རེད་ལབ་ན་ཧ་ཅང་ཐལ་བ་ཡིན།

ངས་མ་གཞི་ཕྱི་རྒྱལ་ཚོར་དེ་ལྟར་བཤད་ཀྱི་ཡོད། ཡ་རབས་སྤྱོད་བཟང་ཟེར་བ་འདི་ཆོས་ཀྱི་གནས་ལུགས་གཅིག་པུ་མིན། ཡ་རབས་སྤྱོད་བཟང་ཡོང་བ་ལ་ཆོས་ལུགས་གཙོ་ཆེ་བ་ཁག་ཚང་མས་ནན་བཤད་བྱེད་ཀྱི་ཡོད་པ་དང༌། མིའི་ཡ་རབས་སྤྱོད་བཟང་འཕེལ་རྒྱས་འགྲོ་བ་ལ་ཆོས་ལུགས་ཁག་གིས་ཕན་ཐོགས་ཏན་ཏན་ཡོད་པ་རེད། ཆོས་ལུགས་ཁག་གིས་མི་བཟང་པོ་ཞིག་ཡོང་བའི་དམིགས་ཡུལ་བཟུང་གི་ཡོད་ནའང་ཡ་རབས་སྤྱོད་བཟང་གི་ལྟ་བ་ཉམས་སུ་ལེན་པ་ལ་ཆོས་པ་ཞིག་ཡིན་དགོས་པའི་ངེས་པ་མེད། ཆོས་མེད་མཁན་གྱི་མི་ཡ་རབས་སྤྱོད་བཟང་ཡོད་པ་ཞིག་ཡོང་ཐུབ་ཀྱི་རེད། ཆོས་བྱེད་དང་མ་བྱེད་ཟེར་བ་དེ་སྒེར་པ་སོ་སོའི་རང་དབང་རེད། སྒེར་པ་སོ་སོའི་བསམ་ཚུལ་རེད། ཡིན་ནའང་རང་ཉིད་མི་ཞིག་ཡིན་པའི་རྒྱུ་མཚན་གྱི་ཐོག་ནས་ཡ་རབས་སྤྱོད་བཟང་ངེས་པར་དུ་དགོས་པ་ཞིག་རེད། ཡ་རབས་སྤྱོད་བཟང་བྱེད་དང་མ་བྱེད་རང་དབང་རེད་ཅེས་བརྗོད་ན་ཧ་ཅང་ཐལ་བ་ཡིན།

མི་བསད་དང་མ་གསད་སོ་སོའི་རང་དབང་རེད། རྐུན་མ་བརྐུས་དང་མ་བརྐུ་སོ་སོའི་རང་དབང་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད། མི་བསད་པ་དང༌། རྐུན་མ་རྐུ་བ་དང༌། རྫུན་བཤད་པ་དང༌། ལོག་གཡེམ་བྱེད་པ་སོགས་བྱུང་ན་སྤྱི་ཚོགས་ནང་ལ་འཁྲུགས་རྐྱེན་ཡོང་གི་ཡོད་པའི་རྒྱུ་མཚན་གྱིས་ཆོས་མེད་ནའང༌། དེ་ཚོ་བྱས་ཆོག་གི་མ་རེད་ཅེས་ཟེར་གྱི་ཡོད་པ་རེད། དཔེ་དེ་བཞིན་དུ་ཡ་རབས་སྤྱོད་བཟང་མེད་ན་མི་སྒེར་པ་སོ་སོ་ཡིན་ནའང་སྐྱིད་པ་ལ་བལྟ་རྒྱུ་མེད། ཁྱིམ་ཚང་ནང་ལ་ཡིན་ནའང་བག་ཕེབས་པ་ལ་བལྟ་རྒྱུ་མེད་ཅིང། སྤྱི་ཚོགས་ནང་ལ་ཡིནའང་ཕན་ཐོགས་མེད་པ་ཞིག་ཆགས་ཀྱི་ཡོད། ཡ་རབས་སྤྱོད་བཟང་ཟེར་བ་འདི་སྤྱི་སྒེར་ཚང་མར་ཕན་ཐོགས་ཡོད་པའི་རང་བཞིན་ཅན་ཞིག་ཡིན་སྟབས་ཡ་རབས་སྤྱོད་བཟང་དང་བྲལ་ནས་མ་རབས་ཀྱིས་སྤྱོད་ངན་བྱས་ན་སྤྱི་སྒེར་ཚང་མར་གནོད་ཀྱི་ཡོད། དེས་ན་མི་ཞིག་ཡིན་ཕྱིན་ཆད་ལ་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་ངེས་པར་དུ་བྱེད་དགོས་ཀྱི་རེད་ཅེས་བརྗོད་ཐུབ་པ་ལྟར་ངས་ཕྱི་རྒྱལ་བ་ཚོར་དེ་འདྲ་བཤད་ཀྱི་ཡོད།

