པདྨ་ལྷུན་འགྲུབ།
སྐུ་ཡི་འཛུམ་མདངས་ཕྱོགས་ཀུན་འཕྲོས་པས་འགྲོ་བའི་སྡུག་བསྔལ་སེལ་མཛད་ཅིང་།།
གསུང་དབྱངས་བདུད་རྩི་རྟག་ཏུ་སྩོལ་བའི་འདི་ཕྱིའི་ལམ་སྟོན་སྒྲོན་མེ་མཆོག
ཐུགས་ཀྱི་བྱམས་བརྩེ་ཀུན་ལ་སྙོམ་ཞིང་འགྲོ་བའི་སྐྱབས་མཆོག་བླ་ན་མེད།།
འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དམ་པ་༸གོང་ས་མཆོག་ལ་གུས་ཕྱག་འཚལ།།
༡། བརྗོད་གཞི་ངོ་སྤྲོད།
དེ་ཡང་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཆོས་སྲིད་ཀྱི་མཛད་པ་སྐྱོང་སྐབས་བོད་ལ་ཡི་གེ་མེད་སྟབས་གནད་དོན་གང་ཅིའི་ཐད་སྐུ་ངལ་འཕྲད་པས། ཐོན་མི་སམ་བྷོ་ཊ་དང་བོད་ཕྲུག་བཅུ་དྲུག་ཙམ་རྒྱ་གར་དུ་ཤེས་ཡོན་བསླབས་པར་བརྫངས། དེའི་ནང་ནས་ཐོན་མི་སམ་བྷོ་ཊས་དཀའ་སྤྱད་ཀྱི་སྙིང་རུས་ཁྱད་དུ་བསད་དེ། བོད་དུ་ཕྱིར་ལོག་གིས་བོད་ཡིག་གསར་གཏོད་མཛད་པ་ནི་ཆེས་རླབས་ཆེན་གྱི་མཛད་རྗེས་ལ་བརྟེན། ཁོང་ནི་མཛངས་པའི་མི་བདུན་གྱི་བཞི་པ་རུ་གྲགས། དེ་ནས་ཁོང་གིས་རིམ་བཞིན་སྒྲའི་བསྟན་བཅོས་བརྒྱད་མཛད་དེ་མདོ་རྒྱུད་བསྟན་བཅོས་ཉི་ཤུ་རྩ་གཅིག་བོད་སྐད་དུ་བསྒྱུར། དེ་རྗེས་ཆོས་སྲིད་ཀྱི་མཛད་རྗེས་གང་ལ་ཡང་སྟབས་བདེ་བར་གྱུར་ནས་རྒྱལ་པོའི་མངའ་ཐང་རྒྱས། ཆོས་སྲིད་ཀྱི་བྱ་བ་རླབས་ཆེན་མཛད་པ་ནི་རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ལ་བརྟེན་ནས་བྱུང་བ་ཡིན། དུས་དེ་ནས་བཟུང་ད་ལྟའི་བར་དུ་བོད་ཀྱི་སྐད་ཡིག་ལ་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་ཀྱང་། གཞི་རྩ་ཐོན་མིས་མཛད་པའི་སྐད་ཡིག་ནི་དེང་གི་བར་དུ་གནས་དང་གནས་མུས་ཡིན་ཞིང་རང་རེ་བོད་མི་སྤྱི་དང་འཛམ་གླིང་ཤར་ནུབ་ཀུན་ལ་ཡང་ཕན་ཐོགས་འགངས་ཆེ་ཡོང་བཞིན་པར་བརྟེན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པ་ནི་གལ་ཆེན་ནང་གི་གནད་དོན་ཞིག་ཆགས་ཡོད།
༢། སྐད་ཡིག་གི་ཁྱད་ཆོས།
བོད་ཀྱི་སྐད་ཡིག་ཅེས་པ་ནི། དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ལ་བརྟེན་པའི་ལུང་དུ་སྟོན་པའི་རྣམ་གཞག་གི་རིག་པ་ཞིག་ཡིན། དེས་བོད་སྐད་ཀྱི་འགྲོ་སྟངས་ཡོངས་སུ་རྫོགས་པར་སྟོན་ཐུབ་ཀྱི་ཡོད་ལ། དབྱངས་བཞི་དང་གསལ་བྱེད་སུམ་ཅུ་པོའི་ཁུངས་ནི་རྒྱ་གར་གྱི་ཡི་གེ་ལ་དཔེ་བླངས་ནས་རང་རེའི་སྐད་དང་འཚམ་པར་གཏན་འབེབས་གནང་ཡོད། བོད་ཀྱི་སྐད་གདངས་མཚོན་པར་བྱེད་པའི་ཡི་གེ་ལ་གཙོ་བོ་དབུ་ཅན་དབུ་མེད་གཉིས་སུ་ངེས་ཤིང་། དེ་གཉིས་ལ་ཡང་བོད་མིའི་རྣམ་དཔྱོད་ཀྱི་རྩལ་དང་བསྟུན་ནས་ཡིག་གཟུགས་འདྲ་མིན་གྱི་བྱུང་རིམ་ཁ་གསལ་ཡོད།
