དགེ་བཤེས་ཐུབ་བསྟན་དངོས་གྲུབ།

 

མྱོང་བ་ཚད་མའི་འོད་ཀྱི་གུར་ཁང་ཁང་བཟང་ཡངས་པོའི་ཀྱིལ་འཁོར་ནས།།
འཁྲིད་ཐབས་བཟང་པོའི་ལམ་སྟོན་སྟོན་པའི་སྙན་འཇེབས་སྟོང་ལྡན་པི་ཝང་སྒྲ།།
དབྱངས་གསལ་སོ་བཞིའི་རང་གཟུགས་གཟུགས་རིས་ཤོག་དཀར་སྟེང་དུ་ཕབ་པ་འདིར།།
ཁྱེད་ཀྱི་མིག་ཟུང་ལན་གཅིག་ཕྱོགས་དང་དང་བ་ཆེན་པོས་དགའ་བསུ་ཡོད།།

ཤེས་རབ་ཀྱི་མིག་ཟུང་གསལ་ཞིང་རིགས་ཞེན་ཀྱི་སེམས་རྩ་དཀར་བའི་མཁྱེན་ལྡན་ཀློག་པ་པོ་ཡོངས་ལ་མཛའ་བརྩེས་འཚམས་འདྲི་ལ་བཀྲ་ཤིས་བདེ་ལེགས་ཞེས་པའི་ཁ་གཡང་སྙི་མོ་ཞིག་འབོད་པ་དང་ཆབས་ཅིག གུས་པས་ཐོག་མའི་ཞུ་བྱ་ལ་ཁྱེད་ཅག་གིས་གཤམ་བཀོད་ཀྱི་རྩོམ་ཡིག་འདི་བཀླགས་ཟིན་རྗེས་སུ་བརྗོད་དོན་ནོར་བ་གང་ཡོད་ལ་ཡོ་བསྲང་དང་། འགྲིག་པ་གང་ཡོད་དེ་དང་ལེན་ཡོང་བའི་རེ་འདུན་སྙིང་དབུས་ནས་ཞུ། རེད། ད་ནས་དངོས་སུ་རྩོམ་ཡིག་འདི་འབྲི་བར་འགོ་འཛུགས་རྒྱུ་དང་རྩ་བའི་ཆ་ནས་རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོ་དེ་རྒྱལ་བའི་བཀའ་དགོངས་བཞིན་རིགས་ལམ་གྱི་འཁྲིད་ཐབས་བརྒྱུད་རིགས་ལམ་གོང་འཕེལ་དང་སྐད་ཡིག་གཅེས་སྐྱོང་། གཞན་ཡང་ཚན་རིག་གི་གོ་རྟོགས་གོང་སྤེལ་སོགས་ཀྱི་སྐོར་སྤྱི་བཤད་དང་རྒྱས་བཤད་ཀྱི་སྡེ་ཚན་གཉིས་སུ་དབྱེ་སྟེ་འབྲི་རྒྱུ་ཡིན།

དང་པོ། སྐབས་བབ་ཀྱི་བརྗོད་དོན་སྤྱིར་བཤད་པ།

དེ་རིང་(༢༠༢༠ ། ༥ ། ༢༨ །) གི་བརྗོད་དོན་གཙོ་བོ་དེ་བསླབ་གཞི་འཁྲིད་ཐབས་ལ་གཤམ་དུ་གསལ་བའི་གནའ་དེང་ཟུང་འབྲེལ་གྱི་འཁྲིད་ཐབས་འདི་དག་ལག་ལེན་བྱས་ན། སུ་ཞིག་ལྟ་གྲུབ་དགེ་རྒན་ཡིན་པའི་ངོས་ནས་ཕྱག་རོགས་དགེ་རྒན་རྣམ་པ་དང་། སློབ་གྲྭའི་སློབ་མ་རྣམས་ལ་སློབ་ཁྲིད་ཀྱི་ཐོག་ནས་རོགས་འདེགས་ཞུ་ཐུབ་པ་གང་དང་གང་ཡོད་མེད་དེ་གཙོ་འདོན་བྱས་ནས་འབྲི་རྒྱུ་ཡིན་པས་དེ་ལུགས་ཐུགས་སྣང་གནང་རོགས། ང་རང་དེ་སྔོན་ལོ་ཤས་རིང་ལྟ་གྲུབ་དགེ་རྒན་གྱི་ལས་གཞི་ལ་དངོས་སུ་ལས་འཇུག་བྱས་རིང་། རང་ལ་ཐོབ་པའི་སློབ་དུས་དེ་གཙོ་བོ་ཞལ་འདོན་དང་རྩོད་རིགས་ཀྱི་ཚོགས་ཐུན་གཉིས་ཐོབ་ཀྱི་ཡོད་པ་ལས། གཙོ་བོར་རྩོད་རིག་གམ་རིགས་ལམ་དེ་གལ་ཆེན་དུ་བརྩིས་ཏེ་ཐབས་ཤེས་གང་དྲག་གིས་དུས་ཚོད་གང་མང་དེ་རུ་སྤྱད་པ་ཡིན། འདིའི་དུས་ཚོད་སྤྱོད་སྟངས་ཀྱི་གསལ་བཤད་འདི་གནད་འགག་ཅིག་ཡིན།
དེ་ནས་བསླབ་གཞིའི་ཆ་ནས་ལྟ་གྲུབ་དགེ་རྒན་ཞིག་ཡིན་པའི་ངོས་ནས་སློབ་མ་རྣམས་ལ་ཞབས་ཞུ་སྒྲུབ་ཐུབ་པ་གཙོ་བོར་སློབ་ཚན་ཁག་ལྔ་འདུག དེ་ཡང་དམིགས་བསལ་གྱིས་ཤེས་ཡོན་སྲིད་ཇུས་ཀྱི་དགོས་དམིགས་བཞི་དང་མཐུན་པར་ལས་འཇུག་སྟབས་བདེ་པོའི་སྒོ་ནས་ཞབས་ཞུ་སྒྲུབ་ཐུབ་པའི་གནས་སྟངས་དེ་འདྲ་རེད། ལྟ་གྲུབ་དགེ་རྒན་ཞིག་གི་འོས་འགན་ལས་གཞན་པའི་སློབ་ཚན་དང་བསླབ་གཞི་གང་ཡིན་ལས་སློབ་མ་ཚོར་ཞབས་ཞུ་སྒྲུབ་ཐུབ་པ་གང་མང་ཞིག་འདུག དེའི་རིགས་ཞབས་ཞུ་སྒྲུབ་པ་ཡིན་ན་དེས་ཕྱག་རོགས་དགེ་རྒན་རྣམས་ལའང་རོགས་འདེགས་ཞུས་པའི་བཟང་ཆ་ཆེན་པོ་ཞིག་ཆགས་ཀྱི་འདུག་པས། གནད་དོན་འདིའི་རིགས་ལ་ཀུན་གྱིས་ཐུགས་སྣང་གནང་དགོས་པ་དང་གནང་འོས་ས་ཤིག་ཡིན་པའི་ཚོར་སྣང་ཆེན་པོ་བྱུང་། བྱེད་ཕྱོགས་འདི་སློབ་ཚན་གཞན་པའི་དགེ་རྒན་དག་གིས་ཀྱང་ཕྱག་བསྟར་གནང་ན་གཅིག་ཕན་གཅིག་གྲོགས་ཀྱི་ལམ་ནས་སློབ་མའི་རྨོངས་པ་སེལ་ཐབས་དང་ཀུན་སྤྱོད་མཛེས་ཐབས་ཀྱི་དགེ་མཚན་དུ་མ་མངོན།
དེ་བས་སློབ་ཚན་གང་གི་དགེ་རྒན་སུ་ཞིག་ཡིན་རུང་ཚད་མ་རིག་པའི་རིགས་ལམ་གྱི་འགྲོ་སྟངས་གང་ལེགས་ཤེས་དགོས་པ་དེ་ཧ་ཅང་གི་གནད་འགག་ཅིག་ཏུ་མཐོང་སོང་། དེའི་རྒྱུ་མཚན་ནི། ཅི་སྟེ་དེ་ལྟར་ཤེས་པ་ཡིན་ན་གོང་དུ་བཤད་མ་ཐག་པའི་བྱེད་ཐབས་དེ་ལག་བསྟར་ཡོང་ཐུབ་པའི་གནས་སུ་མཆིས་པས་སོ། །
གོང་ཞུས་ཀྱི་སློབ་ཚན་ཁག་ལྔ་པོ་དེ་གང་ཡིན་ཞུ་ན། ༡ ལྟ་གྲུབ། ༢ ནང་ཆོས། ༣ གཏན་ཚིགས་རིག་པའམ་ཚད་མ་རིག་པའི་རིགས་ལམ། ༤ བོད་ཡིག ༥ ཚན་རིག་བཅས་ཁག་ལྔ་དེ་རེད། འོ་ན་ང་རང་གིས་སློབ་ཚན་དེ་དག་འཁྲིད་ཐབས་ལ་གོང་དུ་བཤད་པའི་གནའ་དེང་ཟུང་འབྲེལ་གྱི་འཁྲིད་ཐབས་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་བ་དང་དེ་ལག་ལེན་ལ་ཇི་ལྟར་བྱེད་ཀྱི་ཡོད་ཅེ་ན། སྤྱི་ཡི་ཆ་ནས་བསླབ་གཞིའི་སློབ་ཚན་འཁྲིད་སྟངས་ལ་རྣམ་པ་སྣ་ཚོགས་ཤིག་ཡོད་པ་ལས་གུས་པས་སློབ་ཚན་གང་ཞིག་འཁྲིད་ན་ཡང་ཉིན་རེར་འཁྲིད་ཐབས་གཙོ་བོ་དེ་ནི། འཕགས་ཡུལ་གྱི་མཁས་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱི་གསུང་རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་ཅན་དང་། །ཚིག་དོན་བཅས་དང་མཚམས་སྦྱར་དང་། །བརྒལ་ལན་བཅས་པར་བསྙད་པར་བྱ། །ཞེས་ཇི་སྐད་གསུངས་པ་ལྟར། སློབ་ཚན་གང་ཞིག་འཁྲིད་ན་ཡང་དང་པོར་སློབ་ཚན་དེ་སློབ་དགོས་པའི་དགོས་པ་གང་ཡིན་ངོ་སྤྲོད་བྱེད་པ། གཉིས་པ་སློབ་ཚན་དེའི་དོན་བསྡུས་ཀྱི་འགྲེལ་བཤད་ཁ་གསལ། གསུམ་པ་སློབ་ཚན་དེའི་ཚིག་འགྲེལ། བཞི་པ་སློབ་ཚན་དེའི་ཚིག་སྔ་ཕྱི་དང་དོན་སྔ་ཕྱི་བར་གྱི་མཚམས་སྦྱོར། ལྔ་པ་སློབ་མའི་བསམ་བློའི་ལྕོགས་ཚད་དང་འཚམ་པར་སློབ་ཚན་དེར་ལུང་རིགས་ཅི་རིགས་ཀྱི་སྒོ་ནས་བརྒལ་ལན་ནམ་དཔྱད་པ་བྱེད་པ་སོགས། བཤད་ཐབས་ཡན་ལག་ལྔ་ཡི་བཤད་ཚུལ་དེ་ཆེས་གལ་ཆེན་དུ་མཐོང་སྟེ་བཤད་ཚུལ་དེ་གཞི་ལ་བཞག་པའི་ཐོག་ནས་བཤད་པ་དང་། ཡང་བཤད་ཐབས་དེའི་གྲོགས་སམ་ཟུར་རྒྱན་དུ་རི་མོ་འདྲ་མིན། སྒྲུང་གཏམ་འདྲ་མིན། མཚར་གཏམ་འདྲ་མིན། རང་ཉིད་ཀྱིས་རྩེད་མཚར་དང་འབྲེལ་བའི་རྣམ་འགྱུར་འདྲ་མིན་ཅི་རིགས་ཀྱི་སྒོ་ནས་སློབ་མའི་སེམས་ཁམས་ལ་སྤྲོ་བ་བསྐྲུན་བཞིན་པའི་ངང་ནས་སློབ་གཞི་ལ་འཇུག་ཐབས་བྱེད་ཀྱི་ཡོད། འདི་ནི་ང་རང་གི་རྩ་བའི་ཆ་ནས་གནའ་དེང་ཟུང་འབྲེལ་གྱི་འཁྲིད་ཐབས་གང་ཞིག་ལག་བསྟར་བྱེད་ཀྱི་ཡོད་མེད་སྤྱི་བཤད་ཀྱི་ཟུར་གཅིག་ཡིན།
