ལྷག་པ་དོན་གྲུབ།

མཚན་དཔེས་སྤྲས་པའི་སྐུ་གཟུགས་བརྗིད་ལྡན་ནམ་མཁའ་ནས།།
ཡན་ལག་དྲུག་ཅུའི་སིམ་པའི་གསུང་དབྱངས་འབྲུག་སྒྲ་ལྡིར།།
འགྲོ་ལ་བརྩེ་བའི་ཐུགས་ཀྱི་ཆར་རྒྱུན་ཆད་མེད་ཀྱིས།།
གདུལ་བྱའི་ཞིང་དུ་ཡོན་ཏན་ལོ་ཏོག་ཕུན་ཚོགས་དག།
འབྱུང་བའི་ཁུངས་གཅིག་ཉིད་ལས་གཞན་མེད་དེ་ལ་འདུད།།

ངེད་ཅག་ཁ་བ་རི་བའི་གཞིས་བྱེས་བོད་འབངས་ཡོངས་རྫོགས་ངལ་མེད་བདེ་བར་རྒྱུ་གནས་ཐུབ་ཅིང་། འཛམ་གླིང་སྐྱེ་འགྲོའི་ལྷན་དུ་དཔུང་པ་འདྲ་མཉམ་ལས་ལྷག་པ་གོང་དུ་བཏེགས་ནས་འགྲོ་སྐྱོད་ཐུབ་ཙམ་མ་ཟད། རང་ཡུལ་ལས་གཞན་ཡུལ་དུ་རང་དབང་གི་འཚོ་བ་ཆེས་ཆེར་ལོངས་སུ་སྤྱད་པའི་གོ་སྐབས་བཟང་པོའི་འབྱུང་གནས་དམ་པ། ༸རྒྱལ་དབང་བཅུ་བཞི་པ་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་ནས་བོད་འབངས་ས་ཡ་དྲུག་གི་ཚབ་བྱས་ནས་༸རྒྱལ་དབང་ཆེན་པོའི་སྐུ་ཚེ་ཡུན་གནས་དང་། གཞིས་བྱེས་མཉམ་འཛོམས་ཀྱི་རོ་མངར་སྦྲང་རྩིའི་བཅུད་ལ་དགའ་སྤྲོ་ཆེན་པོས་སྤྱོད་པའི་སྐལ་བཟང་སོན་ཕྱིར་ཕྱོགས་བཅུར་བཞུགས་པའི་༸རྒྱལ་བ་སྲས་བཅས་ལ་གསོལ་འདེབས་དང་། དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ལ་གདུང་ཤུགས་དྲག་པོས་རེ་བ་ཞུ།
སྔོ་བསང་ནམ་མཁའི་དབྱིངས་སུ་རྟ་བདུན་དབང་པོའི་སྤྱན་ཟུང་མ་ཕྱེ་ཞིང་། རྐང་གཉིས་མི་རྣམས་ལྟ་ཅི་ཁྱིམ་བྱ་དེ་ཕོའམ་དེ་མོ་རྣམས་ཀྱི་སྔ་དྲོའི་ཅོང་སྒྲ་མ་བསྒྲགས་པའི་སྔ་རོལ། ནམ་མཁའ་སྐར་ཚོགས་ཀྱིས་ཁེངས་པའི་དབུས་སུ་བསིལ་ཟེར་ཅན་གྱི་ཞལ་ཁྱིམ་གསལ་པོར་མངོན་ལ། འབུ་སྲིན་གྱི་སྐད་སྒྲ་གསང་པོར་ཐོས་པའི་ཐོ་རངས་ཀྱི་དུས་ན་ཞོགས་སྔ་ལངས་ཀྱིས་ལས་ལ་ཞུགས་མཁན་དང་། རྟ་བདུན་བདག་པོ་ནུབ་ཏུ་ཡིབ་ནས་སྲིན་བྱ་འུག་པ་བྲེལ་ཟིང་གིས་ཡར་རྒྱུག་མར་རྒྱུག་བྱེད་ཅིང་། མི་རྣམས་ཕལ་མོ་ཆེ་མལ་དུ་མནལ་བའི་དུས་སུ་དགོང་འཕྱི་ཉལ་གྱིས་ལས་ལ་ཞུགས་མཁན་དེ་སུ། གནའ་དུས་ཁྱིམ་གྱི་སྐྱེད་མས་དེ་ལྟའི་ལས་ལ་ཞུགས་མོད་ཀྱང་། དེང་རབས་བརྒྱ་ཕྲག་ཉི་ཤུ་རྩ་གཅིག་པར་དགེ་རྒན་ལས་གཞན་སུ་ཞིག་གིས་དེ་ལྟའི་ལས་ལ་ཞུགས་ཕོད་དམ།