བོད་པ་ཚོས་ཀྱང་དེ་ལྟར་བསམ་བློ་གཏོང་དགོས་ཀྱི་མེད་དམ་བསམས་ཀྱི་འདུག སློབ་གྲྭའི་ནང་ལ་ཆོས་དགེ་ཚོས་སློབ་སྦྱོང་སྤྲོད་སའི་ཕྲུ་གུ་དེ་ཚོ་ཆོས་པ་བཟོ་དགོས་པ་དང༌། ནང་པ་བཟོ་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། ཆོས་དགེ་དེ་སོ་སོས་ནང་པའི་གཞུང་སྦྱངས་ནས་ཡོང་པ་ཡིན་ནའང་འདྲ། ཡེ་ཤུའི་ཆོས་སྦྱངས་ནས་ཡོང་པ་ཡིན་ནའང་འདྲ། སོ་སོས་གཞུང་སྦྱངས་པ་དེའི་ཐོག་ནས་སྤྱི་ཚོགས་ནང་ཡ་རབས་སྤྱོད་བཟང་ཡོང་བ་ལ་ཞབས་འདེགས་གང་འདྲ་བྱས་ནས་བསྒྲུབ་ཐུབ་ཀྱི་འདུག་གམ། ཕན་ཐོགས་གང་འདྲ་བྱས་ནས་བྱེད་ཐུབ་ཀྱི་འདུག་གམ། དེ་ལ་བསམ་བློ་གཏོང་རྒྱུ་མ་གཏོགས་སོ་སོ་ཡིད་ཆེས་ཡོད་སའི་ཆོས་དེ་ལ་ཕྲུ་གུ་ཚོས་ཡིད་ཆེས་བྱེད་དགོས་ཞེས་བརྗོད་ཐུབ་ཀྱི་མ་རེད།

ཆོས་དགེ་ཚོས་མ་འོངས་པ་ལ་སློབ་ཕྲུག་ཚོ་ཡ་རབས་སྤྱོད་བཟང་ལྡན་པའི་མི་བཟང་པོ་ཞིག་ཡོང་བའི་དམིགས་ཡུལ་ཟིན་ནས་དེའི་ཐོག་ལ་ཆོས་ཕྱོགས་ཀྱི་བསླབ་བྱ་བརྒྱབ་ནས་འབྲེལ་ཡོད་ལ་ཕན་ཐོགས་པ་ཞིག་ཡོང་གི་འདུག་ན་ཆོས་ཕྱོགས་ཀྱི་ཐོག་ནས་བསླབ། སྤྱིར་བཏང་འཛམ་བུ་གླིང་གི་ལོ་རྒྱུས་ཀྱི་ནང་ནས་བཤད་ནས་ཕན་ཐོགས་པ་འདུག་ན་འཛམ་བུ་གླིང་གི་ལོ་རྒྱུས་ཀྱི་ཐོག་ནས་བགྲངས། ཁྱིམ་ཚང་གཅིག་གི་གནས་ཚུལ་གྱི་འོག་ནས་འགྲེལ་བཤད་བརྒྱབ་ནས་ཐུབ་པ་ཞིག་འདུག་ན་དེ་ནས་འགྲེལ་བཤད་བརྒྱབ་སྟེ། དོན་སྙིང་སོ་སོས་སློབ་སྦྱོང་སྤྲོད་སའི་ཕྲུ་གུ་འདི་ཚོ་ཕྱིན་ཆད་མི་ཚེ་གང་པོ་མི་བཟང་པོ་ཞིག་ཡོང་བ་དང༌། ཅི་ཙམ་གྱི་ཤེས་ཡོན་ཡོད་པ་དེ་ཙམ་གྱིས་སྤྱི་ཚོགས་ནང་ལ་ཕན་ཐོགས་ཡོང་ཐུབ་པ་ཞིག་བཟོ་རྒྱུ་དེ་ལས་འགན་ཡིན་པ་ལས། ནང་པ་མང་དུ་གཏོང་རྒྱུའི་ལས་འགན་མ་རེད། ཆོས་པ་མང་དུ་གཏོང་རྒྱུའི་ལས་འགན་མ་རེད། ང་ཚོས་དེ་ལྟར་དབྱེ་འབྱེད་ཅིག་བྱས་ན་གནད་འགག་ཅིག་མཐོང་གི་འདུག

ཕྱི་རྒྱལ་ལུང་པ་ཁ་ཤས་ནང་ལ་ཡ་རབས་སྤྱོད་བཟང་དང༌། བྱམས་པ་དང་སྙིང་རྗེ་ཞེས་བརྗོད་པ་ཡིན་ན། དེ་ཆོས་ཀྱི་བསླབ་བྱ་ལྟ་བུར་མཐོང་སྟེ་ཆོས་ལ་དོ་སྣང་མེད་མཁན་ཚོས་དེ་ལ་སྣང་ཆུང་བྱེད་ཀྱི་ཡོད། དེའི་འབྲས་བུ་ལ་མི་ཁོ་རང་བྱམས་སྙིང་རྗེས་ཕོངས་པའི་མི་ཞིག་ཆགས། དེས་རང་སྐྱིད་པ་ལ་བལྟ་རྒྱུ་མེད་ལ། སྤྱི་ཚོགས་ནང་ལའང་ཕན་ཐོགས་མེད་པ། གང་ལྟར་མདའ་དཀྲུགས་ཕུ་དཀྲུགས་བྱེད་མཁན་གྱི་མི་ཞིག་ཆགས་པའི་རྩ་བ་རྐྱེན་རྩ་བྱམས་སྙིང་རྗེའི་ཚོར་སྣང་གིས་ཕོངས་པའི་གནས་ཚུལ་ཡིན་པ་གསལ་པོ་རེད།