བཤད་ཐབས་དེ་དག་ལས་འཆད་འཁྲིད་ཀྱི་ལས་འགོ་རྩོམ་པ་ལ་དུས་རྟག་ཏུ་དགེ་རྒན་རང་ཉིད་ལ་ངེས་པར་དུ་ཡོད་དགོས་པའི་ཆ་རྐྱེན་གཙོ་བོ་དེ་ནི་སློབ་མར་བྱམས་བརྩེ་དང་གཅེས་སེམས་ཀྱིས་སྐྱོང་བའི་ལྷག་བསམ་བཟང་པོ་དེ་རེད་འདུག དགེ་རྒན་སུ་ཞིག་ལ་དེ་འདྲ་བའི་ལྷག་བསམ་བཟང་པོ་དེ་ལྡན་ན་སློབ་མ་ཚོའི་ངོས་ནས་དགེ་རྒན་དེར་རྒྱུན་དུ་ནས་ཡིད་ཆེས་དང་དགའ་མོས་གནང་ཞིང་། དེས་དགེ་སློབ་བར་གྱི་དམ་ཚིག་བཟང་བ། དེའི་སྟོབས་ཀྱིས་སློབ་མ་ཚོ་དགེ་རྒན་དེའི་སློབ་ཁྲིད་གང་དེར་ཉན་པར་སྤྲོ་བ། དོ་སྣང་མང་བ། སྤྱོད་ལམ་སོགས་ཀྱི་སློབ་སྟོན་གང་ཞིག་ཞུས་ནའང་དེ་སེམས་གཏིང་ནས་དང་ལེན་གཙང་མ་གནང་བ་སོགས་ཀྱིས་གནས་སྟངས་བཟང་པོ་མང་དག་ཅིག་ཡོང་གི་ཡོད། དེ་ཡང་དེ་ལྟར་ཡོང་གི་ཡོད་པར་རང་གིས་བྱས་པ་དང་གཞན་གྱིས་གནང་བས་དངོས་བདེན་ར་སྤྲོད་བྱུང་བ་སོགས་ཀྱི་གྲུབ་དོན་ཡིན། དེ་བས་རང་གིས་རང་ལ་ལྷག་བསམ་དེ་ཡོད་མེད་བརྟག་ཞོར་གྱིས་སློབ་ཁྲིད་ཀྱི་ལས་ལ་འཇུག་དགོས་པ་ནི་གནད་ཀྱི་གཙོ་བོ་ཚོར། ཅི་སྟེ་དགེ་རྒན་རང་ཉིད་ལ་ཆ་རྐྱེན་དེ་ལས་ལྡོག་ན་སློབ་མའི་ངོས་ནས་ཀྱང་གྲུབ་དོན་དེ་ལས་ལྡོག་པ་ཡོང་བའི་གནས་སུ་འཁུམས།
སློབ་ཚུལ་འདིའི་འོག་ནས་གོང་དུ་ཞུས་པའི་བསླབ་གཞི་ཁག་ལྔ་པོ་ལས་རང་ཉིད་ལ་འོས་འགན་དུ་བབས་པའི་ཚད་མ་རིག་པའི་རིགས་ལམ་དང་། ལྟ་གྲུབ། ནང་ཆོས་བཅས་གསུམ་པོ་དེ་གཙོ་བོར་སློབ་ཅིང་དེའི་ཞོར་དུ་བོད་པ་རང་ཉིད་ཀྱི་བླ་སྲོག་ཏུ་གྱུར་པའི་དབྱངས་གསལ་སོ་བཞི་ཡི་བདག་ཉིད་ཅན་གྱི་སྐད་ཡིག་རིན་པོ་ཆེ་འདི་དང་། དུས་རབས་ཉེར་གཅིག་གི་ནང་དུ་འཛམ་གླིང་སྤྱི་ཡོངས་ལ་ཧ་ཅང་ཁྱབ་རྒྱ་ཆེ་བའི་རིག་གསར་ཚན་རིག་གཉིས་ཀྱང་ཤེས་པར་བྱེད་ཐུབ་པའི་ཐབས་ལམ་མི་དམན་པ་ཞིག་ལྟ་གྲུབ་དགེ་རྒན་སུ་ཡིན་དེ་ཉིད་ལ་འདུག་ན་ངས་རྒྱུན་ལྡན་དེ་ལྟར་ལག་བསྟར་བྱེད་ཀྱི་ཡོད།
རིགས་ལམ་སློབ་ཞོར་དང་སྦྱོང་ཞོར་དུ་ཤེས་པར་བྱེད་དུ་འཇུག་རྒྱུ་མ་གཏོགས་བོད་ཡིག་དང་ཚན་རིག་གི་སློབ་ཚན་དེ་གཉིས་སློབ་ཆེད་དུ་དམིགས་སུ་བཀར་ནས་དུས་ཚོད་འཕར་མ་ཞིག་བླངས་ཏེ་སློབ་དགོས་པའི་གནས་སྟངས་དེ་འདྲ་གང་ཡང་ཆགས་ཀྱི་མི་འདུག་པས་འདི་ཡང་ངེས་པར་ཤེས་དགོས་པ་ཞིག་ཡིན་ཚོད་སྣང་།
