སྐལ་བཟང་ཉི་མ།

དང་པོ། མཚམས་སྦྱོར་བའི་གཏམ།

ལོ་ཤས་གོང་ལ་ངས་<<བོད་ཀྱི་བྱིས་པའི་རྩོམ་རིག་>>ཏུ་བསྙད་པའི་དེབ་ཅིག་བྲིས། དེའི་ནང་དུ་བོད་ཀྱི་སྲོལ་རྒྱུན་གྱི་བྱིས་སྒྲུང་དང་བྱིས་གླུ། ཁེད་བཅས་ལ་དཔྱད་འཇོག་བྱས་པས། བོད་ལ་གནའ་ནས་བྱིས་པ་གཉིད་འགུག་པའི་གླུ་ནས་འགོ་བཙུགས་ཏེ། བྱིས་པས་ངག་མི་འཁྲོལ་བ་དང་འཁྲོལ་བའི་དུས་སྐབས་ཀྱི་ན་ཚོད་རིམ་པ་མི་འདྲ་བར་རན་པའི་བྱིས་རྩོམ་རྣམ་པ་སྣ་ཚོགས་ཤིག་ཡོད་པ་དང་། དེའང་བྱིས་པའི་བློ་རིག་དང་འཚམ་ཞིང་ཡུལ་དུས་ཀྱི་འཚོ་བའི་ནང་དོན་གྱིས་བལྟམས་ལ། བྱིས་པའི་ལུས་སེམས་བདེ་ཐང་ངང་ཡར་བསྐྱེད་ཐུབ་པའི་ཤེས་བྱའི་རང་བཞིན་འཛོམས་ཤིང་། བྱིས་པའི་རྩེད་འཇོ་ཡི་དགོས་མཁོ་སྐོང་ཐུབ་པ་བཅས་རྣམ་པ་དང་ཁྱད་ཆོས་ཀུན་ལྡན་འབའ་ཞིག་ཡིན་པའི་ངེས་ཤེས་བརྙེད་མོད། ངས་མཐའ་མཇུག་སྲོལ་རྒྱུན་གྱི་དེ་དག་དེང་སྐབས་ཀྱི་བྱིས་པ་ཚོར་འོས་ཤིང་འཚམ་པར་ཐག་བཅད་མེད་ལ། ཡང་གཅིག་བཤད་ན་ངས་དེབ་དེ་འབྲི་བའི་དམིགས་ཡུལ་ཡང་བོད་ཀྱི་སྲོལ་རྒྱུན་གྱི་བྱིས་པའི་རྩོམ་རིག་ད་ལྟའི་དུས་ཀྱི་བྱིས་པ་ཚོར་ངོ་སྤྲོད་ཀྱིས་ཨུ་ཚུགས་ངང་སྦྱོང་སྤྱོད་ཀྱི་རེ་བ་འདོན་རྒྱུ་མིན་པར། ད་ལྟ་བོད་ཕྱི་ནང་གཉིས་ཀར་བྱིས་རྩོམ་གྱི་ཐད་ནས་རང་གི་སྲོལ་རྒྱུན་ལ་དཔེ་ལྟ་རྒྱུ་ཉུང་ཙམ་དང་། རྒྱ་དཀར་ནག་གིས་གཙོས་མི་རིགས་གཞན་ལ་དཔེ་ལྟ་རྒྱུ་མང་ཙམ་ཡོང་བཞིན་པ་བསྒྱུར་ཏེ། སྔར་གྱི་བྱིས་པའི་རྩོམ་རིག་གི་ནང་དོན་དང་རྣམ་པ། སྤྱོད་ཕྱོགས་སོགས་ལ་ཞིབ་འཇུག་གིས་དེ་དག་ལས་ལག་ཆ་བླངས་ཏེ། ད་ལྟའི་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་བྱིས་པའི་རྩོམ་རིག་གསར་རྩོམ་ཐད་ཁྲིད་སྟོན་བྱེད་རྒྱུར་རེ་བ་ཡིན་ལ། ལྷག་པར་དུ་རང་རེའི་སྤྱི་ཚོགས་ནང་དེང་སྐབས་ད་དུང་བྱིས་རྩོམ་ལབ་ན་ལམ་སང་བྱིས་སྒྲུང་བསྐྱར་དཔར་དང་སྒྱུར་སྒྲིག གསར་རྩོམ་བཅས་ཀྱི་ཕྱོགས་ཁོ་ནར་ལས་འཆར་སྒྲིག་ཅིང་ནུས་ཤུགས་ཡོད་ཚད་འབུལ་བའི་ཡི་ག་འགག་པར་བགྱིས་ཏེ། བོད་ཀྱི་སྲོལ་རྒྱུན་བྱིས་རྩོམ་ཁྲོད་བྱིས་པའི་བློ་ཁ་དང་འཚམ་པའི་རྩེད་རིགས་སྣ་ཚོགས་ཀྱི་གསོན་དཔེ་མང་པོ་བདོ་བ་ལས་དཔེ་བླངས་ནས། བྱིས་རྩོམ་རྣམ་པ་མི་འདྲ་བ་གསར་རྩོམ་ལ་སྐུལ་མ་ཞིག་ཨེ་ཐེབས་བསམ་པའང་ཡིན།
ཟླ་ཤས་གོང་ལ་དགེ་རྒན་པདྨ་བསམ་གྲུབ་ལགས་ཀྱིས་ལོ་ཤས་རིང་ཁོང་གི་སློབ་ཁྲིད་ཀྱི་དགོས་མཁོ་ལྟར་བྱིས་པའི་སྙན་ཚིག་གང་མང་ཞིག་གསར་བརྩམས་གནང་འདུག་པ་བཀླགས་སྐལ་ལྡན་ཞིང་། ཁོང་གི་བརྩམས་ཆོས་འདི་དག་གོང་དུ་བརྗོད་པ་ལྟར་རང་གིས་དཔེ་དེབ་ཅིག་བྲིས་པའི་རེ་བ་དང་ཧ་ཅང་མཐུན་པར་བསམ་སྟེ་དགའ་སྤྲོའི་ངང་ཡང་དང་བསྐྱར་དུ་བཀླགས་ལ། ཀློག་གསེང་དང་དེའི་འཕྲོ་མཐུད་དུ་ངེད་གཉིས་ཀྱིས་ཁོང་གི་བྲིས་རྩོམ་འདི་དག་གིས་མཚོན་པའི་བྱིས་རྩོམ་གྱི་རྣམ་པ་འདི་ལ་མིང་འདོགས་སྟངས་དང་། བྱིས་གླུ་དང་ཁྱད་པར་ཅི་ཡོད། སྲོལ་རྒྱུན་གྱི་བང་མཛོད་དུ་ནང་དོན་མི་འདྲ་ཡང་རྣམ་པ་མཚུངས་པ་གང་ཡོད། གྱེར་འདོན་དང་གླུ་ཚིག་གིས་མཚོན་པའི་བྱིས་རྩོམ་གྱི་རྣམ་པ་འདིའི་སྤྱོད་སྒོ། ནུབ་ཕྱོགས་ཀྱི་བྱིས་པའི་རྩོམ་རིག་ཁྲོད་ཀྱི་རྩོམ་རྣམ་འདི་འདྲ་དང་ཞིབ་བསྡུར་བཅས་བྱས་ལ། ཁོང་དང་ལྷན་དུ་ཁ་བརྡ་མོད་པོ་ཞིག་བྱས་མཐར། ཁོང་གི་བརྩམས་ཆོས་འདི་དག་གིས་རང་རེའི་འདི་ལྟ་བུའི་བྱིས་རྩོམ་རྣམ་པ་མི་འདྲ་བ་གསར་རྩོམ་ཐད་ཡར་སྐུལ་ཐུབ་པར་སྙམ་པ་དང་། ད་ལྟའི་དུས་འདིར་རང་རེའི་དགེ་རྒན་ཚོར་བྱིས་རྩོམ་སློབ་ཁྲིད་དང་བྱིས་པ་ཚོར་རྩོམ་རིག་ཀློག་འདོན་སོགས་ལ་གདམ་ག་མང་པོ་མེད་པ་བཅས་ལ་དམིགས་ཏེ། འདིར་ཆེད་དུ་ཁོང་གི་བརྩམས་ཆོས་དེ་དག་ལས་འགའ་ཤས་ཤིག་ན་ཆུང་གྲོགས་པོ་རྣམས་དང་། ཁོང་ཅག་གི་དགེ་རྒན་དང་ཕ་མ་ཚོར་མཚམས་སྦྱོར་བྱེད་པར་འབད།