དཔེར་ན་ཨ་མི་རི་ཀའི་ལུང་པ་ལ་བཞག་ན། ཧ་ལས་པའི་དངོས་པོ་ཡར་རྒྱས་ཕྱིན་པའི་ལུང་པ་རེད། སྤྱི་ཚོགས་ནང་ལ་རང་དབང་དང་མང་གཙོ་ཟེར་བ་དངོས་གནས་ཧ་ལས་པ་ཡོད་ནའང་མ་རབས་ཀྱི་བསམ་བློ་དང༌། རང་གཅེས་འཛིན་ཁོ་ན་མ་གཏོགས་མེད་པའི་སྤྱི་ཚོགས་ཤིག་ཆགས་པ་ཡིན་ན་དེའི་ནང་སྒྲིག་དང་ཁྲིམས་ཟེར་བ་ཧ་ཅང་ཁག་པོ་ཆགས་ཀྱི་ཡོད། སྒྲིག་དང་ཁྲིམས་ཟེར་བ་དེ་སྐྱེ་བོ་རང་ཉིད་ཀྱི་བསམ་བློའི་ནང་ནས་རང་ཁྲིམས་རང་སྲུང་དགོས་པ་ལས། སོ་སོའི་བསམ་བློའི་ནང་ནས་ཡ་རབས་སྤྱོད་བཟང་གི་བསམ་ཚུལ་གཞི་ལ་བཞག་པའི་སྒྲིག་ཁྲིམས་ལྡན་པ་ཞིག་མ་བྱུང་ན་ཕྱི་ལོགས་ནས་སྐོར་སྲུང་བས་རྟག་པར་མེ་མདའ་འཁྱེར་ནས་སྒྲིག་ཁྲིམས་སྲུང་དགོས་བྱུང་ན་ཁག་པོ་རེད། དངོས་གནས་ནུས་པ་ཐོན་པའི་སྒྲིག་ཁྲིམས་ལྡན་པའི་སྤྱི་ཚོགས་ཤིག་ཡོང་བ་ལ་བསམ་བློ་ནང་ནས་དུལ་ཞིང་ཡ་རབས་སྤྱོད་བཟང་ལ་དངོས་གནས་སོ་སོའི་སྲོག་བཞིན་རྩ་ཆེར་འཛིན་པའི་སྤྱི་ཚོགས་ཤིག་བྱུང་བ་ཡིན་ན་སྒྲིག་ཁྲིམས་རང་བཞིན་གྱིས་ཡོང་གི་རེད། མི་གསོད་ཁྲག་སྦྱོར་ཡོང་གི་མ་རེད།

དེང་སང་ཨ་རི་དང༌། ཡུ་རོབ་དེ་ཚོའི་ནང་ལ་དཔེར་ན་ཕྲུ་གུ་ལོ་ཆུང་དེ་འདྲས་མེ་མདའ་བརྒྱབ་ནས་ཕྲུ་གུ་གསོད་རེས་གཏོང་བ་དེ་འདྲ་ཡོང་གི་ཡོད་པ་རེད། ཤིན་ཏུ་ཐབས་སྡུག་རེད། དེ་ལྟར་ན་མི་ཞིག་ཡིན་ཕྱིན་ཆད་ལ་ངེས་པར་དུ་ཡ་རབས་སྤྱོད་བཟང་དགོས་པར་ཨུ་ཚུགས་རྒྱག་དགོས། ཡིན་ནའང་མི་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཆོས་བྱེད་དགོས་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད།

ཕྱིན་ཆད་ཆོས་དགེ་ཚོ་ཡིན་ནའང་རེད། དགེ་རྒན་མི་རེ་ངོ་རེ་ཡིན་ནའང་རུང་འདོན་པ་ཞིག་བསླབས་ཏེ་ཕྲུ་གུས་ཁ་འདོན་ཤོ་ལོ་ཀ་གཅིག་གཉིས་འདོན་ཤེས་པ་དེས་ཆོས་བསླབ་པའི་འཐུས་སྒོ་ཚང་བའི་ངོས་འཛིན་བྱས་ན་ནོར་འཁྲུལ་རེད། ཕྲུ་གུས་འདོན་པ་སྐྱོར་ཤེས་རུང་མ་ཤེས་རུང་མིའི་གཤིས་ཀ་ལ་ཕན་སེམས་ཡོད་མཁན་ཞིག་དང༌། ལྷག་བསམ་ཡོད་པ་ཞིག་བཟོ་ཐུབ་ན་འགྲིགས་པ་རེད། འདོན་པ་ཤེས་དགོས་པ་མ་རེད། འདོན་པ་མང་པོ་འདོན་རྒྱུ་ཡོད་ཀྱང་བསམ་བློ་མ་རུངས་ཁོག་བཅུག་བྱས་ན་དགོས་པ་ཅི་ཡང་མེད།

ད་དུང་གཞུང་ཆེན་སློབ་མཁན་དེ་ཚོའི་གྲས་ཀྱིས་གཞུང་གི་རྩ་བ་བློ་འཛིན་བྱེད་རྒྱུ་ནི་གནས་ཚུལ་ཁག་ཁག་རེད། གཞུང་གི་རྩ་བ་བློ་འཛིན་བྱས་ཏེ་འགོ་སྟོད་ཤེས་ཀྱི་མེད་ཀྱང་ག་ལེ་ག་ལེར་གཞུང་སྦྱངས་པའི་མཚམས་སྔར་བློ་འཛིན་བྱས་པའི་རྩ་ཚིག་དེས་དྲན་གསོ་གཏོང་རྒྱུར་ཧ་ཅང་ཕན་ཐོགས་ཡོད། དེ་ནི་གནས་ཚུལ་ཐ་དད་ཡིན། དེ་མིན་ཆོས་སྤྱོད་འདོན་ཁ་ཁྲལ་བློ་འཛིན་བྱས་པ་དེ་ཚོ་ཕན་ཐོགས་དེ་ཙམ་ཞིག་ཡིན། རིམ་པས་བོད་ཀྱི་ཆོས་དང༌། རིག་གཞུང་གི་སློབ་གསོ་སྤྲོད་མཁན་ཚོས་བསམ་ཚུལ་འདིའི་དམིགས་ཡུལ་དང༌། དམིགས་ཡུལ་དེ་འགྲུབ་ཐབས་ཚང་མའི་སེམས་ལ་གསལ་པོ་ངེས་དགོས་རྒྱུ་གནད་འགག་ཆགས་ཀྱི་འདུག