སྐབས་འདིར་ཤེས་དགོས་པ་ལྟ་གྲུབ་དགེ་རྒན་ལ་དཀའ་ངལ་གཅིག་ཡོད། དེ་ནི་ད་ལྟ་(༢༠༢༠) ཡི་ཆར་སློབ་གྲྭ་ཕལ་ཆེར་བ་ལ་རིགས་ལམ་སློབ་པའི་སློབ་དུས་དེ་འོས་ཤིང་འཚམ་པ་ཞིག་རག་གི་མེད་པའི་གནས་སྟངས་དེ་རེད་འདུག་ན། སླད་མའི་ཆར་གནས་སྟངས་དེར་ངེས་པར་དུ་ཀུན་གྱིས་བསམ་གཞིག་བྱེད་དགོས་པའི་གནས་སུ་ལགས། ད་ལྟའི་སློབ་གྲྭ་ཕལ་མོ་ཆེ་ལ་རིགས་ལམ་སློབ་པའི་སློབ་དུས་སམ་རྩོད་དུས་དེ་སློབ་ཚན་ཐམས་ཅད་ལས་དུས་ཚོད་ཆེས་ཉུང་ཤོས་གྲས་ཤིག་ཡིན་པ་རེད་འདུག་པས་སློབ་དུས་མང་ཙམ་རག་པར་དབུས་ས་གཉིས་ཀ་ནས་ཐབས་ཤེས་གནང་དགོས་རྒྱུ་དེ་གལ་ཆེན་དུ་མཐོང་། དེ་ཡང་སློབ་དུས་ཀྱི་དུས་ཡུན་རིང་དུ་ཡོང་ཐབས་ལ་གཙོ་བོ་དབུས་ནས་གཟིགས་པ་མེད་ཚེ་དགེ་རྒན་རང་ངོས་ནས་ཐབས་ཤེས་ཇི་ལྟར་བྱས་ཀྱང་དེ་ཙམ་གྱིས་འདོད་བློ་ཁེངས་པ་ཞིག་བཙལ་ཐུབ་ཀྱི་མེད།
དེ་ནས་རིགས་ལམ་ལ་སྦྱོང་པ་བྱེད་སྐབས་གཙོ་བོ་ལྟ་གྲུབ་དང་ཚད་མ་རིག་པའི་གཞུང་ནས་བཤད་པའི་ཆོས་ཅན་དེ་དག་གཙོ་འདོན་བྱས་ཏེ་རིགས་ལམ་སོགས། ཕ་མེས་ཀྱི་རིག་གཞུང་གྱ་ནོམ་པ་དེ་དག་རྒྱུན་འཛིན་བྱེད་དགོས་པ་བཞིན་བྱེད་པ་དང་། དེ་བྱེད་ཐུབ་པ་ལ་ངལ་བ་གང་ཡང་མེད་པ་མྱོང་བའི་ངོས་ནས་མཐོང་ཆོས་སུ་གྲུབ་སོང་། འདི་གནད་འགག་ཅིག་རེད། དེའི་ཞོར་དུ་དགེ་རྒན་རང་ཉིད་བསམ་ཕྱོགས་གཅིག་འཛིན་གྱི་རྒྱ་ལས་དངོས་སུ་ཕྱིར་ཐོན་ཏེ། ཅུང་ཟད་གུ་ཡངས་ཀྱི་རྣམ་པའི་ཐོག་ནས་གསར་གཏོད་ཀྱི་ལམ་ཁར་འཇུག་དགོས་པ་དེ་ཧ་ཅང་གལ་ཆེན་དུ་མཐོང་། དཔེར་མཚོན་ན། སྐབས་བབ་ཀྱི་སློབ་མ་སོ་སོའི་ངོས་ནས་སློབ་ཚན་བོད་ཡིག་དང་། ཚན་རིག ལྟ་གྲུབ། ནང་ཆོས་བཅས་ལས་གང་ཞིག་ཏུ་དགའ་མོས་ཡོད་མེད་ཐད་དགེ་རྒན་རང་ཉིད་ཀྱིས་རྒྱུས་ལོན་ཡང་དག་པ་ཞིག་བྱས་རྗེས། ད་བཟོད་སློབ་མ་རང་རང་གིས་སློབ་ཚན་གང་ལ་དགའ་མོས་ཡོད་པ་དེར་ཆོས་ཅན་ཁ་སྤོ་བའི་གསར་གཏོད་ཀྱི་ཐོག་ནས་རིགས་ལམ་གྱི་རྩོད་པ་རྩོད་དུ་བཅུག་ཚེ། ཁོང་ཚོ་རྩོད་པ་ལ་སུན་སྣང་བྲལ་ཞིང་ཞེ་སྤྲོ་བའི་ངང་ནས་རྩོད་པར་འཇུག་པའི་ངང་ཚུལ་མཆིས། དེ་བས་ཚད་མ་རིག་པའི་རིགས་ལམ་ཡག་པོ་ཞིག་ཆགས་པའི་ཞོར་དུ་རང་ཉིད་གང་ལ་དགའ་མོས་ཡོད་པའིི་སློབ་ཚན་དེ་དང་དེར་གོམས་འདྲིས་ཐེབས་པ་སོགས་ཀྱི་དགེ་མཚན་མང་པོ་མཐོང་། དེ་བཞིན་དུ་སློབ་ཚན་གང་ཞིག་ཡིན་ཀྱང་དེའི་འཁྲིད་ཐབས་དེ་རིགས་ལམ་གྱི་རིགས་པའི་འགྲོས་དང་བསྟུན་ཏེ་བསླབ་ན། རིགས་འགྲོས་དེ་གཙོ་བོ་དྲི་བ་དྲིས་ལན་གྱི་རྣམ་པ་ཡིན་སྟབས། སློབ་མ་ཁོ་རང་ཚོའི་བསམ་བློ་དེར་རང་དབང་དང་བཅས་པའི་སྒོ་ནས་འབད་པ་བྱེད་ཀྱི་ཡོད་པའི་རྣམ་པས་གྲུབ་འབྲས་བཟང་བར་མཐོང་སྣང་དུ་བྱུང་།