ཁོ་བོས་བྲི་བྱའི་བརྗོད་གཞི་ནི་དགེ་རྒན་གྱི་ཁྱད་ལས་སྐོར་ཡིན། དེ་ཡང་ཐོག་མར་དགེ་རྒན་གྱི་ཚིག་ལ་ཅུང་ཙམ་དཔྱད་པ་དང་། དགེ་རྒན་གྱི་བྱ་བའི་རང་བཞིན་ལ་དཔྱད་པ། དགེ་རྒན་གྱིས་སློབ་ཕྲུག་སྐྱོང་ཚུལ་ལ་དཔྱད་པ། སྤྱི་ཚོགས་དང་སློབ་ཕྲུག་གིས་དགེ་རྒན་ལ་གཟིགས་ཚུལ།

ཀ) དགེ་རྒན་གྱི་ཚིག་ལ་ཅུང་ཙམ་དཔྱད་པ།

སྤྱིར་དགེ་རྒན་ཞེས་པའི་ཚིག་ནི་ངེད་ཅག་བོད་པའི་རིག་གནས་ཀྱི་ནང་དུ་བཀོལ་སྤྱོད་བྱས་ནས་དུས་ཡུན་ལོ་ངོ་བཅུ་ཕྲག་དྲུག་ཙམ་ལས་ཕྱིན་ཨེ་ཡོད་སྙམ། དེ་ཡང་དུས་ཕྱིས་བོད་པའི་སྤྱི་ཚོགས་ཁྲོད་དུ་རིག་གནས་གསར་པའི་ལྷགས་པ་ཕོག་རྗེས་སྤྱི་ཚོགས་དང་། ཆབ་སྲིད། དུས་ཀྱི་དགོས་མཁོ་སོགས་དང་བསྟུན་ནས་ཐ་སྙད་དེ་བཟོས་པ་ཡིན་སྐད། གནའ་དུས་བོད་རྒྱལ་སྲོང་བཙན་དུས་སྐབས་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་བོད་ཀྱི་སྒྲ་གདངས་ལ་བརྟེན་ནས་བཟོས་པའི་ཡི་གེའི་གཟུགས་གསར་བཟོ་གྲུབ་རྗེས་ནང་ཆོས་བོད་སྐད་དུ་འགྱུར་འགོ་བཙུགས་ནས་བཟུང་‘གུ་རུ་’ཞེས་པའི་རྒྱ་གར་གྱི་མིང་ཚིག་འདིའི་སྒྲ་འགྱུར་ལྕི་བའམ་ལྗིད་ཆེ་བའི་དོན་ཡིན་འདུག་ཀྱང་། དེའི་དུས་ཀྱི་ལོ་ཙ་བཀའ་དྲིན་ཅན་རྣམས་ཀྱིས་སྐབས་དེར་བླ་མ་ཞེས་འགྱུར་ནས་བཀོལ་སྤྱོད་བྱས་ཡོད་པ་ཚང་མས་ཤེས་གསལ་ལགས། དེ་ཡང་ཡོན་ཏན་ཁུར་གྱི་ལྕི་བས་ན་བླ་མ་ཞེས་འགྲེལ་བརྗོད་བྱེད་དུ་ཡོད་པ་ནི་དུས་རབས་བརྒྱ་ཕྲག་ཉི་ཤུ་འདིར་ཡང་སྤོབས་པ་ཆེན་པོས་ཁས་ལེན་ཐུབ་ཅིང་། འོན་ཀྱང་དུས་ཕྱིས་རང་ཡུལ་ནས་གྱར་ཏེ་མི་ཡུལ་དུ་འབྱོར་ནས་གཞན་གྱི་སྐད་དུ་ཡོད་པའི་ཐ་སྙད་གསར་པ་མང་པོའི་སྐད་དོད་བོད་སྐད་ལ་དགོས་མཁོ་གྱུར་སྐབས། ཨིན་ཇིས་བེད་སྤྱོད་བྱས་པའི་སློབ་གྲྭ་ཁག་ཏུ་སློབ་སྦྱོང་སྤྲོད་མཁན་ལ་ཊི་ཅར་ཞེས་པའི་མིང་ཚིག་དེའི་སྐད་དོད་དུ། དུས་རབས་ཉི་ཤུའི་ངེད་ཅག་མི་རབས་རྒན་པ་རྣམས་ཀྱིས་རྒྱ་གར་སྐད་ཀྱི་ཀལྱཱཎ་མིཏྲ་ཞེས་པའི་མིང་ཚིག་དགེ་བའི་གྲོགས་སམ་བཤེས་སུ་བསྒྱུར་ནས། དགེ་བའི་བྱ་བ་བྱེད་མཁན་རྒན་པར་འགྲེལ་ནས་དགེ་རྒན་ཞེས་པའི་སྐད་དོད་གསར་དུ་བཟོས་པ་ཡིན་འདུག་སྙམ།

ཁ) དགེ་རྒན་གྱི་བྱ་བའི་རང་བཞིན་ལ་དཔྱད་པ།

འཇིག་རྟེན་འདིའི་ནང་ལས་གནས་འདྲ་མིན་སྣ་ཚོགས་ཡོད་པའི་ཁྲོད་ནས་སྨན་པའི་བྱ་བ་ནི་ཤིན་ཏུ་རླབས་ཆེ་ཞིང་དགེ་ཕན་ཆེ་བར་གསུང་མཁན་མང་དག་འདུག་མོད། སྨན་པ་ནི་ཇི་ཙམ་བཀའ་དྲིན་ཆེ་ཡང་ཕྱིའི་གཟུགས་ཀྱི་དཀའ་ངལ་དག་ལ་བཟོ་བཅོས་གནང་བ་ཙམ་ཡིན་པས་མང་ན་ཚེ་འདིའི་ཆེད་དུ་ཟད། འོན་ཀྱང་དགེ་རྒན་གྱི་བྱ་བ་ནི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དམ་ཤེས་རབ་བཟོ་བཅོས་དང་སྦྲེལ་ནས་ཡིན་སྟབས། ཚེ་འདི་ལྟ་ཅི་སྐྱེ་བ་ཕྱི་མ་ཕན་ཆད་ལ་ཕན་ཐོགས་རྒྱ་ཆེར་སྒྲུབ་མཁན་བླ་མའི་མཛད་པ་ཕུད་པའི་དགེ་རྒན་གྱི་བྱ་བ་ལས་ཕན་རླབས་ཆེ་བའི་བྱ་བ་གཞན་འཇོག་དཀའ།
ཁོ་བོས་ལོ་བཅུ་བདུན་དགེ་རྒན་བྱས་པའི་ཉམས་མྱོང་གིས་བརྗོད་ཚེ། དགེ་རྒན་ཚོས་ཀུན་སློང་འཁྱེར་ཕྱོགས་ཟླ་བའི་གླ་ཕོགས་འབའ་ཞིག་ལ་བསམས་པ་དང་། སློབ་གྲྭའི་འཛིན་སྐྱོང་རྣམ་པའི་མིག་མདུན་མཛེས་པོ་མཐོང་ཕྱིར་དང་གནས་འཕར་སོགས་ལ་དམིགས་པའི་ཀུན་སློང་གིས་མ་བསླད་པ་ཡིན་ན། ཞོགས་པ་ལངས་ནས་མཚན་མོ་མ་ཉལ་བར་རྒྱལ་ཁབ་དེའི་མ་འོངས་མི་རབས་ཕྲུ་གུ་རྣམས་ཀྱི་སེམས་ཁམས་བཟོ་སྐྲུན་དང་འབྲེལ་བའི་རྫོགས་རྒྱུ་མེད་པའི་རང་འཁྲིའི་བྱ་བ་ལ་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ། ལྷག་བསམ་རྣམ་དག་གིས་སྒྲུབ་མཁན་དགེ་རྒན་ཞིག་ཡིན་ཚེ། དོན་དངོས་བྱ་བ་འདི་