ང་ཚོའི་ཁྱད་ནོར་དང༌གཅེས་ནོར་གཤིས་ཀ་ཡག་པོ་ཉམས་འགྲོ་བ་འདི་ཛ་དྲག་གི་གནས་ཚུལ་རེད།

དེ་ནས་ང་ཚོའི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་བའི་རྒྱུན་འཛིན་བྱེད་རྒྱུའི་འགན་གཙོ་བོ་ཞིག་ཁྱིམ་ཚང་ནང་ལ་སླེབས་ཀྱི་མེད་དམ་བསམ་གྱི་འདུག དཔེར་ན། ཁྱིམ་ཚང་བཟང་པོའི་ནང་གི་ཕྲུ་གུ་དེས་སྐད་ཆ་བཤད་དུས་ཀྱང་ཡ་རབས་པོ་དང༌། གུས་ཞབས་བྱེད་སྟངས་དེ་ཚོའི་གྲས་རང་བཞིན་གྱིས་ཕྲུ་གུ་དེའི་གཤིས་ཀ་ལ་འཇགས་པ་དང༌། ཡང་ཕྲུ་གུ་ཆུང་ཆུང་སྐབས་ནས་བུ་གསོ་ཁང་གི་ཁྱིམ་ཚང་ཚོའི་ནང་ལ་སླེབས། ཁྱིམ་ཚང་གིས་ཕ་མ་ཚོས་ཀྱང་ཡ་རབས་བྱེད་སྟངས་དེ་ཚོའི་གྲས་ལ་དོ་སྣང་མེད་པའམ། གང་ལྟར་ཡང་ཕྲུ་གུ་ཚོས་སྐད་ཆ་ཤོད་སྟངས་ཡག་པོ་མི་ཤེས་པ་འདི་གྲས་ཕྲུ་གུ་ལ་ཁག་ཡོད་པ་མ་རེད། ཆུང་ཆུང་སྐབས་སུ་ཡ་རབས་པོ་དང༌། ཞི་དུལ་གྱི་མིག་དཔེ་བལྟ་ས་མེད་པ་དང༌། བསམ་བློའི་ནང་ལ་ཚིག་གིས་ངོ་སྤྲོད་མཁན་མེད་པ། བཟང་པོའི་གོམས་གཤིས་འཇགས་པའི་གོ་སྐབས་མ་བྱུང་སྟབས། དེ་རྗེས་སློབ་གྲྭའི་ནང་དང༌། སློབ་གྲྭ་ཐོན་པའི་སྐབས་སུ་ཡང༌། ཀུན་སྤྱོད་ཡག་པོ་མ་ཤེས་པའི་བཟོ་འདྲ་ཞིག་ཡོང་གི་ཡོད་འདུག

དེང་སང་འཛམ་བུ་གླིང་འདིའི་སྒང་ལ་ཡོངས་གྲགས་བཤད་རྒྱུན་ལ། ཕྲུ་གུ་ཆུང་དུས་ཕ་མའི་བྱམས་སྐྱོང་མྱོང་མཁན་གྱི་ཕྲུ་གུ་དེ་ག་རེ་བྱས་ནའང་ཡ་རབས་པ་དང༌། སྤྱོད་པ་ཡག་པ། རང་ཉིད་ཕྲུ་གུ་ཆུང་ཆུང་སྐབས་ཕ་མས་བྱམས་བརྩེས་བསྐྱངས་པའི་ཚོར་བ་ཤུགས་ཆེན་པོ་ཡོད་པའི་དབང་གིས་མི་གཞན་ལ་ཡང་བྱམས་བརྩེ་བྱེད་ཤེས་མཁན་ཞིག་དང༌། ཕྲུ་གུ་ཆུང་ཆུང་སྐབས་ཕ་མ་དང་ཁ་བྲལ་བའམ། ཡང་ན་མ་ཤི་ཙམ་གྱི་ལྟོ་ཆས་སྤྲད་པ་མ་གཏོགས་བྱམས་བརྩེའི་སྐྱོང་འཁུར་གནས་ཚུལ་མ་མྱོང་བའི་ཕྲུ་གུ་འདི་ཚོའི་གྲས་རིམ་པས་རིམ་པས་བསམ་བློ་ཡང་འཁྲུག་བསྡད་པ་ལྟ་བུ། ལུས་པོ་ཡང་འཚར་ལོངས་ཡོང་དཀའ་བ། ལྷག་དོན་ཕྲུ་གུ་འདི་ཚོའི་གྲས་རིམ་པས་མི་རྒན་ཆགས་ཏེ་སྤྱི་ཚོགས་ནང་ལ་མི་ཚེ་གཞི་ནས་འགོ་ཚུགས་པའི་སྐབས་སུ་རང་ཉིད་བྱམས་བརྩེའི་ཚོར་བ་མ་མྱོང་བའི་དབང་གིས་གཞན་ལ་བྱམས་བརྩེ་ཟེར་བ་དེ་བསྟན་མ་ཤེས་པ། མི་ཞིག་ཐུག་ནའང་ལམ་སང་དེར་དོགས་པ་བྱེད་དགོས་པ་འདྲ་པོ། མ་དགའ་བ་བྱེད་དགོས་པའི་བཟོ་འདྲ་པོ། མི་ནང་ཚགས་ཤིག་ཐུག་ན་ཡང་ཁ་གཏད་གཅོག་སའི་རྣམ་པ་འདྲ་པོ་ཞིག་ཤར་བ་མ་གཏོགས་དེ་ལ་ཡིད་ཆེས་མི་བྱེད་མཁན། བྱམས་བརྩེའི་ཚོར་སྣང་གི་འོག་ནས་མིའི་སྤྱི་ཚོགས་འཚོ་དགོས་ཀྱི་ཡོད་པ་དེ་མ་ཤེས་མཁན་ཞིག་ཆགས་ཀྱི་ཡོད་འདུག།