ང་རང་ལོ་ཤས་རིང་དུ་ལྟ་གྲུབ་དགེ་རྒན་བྱས་རིང་། འཛིན་གྲྭ་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ལ་བོད་ཡིག་དགེ་རྒན་བྱེད་པའི་གོ་སྐབས་བྱུང་བས། དེའི་སློབ་ཁྲིད་སྐབས་གོང་ཞུས་ཀྱི་འཁྲིད་ཐབས་དེ་དག་གཞི་བཞག་ཐོག་རིགས་ལམ་གྱི་འགྲོས་དང་བསྟུན་ནས་སློབ་ཁྲིད་བྱས་པས་གྲུབ་འབྲས་གང་ལེགས་ཡོང་བར་མངོན། དེ་བས་འཁྲིད་ཐབས་འདིས་སློབ་མ་ལ་དམིགས་བསལ་ཕན་འབྲས་ཡོང་གི་ཡོད་པ་མ་ཟད། ལྷག་པར་དུ་རང་ཉིད་ལས་གཞན་པའི་ཕྱག་རོགས་དགེ་རྒན་རྣམས་ལ་རོགས་འདེགས་ཡོང་གི་འདུག་པས། འདི་ནི་གཞན་ཕན་གྱི་སྤྱོད་པ་ཧ་ཅང་མཛེས་པའི་རྣམ་པ་ཅན་ཞིག་ལག་ལེན་དུ་ཁེལ་གྱི་ཡོད་པར་ངོས་འཛིན་བྱེད་ཆོག་པ་སོགས་ཀྱིས་འདི་དག་བསླབ་གཞི་འཁྲིད་ཐབས་སྤྱིར་བཤད་ཀྱི་ཟུར་གཅིག་ཡིན། མདོར་ན་ལྟ་གྲུབ་དགེ་རྒན་ཞིག་གི་ངོས་ཐད་ནས་བཤད་ན་གོང་ཞུས་ཀྱི་འཁྲིད་ཐབས་དེ་དག་གིས་སྟབས་བདེ་བོའི་ངང་ནས་ཤེས་ཡོན་སྲིད་ཇུས་ཀྱི་ལྟ་གྲུབ་དང་མཐུན་པར་སློབ་ཁྲིད་ཀྱི་ཞབས་འདེགས་མང་པོ་མང་པོ་ཞིག་སྒྲུབ་རྒྱུ་ཡོད་པ་དང་། སྒྲུབ་ཐུབ་པའི་གནས་སྟངས་ཤིག་རེད་འདུག་ཅེས་ཞུ་རྒྱུ་དེ་ཡིན། དེ་ནས་བསླབ་གཞི་འཁྲིད་ཐབས་ཀྱི་སྤྱིར་བཤད་དེ་འདི་ཙམ་གྱིས་འཐུས་པ་བྱ་རྒྱུ་ཡིན།

གནའ་དེང་ཟུང་དུ་འབྲེལ་བའི་འཁྲིད་ཐབས་ཀྱི།།
ལག་ལེན་དངོས་མྱོང་བྱས་པའི་བརྒྱུད་རིམ་དང་།།
གྲུབ་དོན་གང་ཞིག་ཡོང་མིན་སྤྱིར་བཤད་ཙམ།།
ཚིག་ཉུང་དོན་བསྡུས་ཚུལ་གྱིས་བྲིས་པ་ཡིན།།

གཉིས་པ་དེའི་འཕྲོས་དོན་ཞིབ་ཏུ་བཤད་པ།

རིགས་ལམ་སློབ་དེབ་ཀྱི་སློབ་ཚན་ལས་རིགས་ལམ་སྦྱོང་སྐབས་སློབ་དེབ་དེར་ཆོས་ཅན་གང་ཞིག་ཡོད་མེད་དེ་གཅིག་པུ་རྩ་འཛིན་གནང་རྒྱུ་མ་ཡིན་པར་སློབ་ཚན་སོ་སོའི་ཐད་ཀ་ནས་སློབ་ཚན་དེ་འབྲེལ་གྱི་ཆོས་ཅན་དེ་དག་ཚན་རིག་དང་། རང་རེའི་སྐད་ཡིག་སོགས་ལ་ཁ་སྤོ་ནས་སློབ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་དུ་མཐོང་། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཆེན་པོ་གཉིས་ཡོད། གཅིག་ནི། དངོས་སུ་བསླབ་གཞི་ལ་འཇུག་མཁན་གྱི་སློབ་མ་ཚོས་སློབ་ཚན་མང་པོ་ཞིག་ལ་གང་མགྱོགས་ཀྱིས་གོ་རྟོགས་མཉམ་བསྐྱེད་ཡོང་གི་ཡོད་པ་དེ་དངོས་ཡོད་ཡིན་པ། གཉིས་ནི། རྒྱུན་དུ་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་ནས་ཚད་མ་རིག་པའི་རིགས་ལམ་འདི་ནང་ཆོས་གཅིག་པུ་ཙམ་ལ་བེད་སྤྱོད་རྒྱུ་མ་ཡིན་པར། གནའ་དེང་གི་རིག་གནས་གཞན་དང་གཞན་པ་ལ་བཀོལ་སྤྱོད་ཐུབ་པ་བྱེད་དགོས་པ་དང་། དེ་ལྟར་བྱས་ན་གང་གི་བསླབ་གཞི་དེ་ཤེས་སླ་བ། ཤེས་སྟངས་དེའང་གཏན་ཚིགས་རིག་པའི་རིགས་པ་དང་མཐུན་པ། ཚན་རིག་དང་མཐུན་པར་ཤེས་ཀྱི་ཡོད་པ་སོགས་དགེ་མཚན་དུ་མ་ཞིག་ཡོད་པ་ཡང་ཡང་གསུང་པའི་བསླབ་བྱ་དེ་ཉིད་ལག་ལེན་དུ་ཁེལ་བ་བྱས་པའི་གནས་སྟངས་དེ་གཉིས་ཡིན།