སྐད་ཡིག་གཅིག་གྱུར་གྱི་རང་བཞིན། སྤྱིར་རྒྱལ་ཁབ་འདྲ་མིན་དང་བྱེ་བྲག་ཏུ་འོ་ཅག་རྣམསའཚོ་གནས་བྱེད་བཞིན་པའི་རྒྱ་གར་གྱི་རྒྱལ་ཁབ་ལ་མཚོན་ནའང་། གནས་ཡུལ་མངའ་སྡེ་སོ་སོར་སྐད་ཡིག་རེ་དང་མངའ་སྡེ་གཅིག་ཏུའང་སྐད་ཡིག་འདྲ་མིན་སྤྱོད་བཞིན་པར་བརྟེན། སྐད་ཡིག་གཅིག་གྱུར་མེད་སྟབས་ཡུལ་མི་ཚོ་རང་གི་རྒྱལ་ཁབ་ནང་ཕར་འགྲོ་ཚུར་འོང་གི་དུས་སུ་སྐད་བརྡ་མ་འཕྲོད་པའི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད། འོན་ཀྱང་བོད་ཀྱི་སྐད་ཡིག་ལ་མཚོན་ན་སྐད་གདངས་ཕྲན་བུ་རེ་མི་འདྲ་བ་ཡོད་ནའང་བོད་ཀྱི་ཡི་གེ་ནི་དབུས་གཙང་དང་། མདོ་སྟོད། མདོ་སྨད་གང་དུ་ཕྱིན་ཀྱང་ཡི་གེ་མ་ཤེས་ན་མ་གཏོགས་དེ་མིན་ཡི་གེ་གཅིག་གྱུར་རང་བཞིན་ལ་བརྟེན་ནས་ཡི་གེ་ཀློག་འདོན་བྱེད་པ་ལ་དཀའ་ངལ་ཕྲ་མོ་ཙམ་ཡང་འཕྲད་ཀྱི་མེད་པ་ནི་བོད་ཀྱི་ཡི་གེའི་ཁྱད་ཆོས་བླ་ན་མེད་ཅིང་ངོམས་སུ་ཆོག་པའི་བློ་བསྐྱེད་འོས་པའི་བརྒྱུད་ལམ་གྱི་མ་ཕྱི་ལྟ་བུ་ཞིག་ཏུ་གྱུར་ཡོད།
རྡོག་རྩ་ཆིག་སྒྲིལ་གྱི་ནུས་པ་དང་ལྡན་པ། སྐད་ཡིག་གཅིག་གྱུར་གྱི་རང་བཞིན་ལ་བརྟེན་ནས་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་གྱི་ནུས་པ་སྲ་བརྟན་ཡོང་རྒྱུར་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད། དཔེར་ན། དུས་ཚོད་གཅིག་ལ་ས་གནས་གཅིག་ཏུ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་གསུམ་ལྷན་འཛོམས་སྐབས། སྐད་ཀྱི་སྒྲ་གདངས་ཀྱི་ཆ་ནས་ཕན་ཚུན་གོ་བརྡ་མ་འཕྲོད་པའི་དཀའ་ངལ་ཕྲན་བུ་རེ་ཡོང་སྲིད་ཀྱང་། བོད་ཀྱི་ཡིག་གཟུགས་གཅིག་གྱུར་ལ་བརྟེན་བོད་མི་གསུམ་པོ་དེ་ལ་ཁ་འདོན་དཔེ་ཆ་ལྟ་བུ་གཅིག་ལས་མེད་ཀྱང་རེས་མོས་ཀྱིས་གསུམ་ཀས་ཀློག་འདོན་ཐུབ་པ་དང་སྐད་གདངས་ཕྲན་བུ་ཙམ་མ་གཏོགས་དེ་མིན་ཕན་ཚུན་སྐད་བརྡ་འཕྲོད་པར་བརྟེན། མི་རིགས་གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་བཟུང་ཐུབ་ཀྱི་ཡོད།