དེང་སང་འཛམ་བུ་གླིང་གི་ནུབ་ཕྱོགས་ཚན་རིག་པ་དེ་འདྲའི་ཐོག་ལ་བརྟག་དཔྱད་བྱེད་མཁན་མི་མང་པོས་དེ་འདྲ་ཟེར་གྱི་འདུག་པས་ཁྱིམ་ཚང་ནང་ནས་ཡ་རབས་སྤྱོད་བཟང་དང༌། ཞི་དུལ་བག་ཡོད་བསླབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག གཏན་འཇགས་སློབ་གྲྭ་ལས་ཀྱང་ཉིན་མོའི་སློབ་གྲྭ་དེ་ཚོའི་གྲས་ཚགས་ཚུད་ཡག་པོ་ཞིག་བྱུང་བ་ཡིན་ན། སྔ་དགོང་སོ་སོའི་ཁྱིམ་ཚང་ནང་ལ་ཕ་མ་ཚོ་དང༌། ནང་མི་རྒན་པ་ཚོ་དང་མཉམ་དུ་བསྡད་ནས་བྱམས་བརྩེའི་ཚོར་བ་དང༌། ཡ་རབས་བཟང་སྤྱོད་སོགས་བོད་པའི་གོམས་གཤིས་ཆ་ཚང་འཇགས་པ་ཞིག་བྱས། ཉིན་མོའི་རིང་སློབ་གྲྭའི་ནང་ལ་སློབ་སྦྱོང་ཆ་ཚང་བྱེད་རྒྱུ་ཡོད་པ་ཞིག་བྱུང་བ་ཡིན་ན་དགེ་མཚན་ཞིག་ཕལ་ཆེར་ཡོད་འདུག།

ཕྲུ་གུ་ཆུང་ཆུང་སྐབས་ཁྱིམ་ཚང་ཕ་མ་ཚོ་དང་ཁ་བྲལ་ཏེ་སློབ་གྲྭ་འགྲིམས་པའི་དུས་སུ་དགེ་རྒན་ཚོས་ཕ་མའི་ཚབ་བྱས་ཏེ་ཕྲུ་གུ་ལ་སློབ་སྦྱོང་སྤྲོད་པ་དང་ཆབས་ཅིག་ཕྲུ་གུའི་མི་ཚེའི་འགན་ཁུར་དེ་ཡིན་གཅིག་མིན་གཅིག་དགེ་རྒན་ཚོས་བླངས་དགོས་པ་རེད། དགེ་རྒན་ཚོས་འཛིན་གྲྭའི་ནང་ལ་ཕྲུ་གུར་སློབ་སྦྱོང་སྤྲོད་པའི་སྐབས་སུ་དགེ་རྒན་རང་གི་ངོས་ནས་ཕྲུ་གུར་རྣམ་འགྱུར་སྟོན་སྟངས། སྐད་ཆ་བཤད་སྟངས། འཛིན་གྲྭ་ཡར་ཚོགས་ཡོང་དུས་ཕྲུ་གུར་དང་པོ་འཚམས་འདྲི་བྱེད་སྟངས། འཛིན་གྲྭ་གྲོལ་ཏེ་ཁ་གྱེས་ནས་འགྲོ་དུས་ཕྲུ་གུར་རྣམ་འགྱུར་སྟོན་སྟངས་འདི་ཚོའི་གྲས་ཤིན་ཏུ་གལ་ཆེན་པོ་མིན་ནམ་བསམ་གྱི་འདུག

དགེ་རྒན་གདོང་ནས་གད་མོ་བགད་རྒྱུ་མེད་མཁན། རྟག་པར་རླུང་ལངས་པའི་གདོང་ཞིག་བསྟན། ཕྲུ་གུར་སེམས་ཁུར་གང་ཡང་མེད་མཁན། དེའི་ཐོག་ལ་སློབ་སྦྱོང་དེ་ཡང་འཐུས་སྒོ་ཚང་བ་ཞིག་མ་སྤྲད་པ་ཡིན་ན་ཤིན་ཏུ་ཐབས་སྡུག་རེད། དེར་བརྟེན། དགེ་རྒན་ཚོས་འཛིན་གྲྭའི་ནང་ལ་ཕྲུ་གུར་ཡ་རབས་དང་བྱམས་བརྩེ་ཟེར་བ་དེ་ཁ་ནས་ངོ་སྤྲོད་པ་ཙམ་མ་ཡིན་པར་སོ་སོའི་གཤིས་ཀའི་རྣམ་འགྱུར་སྟོན་སྟངས་ཀྱི་ཐོག་ནས་ཕྲུ་གུའི་བསམ་བློའི་ནང་ལ་འཇགས་ཐུབ་པ་ཞིག་དང་ངོ་སྤྲོད་ཐུབ་པ་གཅིག་བྱས། ཁྱིམ་ཚང་ནང་དུ་སྡོད་སྐབས་ཕ་མ་དང་གཉེན་འབྲེལ་ཚོས་ཀྱང་ཡ་རབས་བྱམས་བརྩེའི་ཚོར་བ་རྒྱུན་དུ་བསམ་བློའི་ནང་ལ་འཇགས་ཐུབ་པ་ཞིག་བྱས་པ་ཡིན་ན། ང་ཚོའི་མ་འོངས་པའི་མི་རབས་འདི་དངོས་གནས་བོད་པའི་མཚན་ཉིད་ཡོངས་སུ་རྫོགས་པ་ཞིག་ཡོང་ཐུབ་པའི་རེ་བ་ཡོད་པ་རེད། དེ་འདྲ་ཞིག་མ་བྱུང་ན་ཁག་པོ་རེད།