གཉིས་པ། ནང་དོན་མཚམས་སྦྱོར།

  • སྙན་ཚིག་འདི་དག་གི་ནང་དོན་རིགས་འགའ་ལ་གཞོལ་ཡང་ཧ་ཅང་གོ་སླ་སྟེ། སྙན་ཚིག་<<ང་ཚོ་ཚང་མ་གཅིག་པ་རེད་>>ཟེར་བ་དང་<<སྡིག་པ་ཡོད་རེད་>>ཟེར་གཉིས་ལ་མཚོན་ན།

ང་ཚོ་ཚང་མ་གཅིག་པ་རེད།

ཁོང་ནི་ཁ་ཆེ། ང་ནི་ཧིན་དྷུ་ཡིན།
ཁྱོད་ནི་ཡེ་ཤུ། ང་ནི་ནང་པ་ཡིན།
སྐྱབས་གནས་མི་གཅིག་ཁ་ཁ་རེད།
ཆོས་ལུགས་མི་མཚུངས་སོ་སོ་རེད།
ཡིན་ཡང་། ང་ཚོ་ཚང་མ་གཅིག་པ་རེད།
བདེ་བ་འདོད་པ་འདྲ་འདྲ་རེད།
སྡུག་བསྔལ་མི་འདོད་གཅིག་པ་རེད།
ཁོང་ནི་ཕྱུག་པོ། ང་ནི་དབུལ་པོ།
ཁྱོད་ནི་དཔོན་པོ། ང་ནི་ཕལ་བའི་མི།
འཚོ་གནས་མི་འདྲ་སོ་སོ་རེད།
གོ་གནས་མི་མཚུངས་ཁ་ཁ་རེད།
ཡིན་ཡང་། ང་ཚོ་ཚང་མ་གཅིག་པ་རེད།
སྐྱིད་གསུམ་སྡུག་གསུམ་ཡོད་འདྲ་རེད།
གཅིག་ལ་གཅིག་བརྟེན་ཡིན་འདྲ་རེད།
ང་ནི་བོད་རིགས། ཁོང་ནི་ཨིན་ཇི་བ།
ཁྱོད་ནི་སོག་རིགས། ཁོང་ནི་མི་ནག་བ།
ཤ་མདོག་མི་གཅིག་ཁ་ཁ་རེད།
སྐད་ལུགས་མི་མཚུངས་སོ་སོ་རེད།
ཡིན་ཡང་། ང་ཚོ་ཚང་མ་གཅིག་པ་རེད།
ཤ་ཁྲག་རུས་ལས་གྲུབ་པ་གཅིག་པ་རེད།
འགྲོ་བ་མི་ནི་གཅིག་པ་རེད།

སྡིག་པ་ཡོད་རེད།

བུ་ཆུང་བསྟན་འཛིན། བུ་ཆུང་བསྟན་འཛིན་ལགས།
ལམ་ལ་འགྲོ་དུས། མིག་གིས་ཡག་པོ་ལྟོས།
ཉམ་ཆུང་འབུ་ལ་རྡོག་རྫིས་གཏོང་མི་རུང་།
དེ་འདྲ་བྱས་ན། སྡིག་པ་ཡོད་རེད། སྡིག་པ་ཡོད་རེད།
བུ་ཆུང་བསྟན་འཛིན། བུ་ཆུང་བསྟན་འཛིན་ལགས།
བྱམས་པའི་སེམས་དང་། འཇམ་པོའི་ལག་གིས།
གཙང་ལ་བསིལ་བའི་ས་ལ་འཇོག་རོགས།
དེ་འདྲ་བྱས་ན། དགེ་བ་ཡོད་རེད། དགེ་བ་ཡོད་རེད།
ཕན་ན་དགེ་བ། གནོད་ན་སྡིག་པ་རེད།
ཕན་ན་དགའ་ཞིང་གནོད་ན་མི་དགའ་བ།
རང་གཞན་ཚང་མའི་སེམས་ཀྱི་གཤིས་ཀ་རེད།
ཅེས་སྤྱིར་སྙན་ཚིག་འདི་གཉིས་ཀྱི་ནང་དོན་མདོར་བསྡུས་ན། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དང་། ཕན་ན་དགའ་ཞིང་གནོད་ན་མི་དགའ་བ་སྟེ། ཕལ་ཆེར་བོད་མི་ཀུན་གྱིས་ལོ་རྒྱུས་དུས་ཡུན་རིང་པོར་གོ་ཐོས་བྱུང་མྱོང་བའི་བོད་མི་རིགས་ཀྱི་སྲོག་ཤིང་ལྟ་བ་སྟེ། སེམས་ཅན་ཐམས་ཅད་གཅིག་ཡིན་པའི་མཚན་ཉིད་ཀྱི་དགོངས་པར་གཏུགས་ཡོད་ལ། ལྷག་པར་དུ་ད་ལྟའི་དུས་རབས་འདིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་རླབས་ཆེན་གྱི་ཐུགས་བསྐྱེད་ལ་བརྟེན་ནས། འཇིག་རྟེན་ཞི་བདེ་ཡི་སྲོག་ཤིང་ལྟ་བ་རུ་གྱུར་པས། ཇི་འདྲའི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་མོད། སྙན་རྩོམ་ནང་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་དང་། དབུལ་ཕྱུག་དང་དཔོན་འབངས་ཀྱི་ཁྱད་པར། མི་རིགས་མི་འདྲ་བའི་ཤ་མདོག་སོགས་ཀྱི་ཧེ་བག ལམ་དུ་འགྲོ་སྐབས་འབུ་སྲིན་ཆུང་ངུ་ཞིག་ཡིན་ཡང་རྡོག་བརྫིས་གཏོང་མི་རུང་བའི་བྱ་སྤྱོད་བཅས། བྱིས་པ་ཚོས་མིག་མཐོང་ལག་ཟིན་གྱི་བྱ་དངོས་རྐྱང་ཁ་གསལ་གོ་བདེར་བརྗོད་ཡོད་ཕྱིར། བྱིས་པ་ཚོས་རྟོགས་སླ་བར་འདུག
དེ་ནས་སྙན་རྩོམ་<<དུས་ཀྱི་འཁོར་ལོ་>>དང་<<རྐང་ཤུབས་ཆ་གཅིག>> <<འབད་པ།>> <<ཤོག་བྱ་>>བཅས་ལ་མཚོན་ན།