བོད་ཀྱི་སྐད་ཡིག་གི་ཆེས་མངོན་གསལ་དོད་པའི་ཁྱད་ཆོས་བླ་ན་མེད་པ་ནི། སྔོན་བྱོན་རྒྱལ་བློན་དང་། ལོ་པཎ་རྣམས་ཀྱི་དཀའ་སྤྱད་དྲག་པོའི་སྙིང་རུས་ཉག་ཅིག་ལ་བརྟེན་ནས་ལེགས་སྦྱར་གྱི་སྐད་ཡིག་ཕུད། དེ་མིན་འཛམ་གླིང་ཧྲིལ་པོའི་སྐད་ཡིག་གང་གིས་ཀྱང་དོ་ཟླ་གཏན་ནས་མེད་པར་མདོ་སྔགས་ཟུང་དུ་འབྲེལ་བའི་གནད་དོན་ཚང་ལ་མ་ནོར་བར་སྟོན་ཐུབ་པ་ནི་བོད་ཀྱི་སྐད་ཡིག་ཁོ་ན་ཡིན། ལེགས་སྦྱར་གྱི་སྐད་ཡིག་གི་ལམ་ནས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་སྟོན་ཐུབ་ཀྱང་། ད་ལྟའི་སྐབས་སུ་ལེགས་སྦྱར་གྱི་སྐད་ཡིག་ནི་མཁས་དབང་འགའ་ཞིག་གི་སྤྱོད་ཡུལ་ལྟ་བུར་གྱུར་ཡོད། འོན་ཀྱང་བོད་ཀྱི་སྐད་ཡིག་གི་གནས་བབ་ནི་ཇེ་བཟང་ཇེ་ལེགས་སུ་འགྲོ་བཞིན་པར་བརྟེན། དེང་གི་འཛམ་གླིང་ཧྲིལ་པོའི་ནང་དར་ཁྱབ་ཤིན་ཏུ་ཆེ་བ་དང་། ནང་ཆོས་སུ་གཏོགས་པའི་མདོ་སྔགས་ཀྱི་ཆོས་ཚུལ་དྲི་མ་མེད་པ་རྣམས་ཆེས་གསལ་ལ་མིང་ཚིག་གིས་ཕྱུག་པར་གྱུར་པ་ནི་བོད་ཀྱི་སྐད་ཡིག་དེ་ཡིན། དེ་མིན་གྲགས་ཆེ་བའི་ཨིན་སྐད་ལྟ་བུ་ཡང་བོད་ཀྱི་སྐད་ཡིག་ལྟར་མདོ་སྔགས་ཀྱི་ཚིག་དོན་ཆད་ལྷག་མེད་པར་ཡོངས་སུ་རྫོགས་པ་ཞིག་སྟོན་ཐུབ་ཀྱི་མེད། དེས་ན་རང་རེའི་བོད་ཀྱི་སྐད་ཡིག་འདི་ནི་དོན་ངོ་མ་འདི་ཕྱི་གཉིས་ཀར་ཕན་པའི་འཛམ་གླིང་ཡོངས་ཀྱི་མིག་འབྲས་ལྟ་བུར་འཛིན་དགོས་པ་ཞིག་ཆགས་ཡོད།
༣། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་དགོས་དམིགས།
སྤྱིར་སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཟེར་བ་ལྟར། སྐད་ཡིག་ཅིག་ཡོད་ན་དེ་ལ་བརྟེན་ནས་འཚོ་གནས་ཐུབ་པའི་མི་རིགས་དང་། མི་རིགས་ཀྱི་དགོས་མཁོ་དང་བསྟུན་ནས་རིག་གཞུང་། རྒྱལ་རབས་ལོ་རྒྱུས་དང་ལེགས་བྱང་སྣ་ཚོགས་པ་ཞིག་ཡོད། དེས་ན་རང་རེའི་བོད་རིགས་ལ་མཚོན་ནའང་ང་ཚོ་འཚོ་གནས་ཐུབ་པའི་སྲོག་ཤིང་ལྟ་བུ་ནི་རང་མི་རིགས་ཀྱི་སྐད་ཡིག་དེ་ཡིན། སྐད་ཡིག་འདིར་རྒྱ་དམར་པོས་ཆབ་སྲིད་དབང་སྒྱུར་བྱས་པ་ནས་བཟུང་ད་ལྟའི་བར་གཡོ་སྒྱུའི་ཤུགས་རྐྱེན་ཐེབས་ནས་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད། རང་རེའི་གཞིས་ལུས་བོད་མི་རྣམས་ཀྱིས་རང་སྲོག་འབེན་ལ་བཙུགས་ནས་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པའི་གནད་དོན་རྣམས་ཡིད་ལ་ལྷང་ངེར་འཆར་བཞིན་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་རིགས་རྒན་བྱིས་ན་གཞོན་ཡོངས་ནས་ཀྱང་རང་གི་སྲོག་ཤིང་དུ་གྱུར་པའི་སྐད་ཡིག་དེ་མ་བརླག་པར་བདག་པོ་རྒྱག་རྒྱུའི་གོ་སྐབས་ཆེས་བཟང་པོ་ཡོད་པ་དེ་དགོངས་པར་བཅངས་དགོས་པ་ཡིན།