དེང་སང་བོད་ནས་གསར་དུ་རྒྱ་གར་ལ་ཡོང་མཁན་སྤྱི་ཡོངས་རྣམས་དངོས་གནས་རང་ཕྱག་འཚལ་འོས་པ་རེད། དགྲ་བོའི་རྩེ་གྲིའི་ཁ་འོག་ལ་གདོང་ལེན་བྱས་ནས་སྡོད་མཁན། དངོས་གནས་དྲང་གནས་ཀྱི་ཧ་ལས་པ་ཞིག་རེད། ཡིན་ནའང་རེ་ཟུང་རེ་ཟུང་གི་བྱ་སྤྱོད་བར་ལམ་ང་ཚོ་ཚང་མས་མཐོང་གསལ་དེ་རེད། སྤྲོ་ཐུང་ཐུང༌། ཕྲན་བུ་ཞིག་མ་འགྲིག་ན་ལམ་སང་གྲིའི་མགོ་ལ་ལག་པ་འཆང་མཁན་དེ་འདྲ་བྱུང༌། བར་ལམ་འདས་པའི་ལོ་གསུམ་བཞི་ཞིག་གི་ནང་ལ་དྷ་རམ་ས་ལར་མི་གཅིག་བསད་པ་རེད། ལྡི་ལི་ལ་གཅིག་བསད་པ་རེད་ཟེར་བ། སྦིར་ལ་རྒྱག་རེས་བརྒྱབ་པ་དེ་འདྲ་བྱུང་བ་རེད། དེ་ཚོའི་གྲས་བོད་པའི་གཤིས་ཀ་སྡུག་ཏུ་སྡུག་ཏུ་འགྲོ་གི་ཡོད་པའི་རྟགས་མཚན་གསལ་པོ་རེད།

དེ་བཞིན་སློབ་གྲྭ་ཁག་གི་དགེ་རྒན་དེ་འདྲ་ཁ་ཤས་ཀྱིས་བོད་པའི་ཕྲུ་གུ་ཚོའི་མི་ཐོག་བརྗེ་འགྲོ་དུས་གཤིས་ཀ་སྡུག་ཏུ་འགྲོ་གི་ཡོད་པའི་བཟོ་འདུག་ཅེས་དེ་འདྲ་ང་ལ་ཟེར་མཁན་བྱུང༌། འདི་ཚོའི་གྲས་དཔེ་མ་སྲིད་པའི་ཛ་དྲག་གི་གནས་ཚུལ་དང༌། འགན་ལྗིད་པོའི་གནས་ཚུལ་རེད། ད་ལྟ་བར་དུ་ང་རང་ཚོས་བོད་པའི་རིག་གཞུང་ཡག་པོ་ཡོད། བོད་པའི་གཤིས་ཀ་ཡག་པོ་ཡོད་ཅེས་ང་ཚོས་སྤོབས་པ་བྱས་ནས་བཤད་ཐུབ་ཀྱི་ཡོད། དེ་ནི་རྒྱ་མི་གུང་ཁྲན་གྱིས་སོ་སོར་མེད་པར་ཡོད་ཅེས་ལབ་པ་དེ་འདྲ་མིན། བོད་པའི་གཤིས་ཀ་ཡག་པོ་འདུག བོད་པའི་གཤིས་ཀ་དེ་མི་འདྲ་བ་ཞིག་འདུག་ཅེས་མི་གཞན་དག་གིས་ང་ཚོར་ཚུར་བཤད་ཀྱི་ཡོད་པ་ད་ལྟ་བར་དུ་དེ་ལྟར་བྱུང་བ་རེད། ད་ལྟ་བར་དུ་བོད་པའི་གཤིས་ཀ་ཡག་པོ་ཡོད་པ་འདི་ང་ཚོའི་ཁྱད་ནོར་ཞིག་དང༌། གཅེས་ནོར་ཡིན་པ་རེད། དེ་ཉམས་འགྲོ་གི་འདུག་ཟེར་བ་འདི་ཛ་དྲག་གི་གནས་ཚུལ་རེད་བསམས་ཀྱི་འདུག

འདི་ཚོའི་ཐོག་ལ་ཚང་མས་དམིགས་བསལ་གྱི་དོ་སྣང་དང༌། སྐྱོན་གང་ནས་ཤོར་གྱི་འདུག་གམ། ན་ཚ་ཡོང་སའི་གཞི་མ་དེ་རྩད་བཅད་དེ་དེའི་ཐོག་ལ་དམིགས་བསལ་གྱི་དོ་སྣང་དང༌། ཁུར་ལེན་བྱེད་དགོས་ཀྱི་འདུག གཞན་དག་སྐོར་ང་ལས་ཁྱེད་རང་ཚོ་རྒྱུས་ཡོད་ཆེ་བ་ཆགས་བསྡད་ཡོད། ཤེས་ཡོན་གྱི་ཐོག་ལ་ག་ཚོད་མིན་ཟེར་ཡང་ལོ་ནས་ལོ་བསྟུད་ནས་ཉམས་མྱོང་བསགས་ཡོད། དངོས་ཡོད་གནས་ཚུལ་དེ་ཁྱེད་རང་ཚོས་མཐོང་གི་ཡོད་པ་རེད། རྡོ་དོན་ངས་ལབ་པ་དེ་བསྒྲུབ་ཐུབ་པ་བྱེད་རྒྱུ་དེ་ཁྱེད་རང་ཚོའི་ལག་པར་ཡོད།