དུས་ཀྱི་འཁོར་ལོ།

ཐག ཐག ཐག ཐག ཐག ཐག
སྐར་ཆ་དྲུག་ཅུ། སྐར་མ་གཅིག
སྐར་མ་དྲུག་ཅུ། ཆུ་ཚོད་གཅིག
ཆུ་ཚོད་ཉེར་བཞི། ཉིན་ཞག་གཅིག
དུས་ཀྱི་འཁོར་ལོ་མི་སྡོད་ཐག ཐག ཐག
ཕན་པའི་ལས་ཤིག་མ་བསྒྲུབས་ན།
དགེ་བའི་སེམས་ཤིག་བསྒོམས་ན།
ཐག ཐག ཐག ཐག ཐག ཐག
ལོ་དང་ཟླ་བ་ཐག ཐག ཐག
དུས་ནི་མི་སྡོད། ཆུ་བོ་རྒྱུག་པ་འདྲ།
དུས་ཀྱིས་མི་སྒུག རླུང་བུ་གཡུག་པ་འདྲ།
དུས་ནི་མི་འཁོག རྦབ་ཆུ་འབབ་པ་འདྲ།
དུས་ཀྱི་འཁོར་ལོ་མི་སྡོད་ཐག ཐག ཐག
དཀའ་བའི་ལས་ལ་མ་བརྩོན་ན།
དགོས་པའི་བྱ་བ་མ་བསྒྲུབས་ན།
ཐག ཐག ཐག ཐག ཐག ཐག
ཉི་མ་སུམ་བརྒྱ་དྲུག་ཅུ། ཐག ཐག ཐག

རྐང་ཤུབས་ཆ་གཅིག

ངེད་གཉིས་རྐང་ཤུབས་ཆ་གཅིག་ཡིན།
མཛེས་པའི་རྐང་ཤུབས་ཆ་གཅིག་ཡིན།
རྐང་པ་གཉིས་ལ། རྐང་ཤུབས་ཆ་གཅིག་དགོས།
ཆ་མེད་ཡ་ཏོ་གོན་ན། མི་ཡིས་ཆ་དམོད་བྱེད་ཡོང་།
བྱས་ན་ང་ཚོས། རྐང་ཤུབས་ཆ་འགྲིག་གོན་ནས་འགྲོ
གོམ་པ་གང་། གོམ་པ་དོ། གོམ་པ་གསུམ།
སྐྱིད་ལ་བདེ་ལ་དགའ་བ་ལ།
ངེད་གཉིས་རྐང་ཤུབས་ཆ་གཅིག་ཡིན།
མཛེས་པའི་རྐང་ཤུབས་ཆ་གཅིག་ཡིན།
ཡང་ཡང་བཀྲུས་ནས་གོན་དགོས།
ཡང་ཡང་བསྐམས་ནས་གོན་དགོས།
བཀྲུས་ཤིང་བསྐམས་ནས་མ་གོན་ན།
དྲི་ངན་གང་སར་འཐུལ་ཡོང་།
བྱས་ན་ང་ཚོས། རྐང་ཤུབས་གཙང་མ་གོན་ནས་འགྲོ
གོམ་པ་གང་། གོམ་པ་དོ། གོམ་པ་གསུམ།
གཙང་ལ་འཇམ་ལ་དྲོ་བ་ལ།

འབད་པ།

ཆུ་ཐིགས་ཆུང་ཆུང་།
ཡུན་རིང་བསགས་པས།
རྒྱ་མཚོ་ཆེན་པོ་ཆེན་པོ་གྲུབ།
ཁ་བ་ཆུང་ཆུང་།
རྒྱུན་རིང་བབས་པས།
གངས་རི་ཆེན་པོ་ཆེན་པོ་ཆགས།
འབད་པ་ཆུང་ཆུང་།
ཡང་ཡང་བྱས་པས།
གྲུབ་འབྲས་ཆེན་པོ་ཆེན་པོ་ལོན།
ཆེན་པོ་ཆེན་པོ་དེ་ཚོ།
ཆུང་ཆུང་ཆུང་ནས་གྲུབ་པས།
འབད་པ་ཆུང་ཆུང་བྱེད་པར།
སྣང་ཆུང་གཏན་ནས་མ་གཏོང་།