ཧི་མ་ལ་ཡའི་རི་རྒྱུད་ལ་གནས་པའི་མི་རིགས་ཕལ་མོ་ཆེ་ནང་པ་ཡིན་ཞིང་། ནང་པའི་བསྟན་པ་ལ་གཙིགས་སུ་བཟུང་ནས་དགའ་དད་སྤྲོ་གསུམ་གྱི་ལམ་ནས་ཉམས་ལེན་བྱེད་བཞིན་ཡོད། ནང་པའི་བསྟན་པ་འདི་ཡུན་རིང་དུ་གནས་ཤིང་མི་མང་ལ་ཕན་ཐོགས་ཡོང་བའི་ཆེད་དུ་བོད་ཀྱི་སྐད་ཡིག་གི་བརྒྱུད་ལམ་འདི་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་རྒྱུའི་རམ་འདེགས་གནང་དགོས་པ་ནི་ཤིན་ཏུ་གནད་འགག་ཅན་ཞིག་ཏུ་གྱུར་ཡོད། སྐད་ཡིག་འདིའི་འབྱུང་ཁུངས་གཙོ་བོ་ནི་བོད་ཡིན་ཀྱང་། དེ་ནི་ཐུན་མོང་གི་སྤྱོད་ཡུལ་ཞིག་ཡིན་སྟབས་ཧི་མ་ལ་ཡའི་མི་རིགས་སྤྱི་ནས་ཀྱང་ཐུགས་འཁུར་མཉམ་ལེན་གནང་དགོས་གལ་ཆེ།
དེ་ལས་བློ་རྒྱ་ཆེ་ཙམ་བསྐྱེད་ན། ནང་པའི་ཆོས་ཀྱི་ལྟ་བའི་ཁྱད་ཆོས་ངོ་མ་ནི་གཞན་སེམས་ཅན་རྣམས་ལ་ཕན་ཐོགས་བྱ་རྒྱུ་དེ་ཡིན་པས། འཛམ་གླིང་ཧྲིལ་པོའི་ནང་ནང་པའི་རྒྱལ་ཁབ་ཙམ་དུ་མ་ཟད། ནང་ཆོས་ལ་དད་གུས་ཡོད་པའི་མི་མང་ཧ་ཅང་མང་པོ་ཡོད་པ་རྣམས་ལ་ཡང་། བོད་ཀྱི་སྐད་ཡིག་བརྒྱུད་ནས་ནང་ཆོས་ཀྱི་སྙིང་བཅུད་ལེན་ཐབས་སུ་འབད་བརྩོན་གནང་མཁན་རྣམས་ལ་ཡང་ཕན་ཐོགས་ཇི་ཆེར་ཡོང་རྒྱུ་ངེས།
༤། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཚུལ་ལ་བསམ་པ།
མེས་དབོན་རྣམ་གསུམ་གྱི་དཀའ་སྤྱད་སྙིང་རུས་ལས་གྲུབ་པའི་རང་རེའི་བོད་ཀྱི་སྐད་ཡིག་འདི་སྲུང་སྐྱོབ་བྱེད་དགོས་པ་ནི་གལ་ཆེའི་ནང་གི་འགངས་ཅན་ཞིག་ཏུ་གྱུར་ཡོད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐུབ་ཐབས་སུ་སྐད་ཡིག་གི་གནས་བབ་ལ་བསམ་ནས་ཡར་རྒྱས་གཏོང་དགོས་པ་ཡིན། དེས་ན་སྐད་ཡིག་རིག་པར་ཡར་རྒྱས་གཏོང་ཐབས་སུ་སློབ་ཕྲུག་དང་། དགེ་རྒན། ཕ་མ། བོད་མི་སྒེར་སོ་སོས་འགན་འཁུར་དང་ལེན་གནང་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་གལ་ཆེ།
དེ་ཡང་ཐོག་མའི་ལས་འགན་གྱི་སྣེ་འཁྲིད་མཁན་ནི་དགེ་རྒན་རྣམས་ཡིན་ཞིང་། དགེ་རྒན་རང་ཉིད་བོད་ཀྱི་སྐད་ཡིག་གི་གནས་ཚད་ཕྱུག་ཅིང་སྐད་ཡིག་ལ་དགའ་ཞེན་དང་སྙིང་རུས་ལྡན་པ་ཞིག་བྱུང་ན། སྣེ་འཁྲིད་མཁན་དགེ་རྒན་གྱིས་ལམ་སྟོན་དང་། སློབ་ཁྲིད་ཀྱི་ཐབས་ལམ། བཅོས་མིན་བོད་ཀྱི་སྐད་ཡིག་ལ་གཅེས་འཛིན་དང་། དགའ་ཞེན་དང་དུ་བླངས་ནས་སློབ་མ་ཚོར་དངོས་སུ་ཕན་ཐོགས་པའི་བསླབ་བྱའི་གནད་དོན་རྣམས་མ་འཕྱུག་པར་སློབ་ཁྲིད་ཀྱི་གནས་ལ་འབུངས་ན་སྐད་ཡིག་གི་གཞི་རྩ་བརྟན་པོ་ཞིག་ཚུགས་ཐུབ།