དེ་སྔ་ལྔ་བཅུ་ང་དགུ་དྲུག་ཅུ་ཐམ་པ་དེ་ཚོའི་སྐབས་ལ་ལས་བྱེད་སྤྱི་བྱིངས་ཕར་ཚུར་མང་པོ་འགྲོ་ཐུབ་ཀྱི་མེད་པ་དང༌། དེ་ཙམ་ཤེས་ཀྱི་ཡོད་པ་མ་རེད། དེའི་སྐབས་ལ་ང་ཕྲན་བུའི་མཐོང་རྒྱ་ཐོས་རྒྱ་ཆེ་བ་ཡོད་པའི་ཁུལ་གྱིས་གནས་ལུགས་མང་པོ་ཞིག་བཤད་དགོས་ཀྱི་ཡོད་པ་རེད། དེ་ངའི་ལས་འགན་རེད་བསམ་པ་དྲན་གྱི་ཡོད། དེང་སང་གི་དུས་ཚོད་ཁྱེད་རང་ཚོས་མ་ཤེས་པའི་ཉེས་པ་ཕལ་ཆེར་མཐོང་གི་མི་འདུག ཚང་མས་ཤེས་ཀྱི་ཡོད་པ་རེད། ལས་རིགས་མང་པོའི་ནང་ལ་ང་ལས་ཁྱེད་རང་ཚོས་མང་བ་ཤེས་ཀྱི་ཡོད་པ་རེད། ད་ཆ་ལག་ལེན་བྱས་དང་མ་བྱས། སྙུགས་སྲིང་ནས་མཐའ་ལ་བཀར་མ་བཀར་དེ་ཁྱེད་རང་ཚོའི་ལག་པར་ཡོད། ང་ཚོའི་རྩ་དོན་འགན་ཆེན་པོ་འདིའི་སྒང་ལ་ཐུག་གི་ཡོད་པ་དང༌། མཇིང་པའི་སྒང་ལ་རྡོག་ཁྲེས་ཆེན་པོ་ཞིག་ཡོད། རྩ་བའི་ངོ་བོ་དེ་རླབས་ཆེན་ཡིན་པས། ཆོས་ཀྱི་ཐོག་ནས་བཤད་ན་དངོས་གནས་བསོད་ནམས་ཆེན་པོ་གསོག་པའི་བྱ་བ་ཡིན། འཇིག་རྟེན་གྱི་ཐོག་ནས་བཤད་པ་ཡིན་ནའང་མི་རིགས་ཤིག་སྐྱོབ་པའི་དུས་ཚོད་ལ་སླེབས་ཡོད།

འཛམ་བུ་གླིང་འདིའི་སྒང་ལ་མ་འོངས་པར་ཕན་ཐོགས་བྱེད་ཐུབ་པའི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་གནས་ཚུལ་རེད། འཕྲལ་དུ་ཡིན་ན་ཡང་བོད་ལུང་པ་བཙན་ཟོས་བྱེད་མཁན་གྱི་རྒྱ་མི་ལ་ཁ་གཏད་གཅོག་དགོས་ཡོད་པ་རེད།

ཕན་ཐོགས་པའི་ཀུན་སློང་གི་ཐོག་ནས་འཐབ་རྩོད་བྱས་ན་ཚུར་ལའང་རང་བཞིན་གྱིས་ཤ་ཚ་ཞིག་སླེབས་ཡོང་བ་མིའི་ཆོས་ཉིད་རེད།

དེ་ཡང་རྣམ་དཔྱོད་ལྡན་པ་དང༌། བྱམས་བརྩེའི་བསམ་པ་མ་བརླག་པའི་ཐོག་ནས་རྒྱ་མིར་ཁ་གཏད་གཅོག་དགོས་པ་མ་གཏོགས་ཤེས་ཡོན་མེད་ན་རྒྱ་མིར་ཁ་གཏད་གཅོག་མི་ཐུབ། མེས་མེ་གསོད་ཐུབ་ཀྱི་མ་རེད། མེ་ཆུས་གསོད་དགོས་པ་རེད། དཔེ་དེ་བཞིན་དུ་ཕ་རོལ་པོའི་ངོས་ནས་ང་རང་ཚོ་ལ་བསམ་གནག་དང༌། གནོད་སེམས། ཕྲག་དོག་དང༌། འདོད་རྔམ་དེ་འདྲས་ཀུན་ནས་བསླངས་ཏེ་ང་ཚོའི་སྒང་ལ་ཚུར་བཙན་དབང་མནར་གཅོད་གཏོང་གི་ཡོད་ན་ཡང༌། ང་ཚོའི་ཕྱོགས་ནས་རྣམ་དཔྱོད་ལྡན་པ། བྱམས་བརྩེ། ལྷག་བསམ། ཕན་སེམས། བཟོད་བསྲན་ལྡན་པ་བཅས་ཀྱི་སྒོ་ནས་རྒྱ་མི་ལ་ཁ་གཏད་གཅོག་དགོས། རྒྱ་མིའི་ནང་ནས་ང་ཚོ་བོད་པ་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ཇེ་མང་དུ་འཕེལ་བཞིན་ཡོད།