དེ་ཡང་། རིགས་ལམ་སློབ་དེབ་ལ་འཇུག་པའི་སྐབས་སུ་སློབ་ཚན་དེ་གཞི་གྲུབ་ཐད་ཀ་འཁེལ་གྱི་ཡོད་ན། གཞི་གྲུབ་ལས་འཕྲོས་པའི་གཟུགས་སོགས་བཤད་པའི་སྐབས་དང་བསྟུན་ནས་རིགས་ལམ་དེའི་ཆོས་ཅན་དེ་ཚན་རིག་གི་དངོས་པོ་ལ་ཁ་ཕར་ཕྱོགས་ཏེ། དཔེར་ན། གཤེར་གཟུགས་དང་གཟུགས་གཉིས་ལ་མུ་གསུམ་སྒྲིག་པ། ༼ མུ་གསུམ། ༡ གཟུགས་དང་གཤེར་གཟུགས་གཉིས་ཀ་ཡིན་པའི་མུ། ཆུ་ལ་སོགས་པ་གཤེར་གཟུགས་ཀྱི་རིགས་སོགས། ༢ གཟུགས་ཡིན་ལ་གཤེར་གཟུགས་མ་ཡིན་པའི་མུ། རྡོ་ལ་སོགས་པའི་སྲ་གཟུགས་ཀྱི་རིགས་སོགས། ༣ གཟུགས་དང་གཤེར་གཟུགས་གཉིས་ཀ་མ་ཡིན་པའི་མུ། མོ་གཤམ་གྱི་བུ་ལ་སོགས་པ།༽ དེ་བཞིན་དུ་སྲ་གཟུགས་དང་གཟུགས་གཉིས་ལ་མུ་གསུམ་སྒྲིག་པ། རླངས་གཟུགས་དང་སྲ་གཟུགས་གཉིས་འགལ་བ་ཡིན་པ་ལ་སོགས་པའི་རྩོད་པ། དེ་བཞིན་དུ་ཚན་རིག་ནས་བཤད་པའི་ཕྲ་ཕུང་རྐྱང་ལྡན་གྱི་སེམས་ཅན་འབུ་ཨ་མི་བྷ་ལྟ་བུའི་ཕྲ་ཕུང་དེ་གཟུགས་དང་། མི་རྟག་པ། དངོས་པོ། འདུས་བྱས། རང་མཚན། དོན་དམ་བདེན་པ་སོགས་རེ་རེ་ནས་ཡིན་པས་དེར་ཁྱབ་མཐའ་གཅོད་ནས་རྩོད་པ་ལ་སོགས་པ།
ཡང་རིགས་ལམ་གྱི་སློབ་ཚན་དེ་ལྡོག་པ་ངོས་འཛིན་གྱི་སློབ་ཚན་ལ་འཁེལ་གྱི་ཡོད་ན། ལྡོག་པ་ངོས་འཛིན་གྱི་རྩོད་རིགས་དེ་སྲ་གཟུགས་ལ་སོགས་པའི་སྟེང་དུ་ཕར་སྦྱར་ནས་རྩོད་པ། དཔེར་ན། སྲ་གཟུགས་ཀྱི་ལྡོག་པ་ཡིན་ཁྱབ་མཉམ་བཞི་དང་། དེའི་རང་ལྡོག་དང་དོན་ལྡོག་ལ་སོགས་པའི་རིགས་ལམ་རྩོད་པ། ཡང་ན་གཟུགས་ལས་འཕྲོས་པའི་འབྱུང་བ་བཞི་སོགས་རྩོད་སྐབས་རླུང་དང་འཚོ་རླུང་གི་ཁྱད་པ། དེ་བཞིན་དུ་ཀར་བོན་འཚོ་རླུང་དང་རླུང་གི་བར་དུ་མུ་གསུམ། མུ་བཞི། འགལ་བ། དོན་གཅིག་ལ་སོགས་གང་ཡོད་ཀྱི་རྩོད་པ། དེ་མིན་ན་སློབ་མ་ཁོ་རང་ཚོ་ཚན་རིག་གི་སློབ་ཚན་གང་དུ་འཁེལ་བ་དེ་དག་ལྡོག་པ་ངོས་འཛིན་གྱི་རྩོད་གཞུང་དུ་ཆོས་ཅན་ཚུར་སྦྱར་ནས་རྩོད་དུ་འཇུག་པ་སོགས་ཅི་བདེ་བྱེད་ཆོག
ཡང་སློབ་མ་འགའ་རེ་བོད་ཡིག་ལ་དགའ་མོས་ཡོད་མཁན་ཞིག་ཡིན་ན་དེ་དག་གི་བོད་ཡིག་སློབ་ཚན་དེ། དཔེར་ན། རྟགས་འཇུག་གི་ནང་ཚན་བྱ་བྱེད་ལས་གསུམ་ལ་ཁེལ་ཡོད་ན། བྱ་བྱེད་ལས་གསུམ་ཐ་དད་ཡིན་པ་རུ་སྦྱར་ནས་གཅིག་ཐ་དད་ཀྱི་རྩོད་པ། བྱ་ཚིག་དེ་བྱ་ཚིག་དང་མིང་ཚིག་གཉིས་སུ་དབྱེ་པའི་མིང་ཚིང་དང་འགལ་བ་ཡིན་པ་རུ་སྦྱར་ནས་འགལ་བའི་རྩོད་པ། བྱ་ཚིག་དང་ཚིག་གཉིས་ལ་མུ་བཞི་ཡིན་པ་རུ་སྦྱར་ནས་མུ་བཞི་ཡི་རྩོད་པ། བྱ་བ་གང་ཞིག་སྟོན་པའི་ཆིག་དང་བྱ་ཚིག་གཉིས་དོན་གཅིག་ཡིན་པ་རུ་སྦྱར་ནས་དོན་གཅིག་གི་རྩོད་པ།
ཡང་བྱ་བྱེད་ལས་གསུམ་སོ་སོ་དང་སྦྱར་ནས་ལྡོག་པ་ངོས་འཛིན་གྱི་རྩོད་པ། བྱ་བྱེད་ལས་གསུམ་དང་སྦྱར་ནས་སྤྱི་བྱེ་བྲག་གི་རྩོད་པ། བྱ་བྱེད་ལས་གསུམ་དང་སྦྱར་ནས་ཡིན་ལོག་མིན་ལོག་གི་རྩོད་པ། བྱ་བྱེད་ལས་གསུམ་དང་སྦྱར་ཏེ་རྒྱུ་འབྲས་ཀྱི་རྣམ་གཞག་ལ་རྩོད་པ། ཡང་ན། དུས་གསུམ་གྱི་རྣམ་གཞག་དང་། མིང་ཚིག་བརྗོད་པ་གསུམ་ལ་སོགས་པ། ཕྲད་རྣམ་དབྱེ་ལ་སོགས་པ་གང་དུའང་སྦྱར་ཏེ་གོང་བཞིན་རྩོད་པ་ཚང་མ་རྩོད་རྒྱུ་ཡོད་པས་འདི་ལྟར་ལག་ལེན་དུ་བྱས་ན་སློབ་མ་ཚོར་ཁེ་ཕན་ཅན་གྱི་ལམ་ཁ་ཞིག་ནས་འཁྲིད་ཀྱི་ཡོད་པ་དང་འགྲོ་གི་ཡོད་པར་མངོན་གསལ་ཡིན།