ཡང་བོད་ཀྱིས་སྐད་ཡིག་འདི་དགེ་རྒན་གཅིག་པུའི་ཕྲག་པར་རྡོག་ཁྲེས་སུ་མ་བརྩིས་པར་སློབ་ཁྲིད་བྱ་ཡུལ་གྱི་སློབ་མ་རྣམས་ལ་དེ་བས་ཀྱང་ལས་འགན་ཆེ་བ་ཡོད། དེས་ན་སློབ་ཕྲུག་ཚོར་ཆུང་བྱིས་པའི་དུས་ནས་རང་མི་རིགས་ངོ་སྤྲོད་དང་། སྐད་ཡིག་གང་ཡིན་པ་དེར་དགའ་ཞེན་དང་། སྤྲོ་སྣང་གི་སྣང་བ་ཞིག་ངེས་པར་དུ་སྐྲུན་ཐབས་བྱེད་དགོས། དེ་ཡོང་བར་གཙོ་བོ་ནི་ཕྲུ་གུ་སོ་སོའི་ཕ་མ་རྣམས་ལ་རག་ལས་ཡོད། ང་ཚོའི་ཟེར་སྲོལ་ལྟར་དགེ་རྒན་དང་པོ་ཕ་མ་ཡིན་ཟེར་བ་དེ་ལ་ཐུག་ཡོད། ཕ་མ་ཚོས་རང་གི་ཕྲུ་གུ་ཆུང་བྱིས་པའི་དུས་ཀྱི་འཚར་ལོངས་བྱུང་རིམ་བཞིན་རང་མི་རིགས་ཀྱི་སྐད་ཡིག་ལ་བསྲེ་སླད་མེད་པར་ཕྲུ་གུའི་མདུན་དུ་དཔེ་མཚོན་སྟོན་ཐུབ་པ་ཞིག་ཡོང་བར་འབད་བརྩོན་གནང་དགོས་པ་ནི་སྐད་ཡིག་གཞི་རྟེན་དུ་གྱུར་ཡོད།
དམིགས་བསལ་དེང་གི་དུས་འདིར་རང་རེའི་ཕ་མ་ལོ་གཞོན་མང་དག་ཅིག་རང་ཉིད་བོད་ཀྱི་སྐད་ཡིག་གི་གནས་ཚད་ཞན་པའི་ཁར་ཨིན་ཇི་སོགས་གཞན་གྱི་སྐད་ཡིག་ལ་སྤྲོ་སྣང་ཤུགས་ཆེར་བྱས་ཏེ། རང་གི་ཕྲུ་གུ་དེ་ལོ་ན་ཆུང་དུས་ནས་ཨིན་ཇིའི་སྐད་ཡིག་སོགས་ལ་དགའ་ཞེན་ཡོང་ཐབས་སུ་ཨིན་ཇིའི་སྐད་ལ་གཙིགས་སུ་བཟུང་ནས་ཨིན་སྐད་རྒྱག་འཇུག་པ་དང་། རང་ཉིད་ནས་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་ཨིན་སྐད་བེད་སྤྱོད་གནང་དང་གནང་མུས་བཅས་ནི་རང་མི་རིགས་ཀྱི་སྐད་ཡིག་བཟང་པོ་འདི་ཉམས་པའི་རྒྱུ་ཞིག་ཆགས་ཡོད། ཡང་ཨིན་ཇི་སོགས་གཏན་ནས་སྦྱང་མི་དགོས་པ་ཡང་ག་ལ་ཡིན། སྐད་ཡིག་དེ་ནི་ངེས་པར་སྦྱང་དགོས་པ་ཡིན། འོན་ཀྱང་ཐོག་མར་སོ་སོའི་ཕ་སྐད་དེ་གཙོ་གནད་དུ་བཟུང་ནས་སྦྱང་དགོས་པ་དང་། དེ་རྗེས་རིམ་བཞིན་ཨིན་ཇིའི་སྐད་ཡིག་སོགས་སྦྱངས་ན། མཁས་པ་ཁག་གི་གསུང་ཚུལ་དང་། རང་རེའི་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་དགོས་པ་དམིགས་བསལ་བ་ཞིག་ཡོད་པ་དེང་སང་ར་འཕྲོད་ཡོང་བཞིན་ཡོད། དཔེར་ན། ད་ལྟའི་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་མང་དག་ཅིག་སྐད་ཡིག་གཉིས་ཀའི་གནས་ཚད་བཟང་པོ་ཡོད་པ་ང་ཚོས་ཤེས་ཐུབ་ལ། མ་འོངས་པའི་མདུན་ལམ་ཡང་ཆེས་བཟང་པོའི་ཕྱོགས་སུ་བསྐྱོད་རྒྱུར་ཐེ་ཚོམ་མེད། དེ་བས་ན་རང་རེའི་སྤྱི་ཚོགས་ནང་དུའང་དེ་ལྟའི་སློབ་ཕྲུག་མང་དག་ཅིག་བྱུང་ན། མ་འོངས་སོན་རྩའི་ལ་རྒྱ་འཛིན་ཞིང་ཕན་ཐོགས་ངེས་ཅན་དུ་འགྱུར་རྒྱུ་ཡིན།
༥། དགེ་རྒན་གྱིས་ལམ་སྟོན་གནང་ཕྱོགས་ལ་བསམ་པ།
རང་རེའི་བོད་ཀྱི་སྐད་ཡིག་ཡར་རྒྱས་ཡོང་བར་སློབ་གྲྭ་ནང་གི་བོད་དགེ་རྐྱང་པ་ལ་རག་ལས་མེད། དེང་གི་དུས་སུ་སམ་བྷོ་ཊ་དང་། བོད་ཁྱིམ་མ་ལག་ཁག་གི་སློབ་གྲྭའི་ནང་ཨིན་ཇིའི་སྐད་ཡིག་དང་། སློབ་ཚན་གཞན་དང་གཞན་ཁྲིད་མཁན་གྱི་དགེ་རྒན་ཕལ་མོ་ཆེ་བོད་རིགས་ཡིན་པས། བོད་རིགས་དགེ་རྒན་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་བོད་ཀྱི་སྐད་ཡིག་ལ་དགའ་ཞེན་ལྡན་པའི་སྒོ་ནས་ཀུན་སློང་བཟང་པོ་ཞིག་སྤེལ་ཐུབ་ཀྱི་ཡོད། དེ་ནི་དགེ་རྒན་མང་ཚོགས་ཀྱིས་འགན་འཁུར་མཉམ་ལེན་གནང་བའི་ནུས་མཐུ་ལས་སློབ་ཕྲུག་རྣམས་ཉུང་མཐའ་ཡང་རང་གི་སྐད་ཡིག་ལ་འགངས་ཆེར་བརྩིས་ནས་དོ་སྣང་སླེབས་ཐབས་སུ་རམ་འདེགས་གནང་ཐུབ་ཀྱི་ཡོད། དེ་ནས་གཙོ་བོ་བོད་དགེ་རྣམ་པའི་ཕྲག་པར་འགན་ལྕི་མོ་ཞིག་ཡོད་པར་གོར་མ་ཆག བོད་དགེ་རྣམ་པས་སྐད་ཡིག་སློབ་ཁྲིད་གནང་སྐབས་དུས་ཐོག་ཏུ་སློབ་ཁྲིད་ཟིན་པ་དགོས་གལ་ཆེ་ཡང་། གཙོ་བོ་ནི་བོད་ཕྲུག་ཚོས་འབྲི་ཀློག་དག་གསུམ་ལ་ཤུགས་སྣོན་བསྐྱོན་དགོས་གལ་ཆེ་བ་མཐོང་ཆོས་སུ་གྱུར་ཡོད། དེ་ཡང་དགེ་རྒན་ཕན་ཚུན་དབར་འགན་འཁྲི་དང་ལེན་གནང་ཕྱོགས་ལ་སྐྱོན་བརྗོད་ལྟ་བུར་ངོས་འཛིན་མི་གནང་བར། དོན་ངོ་མ་སློབ་ཕྲུག་གི་གནས་ཚད་ཡར་རྒྱས་ལ་གཞིགས་པའི་བཀའ་མོལ་གནང་དང་གནང་མུས་ལྟར། དམའ་རིམ་འཛིན་གྲྭ་སྐབས་སུ་སློབ་ཚན་ཚང་མ་བོད་ཀྱི་སྐད་ཡིག་གི་བརྒྱུད་ནས་སློབ་ཁྲིད་གནང་བཞིན་པར་བརྟེན། བོད་ཀྱི་སྐད་ཡིག་གི་གཞི་རྩ་བརྟན་པོ་ཞིག་ཚུགས་མ་ཐུབ་ཚེ་དེ་ནས་རིམ་བཞིན་སློབ་ཚན་ཕལ་ཆེ་བ་ཨིན་སྐད་ཐོག་སློབ་ཁྲིད་གནང་དགོས་ཡོད་སྟབས། སྐད་ཡིག་གཉིས་ཀར་ལྟ་བཟོ་མེད་པར་འགྱུར་རྒྱུར་ཉེན་ཁ་ཆེ་བར་མཐོང་། དེས་ན་ཤེས་རིག་དང་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ། འབྲེལ་ཡོད་དགེ་རྒན་རྣམ་པས་མཐུ་ནུས་དཔུང་སྒྲིལ་གྱིས་དམའ་རིམ་འཛིན་གྲྭའི་སྐབས་སུ་བོད་ཀྱི་སྐད་ཡིག་གི་གནས་ཚད་མངོན་གསལ་དོད་པའི་ཡར་རྒྱས་ཡོངས་ཐབས་སུ་དམིགས་ནས་མེས་དབོན་དཔེ་སྟོན་སློབ་གྲྭའི་སློབ་ཁྲིད་གནང་ཕྱོགས་ཀྱི་གཞི་རྩའི་ཤེས་ཡོན་ཕྱོགས་ཡོངས་ལ་མིག་དཔེ་ལེན་ཐབས་སུ། བོད་པའི་དཔེ་ལ་ཡོད་པ་བཞིན་སྒོར་མོ་རྔ་འདྲའི་གྲོས་ཤིག་བྱེད། གྲུ་བཞི་ཤོ་འདྲའི་གྲོས་ཤིག་བྱེད། ཅེས་གསུང་སྲོལ་ལྟར་གྲོས་སྡུར་ལྷུག་པོའི་ལམ་ནས་ཐབས་ལམ་ཐག་ཆོད་པ་ཞིག་བཙལ་ན། འབྲས་བུ་འབུར་དུ་ཐོན་པ་ཞིག་སྨིན་ངེས་བསམ། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་དགེ་རྒན་ཚོར་ཟབ་སྦྱོང་ཇི་སྙེད་ཅིག་གནང་མུས་ལ་བསྔགས་བརྗོད་ཞུ་རྒྱུ་དང་། ད་དུང་ཡང་གཙོ་བོ་སློབ་ཕྲུག་གི་གཞི་རྩའི་སྐད་ཡིག་གི་ཡར་རྒྱས་ལ་སྨན་པའི་འབྲི་ཀློག་དག་གསུམ་ལ་རྩལ་དུ་སྟོན་པའི་སློབ་ཁྲིད་ཀྱི་བྱ་བར་འཇུག་ཐབས་སུ་འབད་བརྩོན་གནང་དགོས་གལ་ཆེ།
འབྲི་ཀློག་དག་གསུམ་ལ་སློབ་ཚུལ། སྤྱིར་བཏང་ཨ་མ་ལ་འོ་མ་འཐུང་སྟངས་བསླབ་ན་འཇིག་རྟེན་གྱི་འགྲོ་ལུགས་དང་འགལ་ཞིང་། དགོད་བྲོ་བའི་དགོངས་ཚུལ་ཞིག་ཡིན་མོད། འོན་ཀྱང་། ད་ལན་གྱི་གོ་སྐབས་དང་བསྟུན་ནས་རང་སེམས་དཀར་པོའི་ཕན་སེམས་ཀུན་ནས་བླངས་ཏེ་བཤད་པ་ལ་ཉེས་སྐྱོན་རང་ཨེ་ཡོད་སྙམ། དེང་གི་དུས་སུ་དམའ་རིམ་འཛིན་གྲྭ་ཚང་མའི་ནང་སློབ་ཕྲུག་གི་གྲངས་ཚད་ནི་ཇེ་ཉུང་ཇེ་ཞན་དུ་ཕྱིན་ཡོད་སྟབས་དགེ་རྒན་རྣམ་པས་འཛིན་གྲྭའི་ནང་གཟིགས་རྟོག་བདེ་བ་དང་ཐུགས་སྣང་མང་བར་གནང་ཐུབ་ཀྱི་ཡོད། དེས་ན་སློབ་ཕྲུག་ཚོས་འབྲི་བ་དང་། ཀློག་པ། དག་ཆ་སོགས་ལ་ཐུགས་སྣང་མང་ཙམ་གནང་འཇུག་དགོས། དཔེར་ན། ཀློག་ལ་འབད་པའི་སྐབས་སློབ་ཕྲུག་ཚང་མས་ཀློག་རྩལ་ཁོ་ནར་དམ་འཛིན་བྱེད་དུ་བཅུག་སྟེ། རབ་བྱུང་ན་བརྗོད་བྱའི་གནད་དོན་ལ་མ་ལྟོས་པར་ཉིན་ལྟར་སྐར་མ་བཅུ་ཙམ་རིང་སློབ་ཕྲུག་ཚང་མར་འབྲི་རུ་བཅུག་ན་འབྲི་རྩལ་ལ་ནུས་པ་ཐོན་རྒྱུ་ཡིན། སློབ་ཕྲུག་ཚོས་གང་བྲིས་པ་རྣམས་ལ་ལེགས་གསོལ་གནང་སྟེ། གཙོ་གནད་རིགས་འགའ་ཞིག་ལ་ནོར་བཅོས་གནང་སྟེ་རིམ་བཞིན་ཡར་རྒྱས་ཀྱི་ཕྱོགས་ལ་ཁྲིད་ཐབས་གནང་དགོས། དང་པོ་ནས་ནོར་བ་ཐམས་ཅད་ལ་དམར་རྟགས་རྐྱང་རྐྱང་བསྐྱོན་ན་སློབ་ཕྲུག་གི་སེམས་ཁམས་སུ་འབྲི་རྩལ་ཕྱོགས་སུ་དོ་དབྱིངས་ཀྱི་ཁ་ལོ་བསྒྱུར་མ་ཐུབ་པའི་ཉེན་ཁ་ཡོད། དམའ་རིམ་སློབ་ཕྲུག་ཚོར་དག་ཆ་སློབ་ཁྲིད་གནང་སྐབས་གཙོ་བོ་བརྗོད་བྱའི་འགྲོས་དང་བསྟུན་ནས་སློབ་ཕྲུག་ཚོར་དག་ཆ་ནོར་བ་ཁག་ཟུར་འདོན་གནང་ན། སློབ་ཕྲུག་གི་སེམས་སུ་ངེས་ཤེས་ཆེ་བ་ཡོང་ངེས་སྙམ། དཔེར་ན། ཁྱེད་རྣམ་པ་གཉིས། ཁོང་རྣམ་པ་སོགས་ལ་རྣམ་པ་ལས་རྣམས་པ་མ་རེད། ཅེས་བརྗོད་པའི་འགྲོས་དང་བསྟུན་ནས་ཟུར་འདོན་གནང་ན་ཕན་ཐོགས་ཆེ་བར་མངོན། སྤྱིར་བོད་ཡིག་གི་དག་ཆ་འགྲོ་སྟངས་ནི་མགོ་རྙོག་པོ་ཞིག་ཡོད་ཀྱང་། སློབ་ཕྲུག་མང་དག་ཅིག་གིས་དག་ཆ་དཀྱུས་མ་རྣམས་ལ་ཡང་སྣང་མེད་ཀྱིས་ནོར་འཁྲུལ་ཤོར་བཞིན་འདུག་པས། དེའི་ཐོག་དགེ་སློབ་ཟུང་འབྲེལ་གྱིས་དོ་སྣང་ཤུགས་ཆེ་ཙམ་གནང་དགོས། དེ་མིན་ནོར་བ་རྒྱུན་འབྱམས་སུ་འགྲོ་རྒྱུར་ཉེན་ཁ་མཐོང་། དམའ་རིམ་སྐབས་བོད་ཀྱི་སྐད་ཡིག་གི་གཞི་རྩ་བརྟན་པོ་ཞིག་ཚུགས་ཐུབ་ཚེ། དེ་ནས་འཛིན་གྲྭ་འཕར་རིམ་བཞིན་འབྲེལ་ཡོད་བོད་དགེ་རྣམ་པས་ཤུགས་སྣོན་བརྒྱབ་ན་ཡར་རྒྱས་གོང་འཕེལ་དུ་སོང་ནས། སྐད་ཡིག་གི་གཞི་རྩ་སྲ་ཐག་ཐག་ཅིག་ཚུགས་རྒྱུར་གདོན་མི་ཟ། དེས་ན་ང་ཚོ་ཚང་མས་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ལ་འཐུས་ཤོར་དང་སྣང་མེད་དུ་མ་སོང་བར་གནང་རྒྱུ་གནད་དུ་ཆེ།
མཇུག་གཏམ།
མདོར་ན། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ནི་རང་རེའི་བོད་རིགས་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ལ་ཞི་བདེ་སྤྲོད་མཁན་གྱི་སྐད་ཡིག་ཅིག་ཡིན་སྟབས། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ང་ཚོ་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བདག་ཉར་རྒྱུན་འཁྱོངས་གནང་སྟེ། རིམ་བཞིན་འཛམ་གླིང་ཞི་བདེར་དམིགས་འབེན་ཐུབ་པ་ཞིག་གནང་དགོས་པ་ཡིན། དེ་མིན་རང་རེའི་བོད་རིགས་རྩམ་ཟན་ཡོངས་ཀྱི་ངོམས་སུ་ཆོག་པའི་སྐད་ཡིག་ཕྱུག་པོ་འདི་ལ་བརྟེན་ནས་རང་གི་ཆོས་དང་། རིག་གཞུང་། མི་རིགས་དང་བཅས་པ་ལ་ཕན་ཐོགས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པར་བརྟེན། རང་རེའི་བོད་རིགས་རྒན་བྱིས་ཡོངས་ནས་རང་གི་སྐད་ཡིག་ལ་གཅེས་པར་བཟུང་ནས། བོད་ཀྱི་སྐད་ཡིག་ལ་ནམ་རྒྱུན་དུ་ནས་ཐུགས་སྣང་གང་ཐུབ་གནང་དགོས་གལ་ཆེ་བས། དེ་དེ་བཞིན་དུ་འགྲུབ་པར་ཤོག
ཅེས་པའི་སྨོན་འདུན་གྱིས་བརྒྱན་ཏེ་༸རྒྱལ་དབང་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་སྟེ། ཕྱི་ལོ་༢༠༢༠ ཟླ་བ་༧ ཚེས་ ༦ ལ་བཀའ་དྲིན་བསམ་ཤེས་ཀྱི་ཆ་ཤས་སུ་འགྲོ་བའི་སྨོན་འདུན་དང་བཅས་མགོན་པོ་གང་ཉིད་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག། །།
མཇུག་སྨོན།
༸རྒྱལ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན།།
བོད་ཀྱི་རིག་གཞུང་ནམ་ཡང་ཕྱུག་པར་སྨོན།།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཡོང་བར་སྨོན།།
འཛམ་གླིང་ཞི་བདེ་རྒྱུན་དུ་གནས་པར་སྨོན།།