ཤོག་བྱ།

ང་རང་དགའ་བའི་ཤོག་བྱ།།
ཁ་དོག་མཛེས་ལ་བཀྲ་བ།།
ང་རང་དགའ་བའི་ཤོག་བྱ།།
སྤུས་ཀ་གཙང་ལ་དག་པ།།
ཤོག་བྱ་ཐད་ལ་བརྐྱངས་པས།།
རླུང་བུ་ཁུག་ལ་བསྐྱིལ་བྱུང་།།
ཁུག་སོའི་རླུང་བུ་མེད་ན།།
ཤོག་བྱ་འཕུར་ཐབས་མི་འདུག།
དེ་རིང་ཤོག་བྱ་གཏོང་བར།།
རླུང་བུ་ཡོད་ན་ཆོག་ག།
ཤོག་བྱ་གནམ་ལ་ལྡིང་དུས།།
ཤོག་བྱ་རླུང་བུས་བཀྱགས་ཀྱང་།།
འཐེན་པའི་སྐུད་པ་དགོས་རེད།།
སྐུད་སྣེ་ལག་ནས་ཤོར་ན།།
བྱ་རྒོད་རྨས་མ་འདྲའོ།།
ཤོག་བྱ་ཡག་པའི་མི་འགྲིག།
སྐུད་པ་གྲིམ་པའི་མི་ཆོག།
ད་དུང་རླུང་བུའི་བབ་ལ།།
གཏོང་མཁན་ང་རང་མཁས་དགོས།།
ང་རང་དགའ་བའི་ཤོག་བྱ།།
མཐོ་རུ་མཐོ་རུ་འཕུར་སོང་།།
ང་རང་དགའ་བའི་ཤོག་བྱ།།
མར་མར་མར་ལ་བབས་སོང་།
ཞེས་བྱིས་པ་རྣམས་ཀྱིས་རྒྱུན་དུ་མཐོང་ཞིང་རྒྱུན་དུ་ཐུག་པའི་བྱ་དངོས་རྐྱང་བེད་སྤྱད་ཡོད། དང་པོ་ཡིས་སྐར་ཆ་དང་སྐར་མ། ཆུ་ཚོད་དང་ཉི་མ། ཟླ་བ་དང་ལོ་བཅས་ཀྱིས་དུས་ཀྱི་བགྲོད་སྟངས་རི་མོར་བྲིས་པ་ལྟར་མཐོང་གསལ་དུ་བཏང་ཡོད་ལ། བྱིས་པ་ཚོས་སྙན་རྩོམ་འདི་ཀློག་སྐབས་རྒྱུན་དུ་ཕ་མ་དང་དགེ་རྒན་གྱིས་དུས་ཚོད་དམ་འཛིན་བྱེད་དགོས་པར་སྐུལ་བའི་བསླབ་བྱ་དེ་ཡིད་ལ་འཁོར་ངེས་པས། ཕྱོགས་གཅིག་ནས་སྙན་རྩོམ་འདིའི་ནང་དོན་གྱིས་བསླབ་བྱ་ཞིག་བསྐྱར་ཟློས་བྱས་པར་འདྲ།
གཉིས་པ་རུ་རྐང་པ་དང་རྐང་ཤུབས། རྐང་ཤུབས་ཆ་དང་ཡ། རྐང་ཤུབས་བཀྲུས་ནས་གྱོན་ཚེ་བདེ་ཞིང་སྐྱིད་པ་སོགས་རྐང་ཤུབས་གོན་སྟངས་ཀྱི་ཐོག་ནས་གཙང་སྦྲ་བྱེད་སྟངས་ཤིག་བསྟན་པས། གོང་དང་མཚུངས་པར་ད་ལྟའི་དུས་རབས་འདིའི་རྒྱུན་ལྡན་གྱི་སྐད་ཆ་ཞིག་བསྐྱར་བ་འདྲ་བ་མ་ཟད། གསུམ་པས་ཀྱང་། ཆུ་ཐིགས་དང་རྒྱ་མཚོ། ཁ་བ་དང་གངས་རི། འབད་པ་ཆུང་ཆུང་དང་གྲུབ་འབྲས་ཆེན་པོ་བཅས་སྔ་མ་གཉིས་དཔེ་ལྟ་བུ་དང་ཕྱི་མ་དོན་ལ་སྦྱར་ནས། དོན་གྱིས་རང་ཅག་གིས་སྔར་ནས་བྱིས་པ་རྣམས་ལ། 1“རང་ལ་དགོས་པའི་བསྟན་བཅོས་རྣམས།། ཉི་མ་རེ་རེར་ཚིག་རེ་བཟུང་།། གང་ཞིག་ཉིན་བརྒྱ་སོང་བ་ན།། གྲོག་མཁར་དང་ནི་སྦྲང་རྩི་ལྟར།། རིང་པོ་མི་ཐོགས་མཁས་པར་འགྱུར།།” ཅེས་གོ་སྐོན་བློ་འགུག་བྱེད་མུས་ཀྱི་ཤོ་ལོ་ཀ་ཞིག་རྗེས་ཟློས་བྱས་པ་འདྲ་ཡང་། བྱིས་རྩོམ་གྱི་ནང་དོན་སྔ་ཕྱི་བར་གསུམ་གང་ཡིན་རུང་། བྱིས་པ་ལ་སྐད་ཆ་གཅིག་ཐབས་སྣ་ཚོགས་ཀྱིས་ནན་བརྗོད་བྱེད་དགོས་པའི་གཤིས་ཀ་དང་ཅི་འདྲའི་འཚམ་ཨང་།
བཞི་པ་ཡིས། ཤོག་བྱ་དང་འབྲེལ་ཡོད་ཀྱི་རླུང་། སྐུད་པ་དང་གཏོང་མཁན་སོགས་བརྗོད་བྱ་བྱས་ཏེ། བྱིས་པ་རྣམས་ཆེས་དགའ་བའི་རྩེད་རིགས་ཤིག་གི་སྐོར་ཤོད་ཀྱིན་ཡོད་པས། བྱིས་པ་རྣམས་ཀྱིས་སྙན་རྩོམ་ཀློག་འདོན་སོགས་ཀྱི་སྐབས་སུའང་ཁོང་ཚོའི་རྩེད་འཇོ་ཡི་བློ་ཁ་རྫོགས་པར་བྱ་ངེས་སུ་འདུག

གསུམ་པ། སྤྱོད་སྒོ་མཚམས་སྦྱོར།

ཁོང་གི་བརྩམས་ཆོས་འདི་དག་ཡང་དང་བསྐྱར་དུ་བཀླགས་ཤིང་། ངེད་གཉིས་ཀྱིས་ཕན་ཚུན་ལ་བསམ་འཆར་ལྷུག་པོར་བཤད་རེས་བྱས་པའི་བར་སྐབས་དེར། ངས་སྙན་རྩོམ་ལས་བརྒལ་བའི་རིན་ཐང་གཞན་འགའ་མཐོང་ལ། དེ་དག་ལས་གཅིག་ནི་ནམ་རྒྱུན་ང་ཚོས་བྱིས་པ་ཚོར་སྙན་རྩོམ་གྱེར་འདོན་བྱེད་དུ་འཇུག་པ་དེ་ལྟར། སྙན་རྩོམ་འདི་དག་ཀྱང་བྱིས་པ་གཅིག་དང་། ཡང་ན་གཉིས། ཡང་ན་བཞི། ཡང་ན་བུ་གཅིག་དང་བུ་མོ་གཅིག ཡང་ན་འཛིན་གྲྭ་ལྟ་བུས་ཚོགས་གྱེར་བྱ་ཡང་རུང་སྟེ། དཔེར་ན། གོང་གི་སྙམ་རྩོམ་<<སྡིག་པ་ཡོད་རེད་>>ཅེས་པ་བུ་གཅིག་དང་བུ་མོ་གཅིག་གིས་གྱེར་ཚེ་ཧ་ཅང་རན་པར་འདོད། གང་ལགས་ཤེ་ན། སྙན་རྩོམ་འདིའི་སྟོད་ཀྱིས་བུ་ཆུང་བསྟན་འཛིན། བུ་ཆུང་བསྟན་འཛིན་ལགས།

  • ལམ་ལ་འགྲོ་དུས། མིག་གིས་ཡག་པོ་ལྟོས།
    ཉམ་ཆུང་འབུ་ལ་རྡོག་བརྫིས་གཏོང་མི་རུང་།

དེ་འདྲ་བྱས་ན། སྡིག་པ་ཡོད་རེད། སྡིག་པ་ཡོད་རེད། ཅེས་འགྲོ་དུས་འབུ་ལ་རྡོག་བརྫིས་གཏོང་མི་རུང་བའི་གནད་དོན་ཞིག་འདོན་པ་ཡིན་ལ། གནད་དོན་འདི་འདོན་མཁན་བུ་ཞིག་བྱས་ཏེ། དེའི་འཕྲོ་མཐུད་དུ་བུ་ཆུང་བསྟན་འཛིན། བུ་ཆུང་བསྟན་འཛིན་ལགས།

  • བྱམས་པའི་སེམས་དང་། འཇམ་པོའི་ལག་གིས།
    གཙང་ལ་བསིལ་བའི་ས་ལ་འཇོག་རོགས།

དེ་འདྲ་བྱས་ན། དགེ་བ་ཡོད་རེད། དགེ་བ་ཡོད་རེད། ཅེས་གནད་དོན་ཐག་གཅོད་ཐབས་སྟོན་གྱིན་ཡོད་ཅིང་། འདིར་བྱམས་སེམས་དང་ལག་པ་འཇམ་པོ། གཙང་ལ་བསིལ་བའི་ས་བཅས་ཧ་ཅང་མཉེས་གཤིན་གྱི་རྣམ་པ་ཞིག་མངོན་པ་འདི་བུ་མོ་ཞིག་གི་འཇམ་མཉེན་གྱི་སྐད་ངག་དང་ཤིན་ཏུ་འཚམ་ཞིང་། མཐའ་མར་ཕན་ན་དགེ་བ། གནོད་ན་སྡིག་པ་རེད།

  • ཕན་ན་དགའ་ཞིང་གནོད་ན་མི་དགའ་བ།

རང་གཞན་ཚང་མའི་སེམས་ཀྱི་གཤིས་ཀ་རེད། ཅེས་མིའི་རང་བཞིན་བརྗོད་པ་མཉམ་དུ་གྱེར་ཚེ་ཉན་མཁན་དང་གྱེར་མཁན་གཉིས་ཀས་ཡིད་མགུ་བ་ཡོང་བར་འདོད། དེ་བཞིན་<<ང་ཚོ་ཚང་མ་གཅིག་པ་རེད་>>དང་དུས་ཀྱི་འཁོར་ལོ་ལྟ་བུ་བྱིས་པ་བཞི་ལ་ཁག་བགོས་བྱེད་ཆོག་ལ། <<རྐང་ཤུབས་ཆ་གཅིག་>>ཅེས་པ་བྱིས་པ་གཉིས་ཀྱིས་གྱེར་ཆོག <<འབད་པ་>>ཞེས་པ་བྱིས་པ་གཅིག་དང་། <<ཤོག་བྱ་>>ཞེས་པ་ཚོགས་གྱེར་བྱ་ཆོག་པ་བཅས་སོ།།
བྱིས་པ་ཕལ་མོ་ཆེ་ནི་ནང་དོན་ཞིག་ཐད་ཀར་ཀློག་འདོན་དང་བློ་འཛིན་གྱིས་རྟོགས་པར་བྱེད་པ་ལས། གླུ་ལེན་སོགས་རྩེད་འཇོ་ཡི་རྣམ་པ་བརྒྱུད་ནས་རྟོགས་ཤིང་ངེས་ཐབས་བྱས་ཚེ་དགའ་ལ། དེ་ནི་དེང་སྐབས་བྱིས་པའི་སློབ་གསོ་སྨྲ་བ་ཚོའི་མགྲིན་གཅིག་དབྱངས་གཅིག་གི་མན་ངག་དང་། བྱིས་པའི་རང་བཞིན་ཡང་དེ་ལྟ་བུ་ཞིག་ཡིན་གདའ། དེ་བས་གོང་གི་སྙན་རྩོམ་རྣམས་ལ་འགྱུར་ཁུགས་དང་འདེགས་འཇོག་གསལ་བའི་དབྱངས་ཀྱི་གཤོག་པ་གཟུག་ཐུབ་མཁན་ཞིག་ཡོད་ཚེ། བྱིས་པ་རྣམས་ཉན་རྒྱུར་དགའ་ཞིང་ལེན་རྒྱུར་དགའ་བའི་བྱིས་གླུ་རེ་རེར་འགྱུར་ངེས།
ད་དུང་བྱིས་པ་རྣམས་ནི་རྩེད་ར་ལས་ཏེ་འཁྲབ་རྩེད་ལ་ཧ་ཅང་དགའ་བ་ལྟར། དགེ་རྒན་དང་ཕ་མ། བྱིས་པར་བདག་སྐྱོང་བྱེད་མཁན་སུ་འདྲ་ཡིན་རུང་སྙན་རྩོམ་འདི་དག་ལས་<<ང་ཚོ་ཚང་མ་གཅིག་པ་རེད་>>དང་། <<སྡིག་པ་ཡོད་རེད།>> <<རྐང་ཤུབས་ཆ་གཅིག་>>བཅས་ནི་འཁྲབ་ཚིག་ཏུ་བཅོས་ཏེ། བྱིས་པ་རྣམས་ལ་འཁྲབ་ལེན་དང་འཁྲབ་སྟོན་སོགས་བྱེད་དུ་བཅུག་ཚེ་ཧ་ཅང་ལེགས། དཔེར་ན། གོང་དུ་དྲངས་པའི་སྙན་རྩོམ་ཁག་ལས་<<ང་ཚོ་ཚང་མ་གཅིག་པ་རེད་>>ལ་མཚོན་ན།