དཔེར་ན། ཁྱེད་རང་ཚོས་གཅིག་བྱས་ན་ཤེས་ཀྱི་ཡོད་འགྲོ། ཉེ་ཆར་ཧྲང་ཧད་ཁུལ་ནས་རྒྱ་མི་ཤེས་ཡོན་ཅན་དང༌། དེ་ག་ནང་བཞིན་གྱི་བཟོ་པ་དེ་འདྲ་ཡང་ཡོད་པ་རེད། མི་ལྔ་བཅུ་ང་བཞིའི་ས་ཡིག་བརྒྱབ་ནས་རྒྱ་ནག་དབུས་གཞུང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཇའོ་ཧྲི་ལ་ཡི་གེ་ཞིག་ཁ་སང་ཟླ་༣ ཚེས་༣ ལ་སྤྲད་འདུག ཡི་གེ་དེའི་ནང་ལ་དོན་ཚན་བཅུ་དགུ་ཡོད་པ་དང༌། དོན་ཚན་༡༥ པ་དེ་རྒྱ་ནག་གི་ས་ཁུལ་ཁག་ལ་ཡོད་པའི་གྲངས་ཉུང་མི་རིགས་ཁག་ལ་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་པ་དང༌། ལྷག་པར་དུ་ཡང་བོད་ནང་ལ་ཁ་ཡོད་ལག་ཡོད་ཀྱི་རང་སྐྱོང་མིང་དོན་མཚུངས་པ་ཞིག་ངེས་པར་དུ་དགོས་ཀྱི་རེད། དེའི་དོན་དག་ལ་ཏཱ་ལའི་བླ་མ་ལ་ཐད་ཀར་འབྲེལ་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་རྒྱ་ནག་ནང་ལ་ཡོད་པའི་ཤེས་ཡོན་ཅན་ཟེར་བའམ། གང་ལྟར་རང་དབང་མང་གཙོའི་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་གཅིག་གིས་ཡི་གེ་དེ་འདྲ་བྲིས་འདུག

ང་ཚོས་རྒྱ་མི་ལ་མཐའ་གཅིག་ཏུ་དགྲ་དགྲ་ནག་ལ་བརྩིས། ཕན་སེམས་དང་སྙིང་རྗེའི་བསམ་པ་ཏིལ་འབྲུ་ཙམ་མེད་པའི་ཐོག་ནས་འཐབ་རྩོད་བྱས་པ་ཡིན་ན་གནས་ཚུལ་འདི་རིགས་ཡོང་གི་མ་རེད་བསམ་གྱི་འདུག ང་ཚོས་རྒྱ་མི་ལ་ཡང་གྲོགས་པོའི་འདུ་ཤེས་བཞག མ་འོངས་པར་རྒྱ་མི་ལ་ང་ཚོས་ཕན་ཐོགས་བྱེད་བསམ་པའི་ཀུན་སློང་གི་ཐོག་ནས་འཐབ་རྩོད་བྱས་ན་ཚུར་ལའང་རང་བཞིན་གྱིས་ཤ་ཚ་ཞིག་སླེབས་ཡོང་བ་མིའི་ཆོས་ཉིད་རེད། མི་སྡུག་པ་ཁ་ཤས་ནི་གནས་ཚུལ་ཁག་ཁག་རེད་མ་གཏོགས། སྤྱི་ཡོངས་ཀྱི་མི་ལ་ཕར་ཡག་པོ་བྱས་ན་ཕལ་མོ་ཆེས་ཚུར་ཡག་པོ་བྱེད་ཀྱི་རེད།

ང་རང་ཚོའི་ངོས་ནས་ད་ལྟ་བར་དུ་རྒྱ་མི་ལ་ཁ་གཏད་གཅོག་སྟངས་དེ་དེ་འདྲ་ཞིག་གི་འོག་ནས་ཁ་གཏད་གཅོག་གི་ཡོད་དུས་ད་ལྟ་རྒྱ་མིའི་ངོས་ནས་ང་ཚོར་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དང༌། ཤ་ཚ་ཡོད་མཁན་མང་དུ་འགྲོ་བཞིན་ཡོད། ང་ཚོས་རྒྱ་མི་ལ་ཁ་གཏད་གཅོག་སྟངས་དེ་རྣམ་དཔྱོད་ལྡན་པ། ཤེས་ཡོན་ལྷག་བསམ་ཚང་མ་ཟུང་དུ་འབྲེལ་བའི་སྒོ་ནས་ཁ་གཏད་གཅོག་དགོས། སྤྱི་སྒེར། ཕྱོགས་གང་ནས་བལྟས་པ་ཡིན་ན་ཡང༌། ང་རང་ཚོའི་སློབ་སྦྱོང་སྤྲོད་སྟངས་དེ་ཚོ་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཁྱེད་རང་ཚོ་གོ་སྐབས་ཤིན་ཏུ་རྩ་ཆེའི་སྒང་ལ་སླེབས་བསྡད་ཡོད། གོ་སྐབས་ཡག་པོ་དེ་དངོས་གནས་ཡར་རྒྱས་ཀྱི་ནུས་པ་ཐོན་པའམ། ཉམས་ཆག་ཏུ་གཏོང། དེ་སོ་སོའི་ལག་པར་ཡོད་པ་རེད། ཤེས་སོང་ངམ། ཚང་མས་ཧུར་ཐག་བྱེད་དགོས། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ་ཞེས་བཀའ་སྩལ།། །།