གོང་དུ་བཤད་མ་ཐག་པའི་སློབ་ཚུལ་འདི་དག་རིགས་ལམ་འཁྲིད་ཞོར་དང་། སྦྱོང་ཞོར་དུ་བོད་ཡིག་དང་ཚན་རིག་ཤེས་པར་རོགས་འདེགས་བྱེད་ཐུབ་པའི་གནས་སྟངས་དེ་རེད། གནས་སྟངས་དེ་གཞི་ལ་བཞག་པའི་ཐོག་ནས་རིགས་ལམ་སྦྱང་བ་ཡིན་ན་རིགས་ལམ་ཤེས་པ་དང་ཞོར་དུ་སློབ་མ་རང་རང་གི་སློབ་ཚན་རིགས་ལམ་ཙམ་མིན་པར། བོད་ཡིག་དང་། ཚན་རིག་ལ་སོགས་པར་གོ་རྟོགས་མྱུར་བ་དང་གོམས་པ་གཏིང་ཟབ་ཡོང་གི་ཡོད་པར་སོགས་དགེ་མཚན་དུ་མ་ཞིག་ཡོང་གི་ཡོད་པ་ནི་དངོས་ཡོད་ཡིན་པ་རང་གཞན་ཚང་མས་མཐོང་ཐུབ་པ་ཞིག་ཡིན་པའི་ཚོར་སྣང་གསལ་པོ་བྱུང་སོང་།
དེའི་ག་ལ་ཚད། ད་དུང་དམིགས་བསལ་དུ་མི་རིགས་རང་གི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་འདི་ཤེས་པ་ལ་རོགས་བྱེད་ཐུབ་པ་གང་མང་ཞིག་འདུག དེ་ནི་གོང་དུ་སྤྱིར་བཤད་ཀྱི་སྐབས་སུ་བཤད་ཐབས་ཡན་ལག་ལྔ་ཞུས་པ་ལས་གསུམ་པ་ཚིག་འགྲེལ་བཤད་སྦྱོང་བྱེད་པའི་གོ་སྐབས་དེ་བརྒྱུད་ནས་ནང་དོན་རིག་པ་དང་ཚད་པ་མ་རིག་པའི་གཞུང་ནས་བཤད་པའི་བརྡ་ཆད་སྤྱི་དང་། ལྷག་པར་དེ་དག་ལ་ཡོད་པའི་བརྡ་ཆད་རྙིང་པ་དེ་ཚོ། དཔེར་ན། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྟོན་པའི་ཚིག ༡ གཞི་བདེན་པ་གཉིས། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། ༢ ལམ་ཐབས་ཤེས་གཉིས། ཐབས་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས། མི་རྟག་དང་བདག་མེད་པ་སོགས་རྟོགས་པའི་ཤེས་རབ། ༣ འབྲས་བུ་སྐུ་གསུམ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ཞེས་པ་ལ་སོགས་པའི་བརྡ་ཆད། དེ་བཞིན་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྟོན་པའི་ཚིག ཐོག་མ་མ་རིག་པ། གཉིས་པ་འདུ་བྱེད་ཀྱི་ལས། གསུམ་པ་རྣམ་ཤེས། བཞི་པ་མིང་གཟུགས། ལྔ་པ་སྐྱེ་མཆེད། དྲུག་པ་རེག་པ། བདུན་པ་ཚོར་བ། བརྒྱད་པ་སྲེད་པ། དགུ་པ་ལེན་པ། བཅུ་པ་སྲིད་པ། བཅུ་གཅིག་པ་སྐྱེ་བ། བཅུ་གཉིས་པ་རྒ་ཤི། ཞེས་པ་ལ་སོགས་པའི་སོགས་པ་བརྡ་ཆད་དང་དེ་ལས་གཞན་པའི་དེའི་རིགས་ཀྱི་བརྡ་ཆད་རྙིང་པ་སོགས་སོ། །
དེ་བཞིན་དུ་རིག་གསར་ཚན་རིག་གི་གཞུང་ནས་བཤད་པའི་བརྡ་ཆད་གསར་པ་བོད་བསྒྱུར་བྱས་པ། དཔེར་མཚོན་ན། (solid) སྲ་གཟུགས། (liquid) གཤེར་གཟུགས། (gas) རླངས་གཟུགས། (natural gas) རླུང་གཟུགས། (oxygen) འཚོ་རླུང་། (carbon dioxide) ཀར་བོན་མཚོ་རླུང་ལ་སོགས་པ་དེ་དག་གི་ཚིག་དོན་རེ་རེ་བཞིན་འགྲེལ་ཏེ་བཤད་པ་དང་སྦྱོང་དུ་བཅུག་པ་ཡིན་ན། མི་རིགས་རང་གི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་གི་མིང་ཚིག་ཧ་ཅང་ཕྱུག་ཏུ་འགྲོ་བ་མ་ཟད། མིང་ཚིག་བརྗོད་པ་སོགས་ཀྱི་བསྟན་དོན་གོ་བས་ཕྱུག་པ་སོགས་ཡོང་གི་ཡོད་པ་དངོས་ཡོད་ཡིན།