  • ང་ཚོ་ཚང་མ་གཅིག་པ་རེད།
    ཁོང་ནི་ཁ་ཆེ། ང་ནི་ཧིན་དྷུ་ཡིན།
    ཁྱོད་ནི་ཡེ་ཤུ། ང་ནི་ནང་པ་ཡིན།
    སྐྱབས་གནས་མི་གཅིག་ཁ་ཁ་རེད།
    ཆོས་ལུགས་མི་མཚུངས་སོ་སོ་རེད།
    ཡིན་ཡང་། ང་ཚོ་ཚང་མ་གཅིག་པ་རེད།
    བདེ་བ་འདོད་པ་འདྲ་འདྲ་རེད།
    སྡུག་བསྔལ་མི་འདོད་གཅིག་པ་རེད།
  • ཁོང་ནི་ཕྱུག་པོ། ང་ནི་དབུལ་པོ།
    ཁྱོད་ནི་དཔོན་པོ། ང་ནི་ཕལ་བའི་མི།
    འཚོ་གནས་མི་འདྲ་སོ་སོ་རེད།
    གོ་གནས་མི་མཚུངས་ཁ་ཁ་རེད།
    ཡིན་ཡང་། ང་ཚོ་ཚང་མ་གཅིག་པ་རེད།
    སྐྱིད་གསུམ་སྡུག་གསུམ་ཡོད་འདྲ་རེད།
    གཅིག་ལ་གཅིག་བརྟེན་ཡིན་འདྲ་རེད།
  • ང་ནི་བོད་རིགས། ཁོང་ནི་ཨིན་ཇི་བ།
    ཁྱོད་ནི་སོག་རིགས། ཁོང་ནི་མི་ནག་བ།
    ཤ་མདོག་མི་གཅིག་ཁ་ཁ་རེད།
    སྐད་ལུགས་མི་མཚུངས་སོ་སོ་རེད།
    ཡིན་ཡང་། ང་ཚོ་ཚང་མ་གཅིག་པ་རེད།
    ཤ་ཁྲག་རུས་ལས་གྲུབ་པ་གཅིག་པ་རེད།
    འགྲོ་བ་མི་ནི་གཅིག་པ་རེད།

ཅེས་དུམ་མཚམས་གསུམ་གྱིས་གྲུབ་པ་དང་། དུམ་མཚམས་གསུམ་ཀ་ཕྱིའི་རྣམ་པའི་སྒྲིག་གཞི་འདྲ་ཡང་། ནང་གི་བརྗོད་དོན་གྱི་གཏམ་རྒྱུད་མི་འདྲ་བ་ཞིང་། ལྷག་པར་དུ་བརྗོད་དོན་གྱི་གཏམ་རྒྱུད་རེ་རེས་ཀློག་མཁན་ནམ་ལྟ་མཁན་རྣམ་པའི་སེམས་སུ་བདེན་སྣང་གཅིག་ཐོག་ཉིས་བརྩེགས་བྱ་ངེས་སུ་འཁུམས་ཕྱིར། འཁྲབ་སྟོན་བྱས་ཚེ་ནང་གི་གཏམ་རྒྱུད་ཀྱིས་ལྟ་མཁན་ན་ཆུང་གྲོགས་པོ་རྣམས་ཀྱི་ཡིད་དབང་འགུག་པའི་ཁྱད་ཆོས་ལྡན། མི་སྣ་ལ་མཚོན་ན་ཆོས་ལུགས་མི་གཅིག་པ་དང་འཚོ་བའི་གནས་བབ་མི་འདྲ་བ། མི་རིགས་ཁ་ཁ་ཡིན་པ་བཅས་བཀོད་དེ། གཤིས་ཀ་དང་གནས་བབ། ཁ་དོག་སོགས་མི་སྣའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་མངོན་གསལ་དང་འབུར་དུ་ཐོན་ཡོད་པས། དགེ་རྒན་སོགས་ཀྱིས་འཁྲབ་སྟོན་མི་སྣ་བཀོད་སྒྲིག་བྱེད་སླ་བ་དང་། བྱིས་པ་ཚོས་ཀྱང་མི་སྣ་དང་མི་སྣའི་བར་གྱི་མི་མཐུན་པའི་ཕྱོགས་ལས་སླ་བོར་ངོས་འཛིན་ཐུབ་པར་སོང་། འཁྲབ་སྟོན་ལ་གདེང་རྙེད་པ་དང་དབྱིངས་ཆེ་བའི་ཁམས་ཤིག་གྲུབ་ཡོད། ད་དུང་མི་སྣའི་ཆས་གོས་དང་ཆ་ལུགས་སོགས་ཀྱང་གོང་དང་མཚུངས་པར་མི་མཐུན་པ་རྐྱང་ལ་གཞོལ་བས། འཁྲབ་མཁན་དང་ལྟ་མཁན་གཉིས་ཀའི་ན་ཆུང་བྱིས་པ་རྣམས་ཀྱི་སེམས་ལ་འཚར་སྣང་ཤུགས་དྲག་སློང་བ་དང་འཆར་སྣང་མཐའ་མེད་བསྐྱེད་པའི་ནུས་པ་ལྡན་ཡོད།།

བཞི་པ། ཁྱད་ཆོས་གཞན་མཚམས་སྦྱོར།

རང་རེའི་སྐད་དང་ཡི་གེའི་གཞིས་ཁྱིམ་དུ་འདི་ལྟ་བུའི་བྱིས་པའི་སྙན་རྩོམ་སྔར་མང་ལ། དེང་སྐབས་ཀྱང་ཤེས་ལྡན་པ་དང་ཉམས་མྱོང་ཅན་མང་པོས་གསར་རྩོམ་གྱི་འགོ་འཛུགས་པར་རེ་བ་རྒྱག་མུས་སུ་མཆིས་ཤིང་། གཞན་སྐད་ཨིན་ཡིག་ལྟ་བུའི་ནང་དུ་ནི་བགྲང་ཡས་པས། ངས་འདིར་ཡག་པོ་ཡོང་མིན་ལ་མ་ལྟོས་པར་ཁོང་གི་བརྩམས་ཆོས་རྣམས་དེ་དག་དང་བསྡུར་ཏེ་ཡང་མཚམས་སྦྱོར་བར་འདོད།
ཁོ་བོས་དེ་སྔ་བོད་ཀྱི་སྲོལ་རྒྱུན་གྱི་བྱིས་པའི་རྩོམ་རིག་ལ་ཞིབ་འཇུག་བྱེད་སྐབས་ནུབ་ཕྱོགས་ཀྱི་བྱིས་པའི་རྩོམ་རིག་སྐོར་གྱི་རྒྱུ་ཆ་གང་ལྕོགས་ཤིག་ལ་ལྟ་ཁུལ་བྱས་པའི་ཁྲོད་དུ། 2“གཞན་བུ་གསོ་ཁང་གི་ཚིག་མཐའི་དབྱངས་མཚུངས་སྙན་རྩོམ་གྱིས་ཕྲུ་གུ་ཚོར་གྲངས་བརྩི་ཚུལ་དང་གསལ་བྱེད་ཡི་གེ། ལོ་འཁོར་ཟླ་བ་བཅུ་གཉིས་དང་གཟའ་འཁོར་གཅིག་གི་ཉིན་གྲངས་བདུན་གྱི་མིང་སོགས་སློབ་པ་ལ་རོགས་འདེགས་བྱེད་པ་རེད་”ཅེས་བཀོད་པ་ཞིག་ད་ལྟའང་ཡིད་ལ་དྲན་ཞིང་། འདི་ནི་བྱིས་པའི་སྙན་རྩོམ་གྱིས་མཐའ་གཅིག་ཏུ་ཀློག་མཁན་ན་ཆུང་གྲོགས་པོ་ཚོར་ཤེས་བྱ་ཕྲན་ཚེགས་རེ་ངོ་སྤྲོད་བྱེད་ཐུབ་དགོས་པའི་དོན་མིན་མོད། བྱིས་པའི་སྙན་རྩོམ་དགེ་རྒན་དག་གིས་སློབ་ཁྲིད་ཀྱི་ལག་ཆ་བྱས་ཆོག་པའི་ནང་དོན་འཛོམས་ཡོད་ལ། ཕྱོགས་འདི་ནས་བསམ་ན་འདིར་མཚམས་སྦྱོར་བྱེད་པའི་བརྩམས་ཆོས་དག་གི་ཁྲོད་ནས་<<དུས་ཀྱི་འཁོར་ལོ་>>ཞེས་པར་ཁྱད་ཆོས་འདི་མངོན་གསལ་དུ་ལྡན་ཏེ། སྙན་རྩོམ་འདིས་ན་ཆུང་གྲོགས་པོ་ཚོར་དུས་ཚོད་དམ་འཛིན་བྱེད་དགོས་པའི་གལ་གནད་དཔེ་དང་བཅས་ཏེ་སྟོན་པའི་ཞོར་ལ། ད་དུང་སྐར་ཆ་དང་སྐར་མ། ཆུ་ཚོད། ཉིན་ཞག ཟླ་བ་དང་ལོ་བཅས་བགྲང་ཚུལ། དེ་དག་གི་ཐ་སྙད་བཅས་ངོ་སྤྲོད་པར་རོགས་འདེགས་བྱེད་ཐུབ་པས་སོ།།
ཡང་སྐབས་དེར་བོད་རང་གི་སྲོལ་རྒྱུན་གྱི་བྱིས་པའི་གླུ་ཚིག་མང་པོ་ཞིག་གིས་3“བྱ་དངོས་ཀྱི་འབྲེལ་བ་མུ་འབྲེལ་གྱིས་བརྗོད་པས། གཏམ་རྒྱུད་ཅིག་ཤོད་པ་ལྟ་བུའི་ཉམས་ཐོན་པ་དང་། ནང་དོན་འཕོ་འགྱུར་གྱི་བར་མཚམས་རེ་རེ་ནས་བྱིས་པ་དག་གི་སེམས་ལ་ཨ་ཧོ་སྙམ་པའི་མཚར་སྣང་དང་། རྗེས་མ་རྗེས་མ་རྣམས་ལ་ཉན་འདོད་ཀྱི་ཧེབ་ཆེན་པོ་ཞིག་སློང་བ་འདི་ལ་”ཞེས་བཀོད་པ་འདི་ཡིན་ལ། འདི་ལ་ཁ་སྣོན་དུ་དཔེ་ཞིག་དགོས་ཚེ། 4<<ཨ་བརྩེགས་དགུ་བརྩེགས་ཞེས་པ་འདི་ལྟ་སྟེ།

  • ཆུས་ཟམ་པ་འཁུར།
    ཟམ་པས་རྟ་འཁུར།
    རྟས་སྒ་འཁུར།
    སྒས་མི་འཁུར།
    མིས་ཞྭ་འཁུར།
    ཞྭས་ཏོག་འཁུར།
    ཏོག་གིས་སྤྲིན་འཁུར།
    སྤྲིན་གྱིས་གནམ་འཁུར།