དེའི་དབང་གིས་དཔེ་དེབ་གང་ཞིག་བཀླགས་ཀྱང་དཔེ་དེབ་དེའི་གཞུང་དོན་གང་ཡིན་གོ་སླ་བ། དེའི་རྒྱུ་མཚན་གྱིས་དཔེ་ཀློག་ལ་ཧ་ཅང་དགའ་མོས་ཡོང་བ། དེ་ཙམ་དུ་མ་ཟད་རང་རྩོམ་འབྲི་བ་ལ་ཡང་དགའ་མོས་ཡོང་གི་ཡོད་པ་སོགས་ཀྱི་གྲུབ་དོན་རབ་ཏུ་བཟང་། ལྷག་པར་དུ་རང་རྩོམ་ཅི་འདྲ་ཞིག་འབྲི་དགོས་ན་ཡང་དེ་འབྲི་བ་ལ་ཕན་ནུས་ཤིན་ཏུ་ཆེན་པོ་ཡོད།
དེ་ཡང་། རང་རྩོམ་ལ་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་། སྙན་རྩོམ། སྒྲུང་རྩོམ། སྒྱུར་རྩོམ། ལྷུག་རྩོམ་མམ་འབོལ་རྩོམ། འབེབས་རྩོམ། དཔྱད་རྩོམ་ལ་སོགས་པ་ཅི་ཞིག་བྲིས་པ་ཡིན་རུང་། དེ་དག་འབྲི་བ་ལ་ཆགས་ཐོགས་མི་ཡོང་བ་དང་རིགས་པ་དང་ལྡན་པ་ཞིག་འབྲི་ཐུབ་པར་ཕན་ནུས་ཤིན་ཏུ་ཆེན་པོ་ཡོད།
དེའི་རྒྱུ་མཚན་ནི། དང་པོ་མིང་ཚིག་གིས་ཕོངས་པ་མེད་པས་བརྩམས་ཆོས་གང་ཞིག་བྲིས་ཀྱང་མིང་ཚིག་མི་རག་པ་དང་མི་ལྡེང་བའི་དཀའ་ངལ་མེད། གཉིས་པ་རིགས་ལམ་གྱི་རིགས་འགྲོས་དེས་དཔྱད་རྩོམ་དང་འབེབས་རྩོམ་གང་ཞིག་བྲིས་ཀྱང་། དེ་འབྲི་བའི་གནས་སྐབས་སུ་རིགས་པ་དང་མཐུན་པའི་བརྩམས་ཆོས་ཚད་ལྡན་ཞིག་བཞེངས་བསྐྲུན་བྱེད་ཐུབ་པར་ཕན་ནུས་བླ་ལྷག་ཏུ་ཆེ་བའོ། །
འཕྲོས་དོན་ཞིབ་བཤད་འདི་ད་དུང་ཞིབ་ཏུ་བྲིས་ན་མང་པོ་ཞིག་འབྲི་དགོས་པ་འདུག་ཀྱང་། གནས་སྐབས་འདི་ཙམ་གྱིས་མཇུག་བསྡུ་རྒྱུ་ཡིན། འདི་ནི་ང་རང་གིས་དངོས་སུ་ལོ་འགའ་ཞིག་གི་རིང་ལ་ཇི་ལྟར་སློབ་ཁྲིད་བྱས་པའི་བརྒྱུད་རིམ་ཁྲོད་ཀྱི་མཐོང་སྣང་དང་གྲུབ་འབྲས་གང་བྱུང་མྱོང་བས་ཟིན་པའི་ཟིན་བྲིས་དཀར་པོ་འདི་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ། རང་རེའི་མཁྱེན་ལྡན་པ་ཡོངས་ལ་དཔྱད་གཞིར་བཀོད་པ་ལགས་པས་ཚིག་དོན་གང་གི་ཆར་འགལ་འཛོལ་ཅི་ཞིག་བྱུང་ཡོད་རིགས་རྣམས་ཐུགས་དགོངས་ཡངས་པོས་བཟོད་བཞེས་གནང་རོགས་གནོངས་ཞེས་གསལ་འདེབས་ཞུ་རྒྱུ་ལགས་སོ།།

རང་རེའི་རིག་གཞུང་གང་དག་འཁྲིད་ཐབས་སུ།།
རང་ལ་རིགས་པས་གང་ཞིག་རྙེད་པ་དེ།།
རང་གིས་གུས་པ་ཆེན་པོས་འབུལ་ལགས་ན།།
རང་རིགས་མཁྱེན་ལྡན་དག་གིས་དཔྱོད་ཅིག་ཀྱེ།།

ཅི་སྟེ་རང་གི་མཐོང་ཚུལ་བྲིས་པ་འདིར།།
ཚིག་དོན་ནོར་བའི་སྐྱོན་ཆ་གང་མཆིས་པ།།
གཟུར་གནས་སྐྱེ་བོ་ཡོངས་ཀྱི་སྤྱན་སྔ་རུ།།
མི་ཕྱེད་འགྱོད་པ་དྲག་པོས་བཟོད་གསོལ་ཞུ།།

དེང་བོད་རྒྱལ་ལོ་༢༡༤༧ རབ་བྱུང་བཅུ་བདུན་པའི་བགྲང་བྱ་སོ་བཞི་པ་ལྕགས་བྱི་ལོའི་ས་ག་ཟླ་བའི་ཡར་ངོས་ཚེས་པ་༨ དང་། ཕྱི་ལོ་༢༠༢༠ ། ༥ ། ༣༠ ཉིན་ལ།།