གནམ་གྱིས་སྐར་མ་འཁུར། ཞེས་རང་བྱུང་དང་སྤྱི་ཚོགས་འདྲེས་མའི་བརྩེགས་རིམ་ཞིག་འོག་ནས་སྟེང་བར་རིམ་པ་བཞིན་དུ་བརྗོད་ཡོད་ལ། བརྩེགས་རིམ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་འདྲེན་ནུས་པའི་བྱུང་རིམ་ཞིག་གྲུབ་པ་འདིས། ན་ཆུང་བྱིས་པ་ཚོས་གླུ་འདི་ལྟ་བུ་ལ་ཉན་པ་དང་ལེན་སྐབས་སུ་གཏམ་རྒྱུད་ཅིག་ལ་ཉན་པ་དང་གཏམ་རྒྱུད་ཅིག་ཤོད་པའི་སྣང་བ་འཆར་ངེས། དེ་མཚུངས་གོང་གི་བྱིས་པའི་སྙན་རྩོམ་དག་ལས་<<སྡིག་པ་ཡོད་རེད་>>དང་། <<རྐང་ཤུབས་ཆ་གཅིག>> <<ཤོག་བྱ་>>བཅས་ལའང་ནང་དོན་གྱི་ཐད་ནས་འདི་ལྟ་བུའི་ན་ཆུང་གྲོགས་པོ་དག་གི་ཡིད་འགུག་གི་ཁྱད་ཆོས་ལྡན་ཡོད།
འདིར་མཚམས་སྦྱོར་བྱེད་འདོད་པ་གཞན་ཞིག་ནི་རྗོད་བྱེད་ཀྱི་སྐོར་ཡིན། དེང་སྐབས་རང་རེ་རྣམས་ལ་བྱིས་པའི་རྩོམ་རིག་གསར་རྩོམ་གྱི་ལམ་དུ་དཀའ་ངལ་ཆེས་ཆེ་བ་ནི་རྗོད་བྱེད་ཀྱི་ཐད་ནས་འཕྲད་ཀྱིན་ཡོད། དེ་ཡང་སྲོལ་རྒྱུན་གྱི་བྱིས་པའི་རྩོམ་རིག་ནི་བྱིས་པ་ཚོའི་སྔ་དགོང་གི་ཁྱིམ་གྱི་རྩེད་ཆས་ལྟ་བུ་ཞིག་ཏུ་སོང་། དམངས་སྲོལ་རིག་གནས་ཀྱི་ཡན་ལག་ལྟ་བུར་གནས་ཤིང་། དེའི་བརྒྱུད་ལམ་གཙོ་བོའང་བོད་ཀྱི་སྲིད་པའི་སྐད་ཆ་སྟེ་ངག་ཐོག་ནས་འཆད་ཉན་བྱས་པ་དེ་ལ། ཉེ་བའི་ལོ་ཤས་ནས་ངག་ཐོག་ནས་ཡིག་ཐོག་ལ་ཕབ་འགོ་བཙུགས་ཏེ། ལ་ཤས་ཀྱིས་སྔར་གྱི་བྱིས་པའི་རྩོམ་རིགས་དེ་དག་ཁ་སྐད་ཇི་བཞིན་ཡིག་ཐོག་ལ་སྒྲ་སྒྱུར་ལྟ་བུ་བྱེད་པ་དང་། ཁ་ཅིག་གིས་སྔར་གྱི་ངག་ཐོག་གི་དེ་ད་སྐབས་ཡིག་སྐད་དང་མཐུན་པར་ཕབ་པ་བཅས་རིགས་གཉིས་ལྟ་བུར་འགྲོ། རིགས་གཉིས་ཀར་རང་རང་གི་རང་ལུགས་བཙན་པོ་ཡོད་པར་བརྟེན། དེང་སྐབས་གསར་རྩོམ་གྱི་ལམ་དུའང་དཀའ་ངལ་ཞིག་ཏུ་གྱུར་ཡོད་ལ། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་མཚམས་རེར་ལས་རིགས་འདིའི་དབང་འཛིན་པ་རེ་འགས་རང་འདོད་ལྟར་ཁ་སྐད་ཀྱིས་མ་བྲིས་པར། ཡིག་སྐད་དང་མཐུན་པར་བྲིས་ཚེ་བྱིས་རྩོམ་དུ་མ་བརྩིས་པའི་གོ་ལོག་ཀྱང་བྱུང་མྱོང་བ་ལྟར་རོ།།
གོང་གི་སྙན་རྩོམ་དག་གི་རྗོད་བྱེད་ལ་མཚོན་ན་རིགས་ཕྱི་མའི་ཁོངས་སུ་གཏོགས་པ་མཁྱེན་ཆུབ་བཞིན་ལ། དེང་སྐབས་ང་ཚོར་ད་དུང་སྐད་ཡིག་གི་ཐད་ནས་བྱིས་པའི་སློབ་སྦྱོང་དང་ལོ་ཚད་ལ་དཔག་པའི་ཐ་སྙད་དབྱེ་གསེས་ཀྱི་གོ་རིམ་དེ་འབྱུང་ཐུབ་མེད་པར་བརྟེན། སྙན་རྩོམ་འདི་དག་རེ་རེའི་སྐད་བརྡ་སློབ་ལོ་དང་ན་ཚོད་འདི་དང་དེ་ལ་རན་ཞེས་བྱེ་བྲག་གིས་མཛུབ་མོ་འཛུགས་དཀའ་ཡང་། སྤྱི་ཡོངས་ནས་རྒྱུན་སྤྱོད་ཀྱི་ཐ་སྙད་བཀོལ་ཡོད་པ་དང་། ལྷག་པར་དུ་བྱིས་པ་དང་ཧ་ཅང་ཐག་ཉེ་བའི་བྱ་དངོས་ཀྱི་མིང་བརྡ་རྐྱང་ཡིན་ཕྱིར། ན་ཆུང་གྲོགས་པོ་རྣམས་ཀྱིས་ཀློག་བདེ་ཞིང་དོན་རྟོགས་སླ་ལ། ཡིད་ལ་འཇུག་མྱུར་བའི་ཁྱད་ཆོས་ལྡན་པ་མ་ཟད། ཐ་སྙད་འདི་དག་བྱིས་པ་རྣམས་ཀྱི་ཤེས་ཡོན་གྱི་རྨང་རྡོ་རུ་འགྱུར་བའི་གལ་གནད་འདུས་ཡོད། དེ་ནས་ཚིག་སྦྱོར་ལ་ཡང་འཁྱོག་བརྗོད་ཀྱི་ལག་འཐབ་མ་སྤྲད་པར། སྤྱིར་བཏང་གི་མི་དང་མིས་ཁ་བརྡ་བྱེད་པའི་སྐད་ཆའི་འགྲོས་ཇི་བཞིན་ལྟར་བྲིས་ཏེ་བྱིས་པ་རྣམས་ཀྱིས་ཀློག་གྱེར་འཁྲབ་གསུམ་ག་རེ་བྱས་ཀྱང་ཉན་མཁན་གྱིས་མི་ཕན་ཚུན་ལ་གླེང་མོལ་བྱེད་པར་ཉན་པ་ལྟར་གོ་ཧ་ཅང་སླ་བ་བཅས་སོ།། །།

མཆན།

1 ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་གྱི་དོན་འགྲེལ་བློ་གསལ་བུང་བུའི་བསྟི་གནས་ཞེས་བྱ་བ་བཞུགས་སོ།། བོད་གཞུང་ཤེས་རིག་དཔར་ཁང་། ཤོག་ངོས།༤༧༨
2 ནུབ་ཕྱོགས་ཀྱི་བྱིས་པའི་རྩོམ་རིག འཕྲུལ་དེབ། སྐལ་བཟང་ཉི་མས་སྒྱུར་སྒྲིག་བྱས། ཤོག་ངོས། ༡༢
3 བོད་ཀྱི་བྱིས་པའི་རྩོམ་རིག སྐལ་བཟང་ཉི་མ། ཤེས་རིག་ལས་ཁུངས་ནས་དཔར་འགྲེམས་བྱས། ཤོག་ངོས་༡༠༨
4 བྱིས་པའི་རབ་བྱེད། བློ་འབྱེད་ཀློག་དེབ་དཔེ་ཚོགས། གཙོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།༧༦