ལས་ཕན་རླབས་ཆེ་བའི་བྱ་བ་གཞན་ཞིག་མེད་པ་མངོན་སུམ་གྱིས་གྲུབ། ལྷག་པར་སློབ་ཕྲུག་སྐྱོང་བའི་བརྒྱུད་རིམ་ཁྲོད་དུ་ཉེ་དགའ་ཕྱོགས་ཞེན་དང་། ཡུལ་རིས་སུ་ཕྱེ་ནས་འཇིག་རྟེན་རང་དགའ་བའམ་འཇིག་རྟེན་ནག་པོའི་སྐྱོང་ཚུལ་ལྟར་འགྲོ་མཁན་གྱི་དགེ་རྒན་ནི་ཐ་ཆད་ཀུན་གྱིས་སྨད་ཡུལ་ཞིག་ཏུ་གྱུར་པས་ངེས་པར་ཡིད་གཟབ་བྱ་དགོས་སྙམ། སློབ་ཁྲིད་བྱེད་སའི་སློབ་ཕྲུག་རྣམས་རང་གི་ཕྲུ་གུ་ལྟར་འཛིན་སྟངས་མ་ནོར་བས་བསྐྱངས་ཐུབ་ན་སྐབས་རེ་ཉེས་རྡུང་གཏོང་དགོས་ཐུག་ཀྱང་དེ་ལྟའི་སྡིག་པ་ཨེ་ཡོད།
དགེ་རྒན་གྱི་བྱ་བར་ལས་བྲེལ་གྱི་དཀའ་ངལ་ཆེ་ཡང་། ནོར་འཛིན་ཡངས་པོའི་ཁྱོན་འདིར་ལས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་ཀུན་སློང་དང་བྱ་བ་མ་འཕྱུག་ན། དགེ་རྒན་གྱི་བྱ་བ་ལས་ལྷག་པའི་བསོད་ནམས་ཅན་གྱི་བྱ་བ་གཞན་ཅི།
དགེ་རྒན་རྣམས་ཉིན་མོ་འཛིན་གྲྭར་སློབ་ཁྲིད་ཀྱི་བྱ་བའི་སྔ་རོལ་འཆར་འགོད་བཟོ་རྒྱུ་དང་སློབ་ཁྲིད་གྲུབ་མཚམས་དགོང་མོ་ཞུ་དག་བྱ་དགོས་ཀྱི་བྱ་བའི་བྲེལ་ཟིང་ཆེན་པོ་ཡོད་གྱུར་ཀྱང་། ཉིན་མོར་འཛིན་གྲྭའི་སློབ་ཁྲིད་ཀྱི་བྱ་བ་རྣམས་སློབ་ཕྲུག་གི་སྟེང་དུ་བདེ་མོར་བབས་པའི་ཚོར་བ་བདེ་བ་ནི་རིན་གོང་ཇི་ཙམ་ཆེན་པོ་སྤྲད་ཀྱང་ཁྲོམ་ནས་ཉོ་རྒྱུ་མེད་པ་ཞིག་ཡིན། འོན་ཀྱང་དགེ་རྒན་རྣམས་དུས་རྟག་ཏུ་རིན་བྲལ་ཚོར་བ་བདེ་བའི་དཔལ་ལ་སྤྱད་པའི་གོ་སྐབས་ཐོབ་ཀྱི་མེད་པ་ནི་མངོན་སུམ་ལགས། དེའི་རྒྱུ་རྐྱེན་དོ་བདག་རང་ཉིད་དང་སློབ་ཕྲུག་བཅས་གཉིས་ལ་ཐུག་འདུག་སྙམ། དགེ་རྒན་རྣམས་རང་སོ་སོའི་ནང་དུ་རི་བོ་ལྟ་བུའི་དཀའ་ངལ་ཆེན་པོ་ཡོད་གྱུར་ཀྱང་སློབ་གྲྭར་བསླེབས་མཚམས་གཏམ་བརྗོད་འཁྲབ་པ་ལྟར་རྣམ་པ་འགྱུར་ཐུབ་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེ། དེ་མིན་རང་ཁྱིམ་གྱི་དཀའ་ངལ་རྐྱེན་གྱིས་འཛིན་གྲྭར་སེམས་ཁམས་འཁྲུགས་ཏེ་སློབ་ཕྲུག་གི་ནོར་འཁྲུལ་ཆུང་ཚགས་ལ་ཚིག་བཀྱོན་ཆེན་པོ་གནང་བ་དང་། དགེ་རྒན་རང་སོ་སོའི་ངམ་ནག་གི་རྣམ་འགྱུར་མ་སངས་པས་ཉིན་དེའི་སློབ་ཁྲིད་དོན་མེད་དུ་འགྱུར་ཉེན་ཆེན་པོ་ཡོད། དེ་ནི་སློབ་ཁྲིད་འདོད་བློ་བབས་པ་ཞིག་མི་འབྱུང་བའི་རྒྱུ་རུ་མངོན།
དེ་བཞིན་སློབ་ཕྲུག་ཚོར་ཆ་བཞག་ནའང་། ཞོགས་པ་ནང་ནས་ཐོན་སྐབས་སེམས་ཁམས་ཀྱི་གནས་སྟངས་འདྲ་མིན་སྣ་ཚོགས་ཡོད་པའང་ང་ཚོས་ཤེས་དགོས། སློབ་ཕྲུག་འགའ་ཞིག་ཕ་མ་ཡ་བྲལ་གྱི་ཕ་མའི་བརྩེ་བ་མ་ཐོབ་པའི་དཀའ་ངལ་དང་། འགའ་ཞིག་ཕ་མ་ཡ་བྲལ་མིན་ཡང་ཕ་མས་གཟིགས་རྟོག་མ་ཐོབ་ནས་མཚན་མོ་ཕྱིས་པོར་བསྡད་དེ་ཞོགས་པ་ཞོགས་ཇ་མ་རག་པ་དང་། འགའ་ཞིག་ཕ་མའི་ལྷན་དུ་ང་ཁྱོད་ཀྱི་ལབ་གླེང་བྱུང་ནས་སློབ་གྲྭར་བསླེབས་པ་སོགས་ཀྱི་གནས་སྟངས་འདྲ་མིན་སྣ་ཚོགས་ཡོད་པ་རྣམས་ངེད་ཅག་དགེ་རྒན་ཚོར་རྒྱུས་ལོན་མེད་ཚེ། དེ་ལྟའི་དཀའ་ངལ་ཅན་གྱི་སློབ་ཕྲུག་རྣམས་ཀྱིས་འཛིན་གྲྭར་རྣམ་འགྱུར་སྟོན་སྟངས་མ་འགྲིགས་པའི་རྐྱེན་གྱིས་འཛིན་གྲྭའི་སློབ་ཁྲིད་འདོད་བློ་མ་བབས་པ་འབྱུང་རྐྱེན་དུ་འགྱུར་ཉེན་ཡོད། དེར་བརྟེན་དགེ་རྒན་རྣམས་རྒྱལ་ཁབ་ཀྱི་མ་འོངས་སོན་རྩ་གསོ་སྐྱོང་གནང་མཁན་ཞིག་ཡིན་སྟབས་ཕྱོགས་ཡོངས་ནས་བསམ་བློ་གཏོང་ཟབ་གཏོང་རྒྱུ་ཧ་ཅང་གི་གལ་ཆེ། དེ་མིན་རྗེས་སུ་འགྱོད་པའི་ཁུར་ཆེན་འཁྱེར་ནས་སྡོད་རྒྱུ་ལས་གཞན་ཅི་ཡང་མི་གདའ། ཁོ་བོར་མཚོན་ན། སློབ་ཕྲུག་ཅིག་གིས་འབྲེལ་ཡོད་དགེ་རྒན་ཞིག་ལ་རྐང་ཀྱོག་ལབ་པའི་རྐྱེན་གྱིས། རང་ཉིད་དགེ་རྒན་ཡིན་པ་དྲན་པ་ཉེ་བར་མ་བཞག་པར་ཉོན་མོངས་ཀྱི་གཞན་དབང་དུ་གྱུར་ནས་སློབ་ཕྲུག་དེར་ཚིག་ངན་བརྗོད་པ་མ་ཟད། ཉེས་རྡུང་ཡང་ཕྲན་བུ་བཏང་བའི་ནོངས་འགྱོད་ད་ལྟའང་ཁོ་བོའི་སེམས་ངོར་གདུང་བཞིན་འདུག

ག) སློབ་ཕྲུག་སྐྱོང་ཚུལ་ལ་དཔྱད་པ།

དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་སྤྱི་ཚོགས་ཀྱི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་པ་ཚང་མས་ཤེས་གསལ་ལྟར། སློབ་གྲྭ་ཁག་ཏུ་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་གི་གནས་སྟངས་ཀྱང་ཧ་ཅང་གི་འགྱུར་བ་ཆེན་པོ་ཕྱིན་པར་ཐེ་ཚོམ་ཅི། དེ་ཡང་ཐོག་མར་སློབ་ཕྲུག་གི་བསམ་པའི་འཁྱེར་སོ་དང་སློབ་གྲྭར་སློབ་སྦྱོང་ལ་བརྩོན་འགྲུས་བྱེད་ཚུལ་ཐད་ཅུང་ཙམ་ཞུ་བར་འདོད། དུས་རབས་ཉེར་གཅིག་ཏུ་འཚོ་བཞིན་པའི་བཙན་བྱོལ་བོད་མི་རྣམས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་སྟབས་ཆེ་ཆེར་སྐྱོད་བཞིན་པའི་སྐབས་འདིར་སློབ་གྲྭར་འགྲིམ་མཁན་སློབ་ཕྲུག་རྣམས་ཧ་ལམ་བག་མེད་ཀྱི་འཚོ་བར་སྤྱོད་བཟོ་འདྲ་བོ་མཐོང་བཞིན་འདུག
དེ་ཡང་སློབ་ཕྲུག་རྣམས་མི་དགོས་ལུས་ཀྱིས་བསྟེན་པའི་ཉིན་རེའི་གྱོན་གོས་རྣམས་རིན་གོང་ཆེན་པོ་དང་། སྐད་གྲགས་ཅན་གྱི་བཟོ་གྲྭས་བསྐྲུན་པ་ཤ་སྟག་གྱོན་པ་ལས་དེ་མིན་སྤྱི་ཚོགས་ཀྱི་ནང་དུ་དཔུང་པ་མཉམ་འདེགས་ཀྱི་གནས་མི་ཐུབ་པ་ལྟ་བུའི་ལོག་རྟོག་དང་། ཁས་བསྟེན་པའི་རྔན་པའི་རིགས་ཀྱང་ཐེངས་རེར་ཅོག་ཙེ་གང་སྒྲིག་གཤོམ་བྱས་ནས་ཟ་བ་ལས་དེ་མིན་ཉམ་ཐག་གི་སློབ་ཕྲུག་གྲས་སུ་བརྩིས་པ་ལྟ་བུའི་ལོག་རྟོག་སོགས་ཚུལ་མིན་གྱི་བསམ་སྤྱོད་མ་རུང་པས་གྱོན་ནས་བསྡད་ཅིང་། དགོས་པའི་འབྲི་དེབ་དང་སློབ་དེབ། སྒྲུང་དེབ་སོགས་ཕྱག་ཏུ་བསྣམས་ནས་སློབ་སྦྱོང་ལ་བརྩོན་མཁན་སྣོད་ལྡན་སློབ་ཕྲུག་རྣམས་ལ་དོན་མེད་འཕྱ་སྨོད་དང་བཤུ་གཞོག་གིས་ཤེས་ཡོན་སློབ་སྦྱོང་ལ་སྤྲོ་བ་ཉམས་སུ་བཅུག་པའི་བྱ་སྤྱོད་ངན་པ་སྤེལ་མཁན་སློབ་ཕྲུག་གྲངས་འབོར་མང་དུ་འགྱུར་བཞིན་པ་ནི་མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་ཡོད་མཁན་རྣམས་ཀྱིས་ངེས་པར་སེམས་འཚབ་བྱེད་དགོས་པའི་གནས་ཤིག་མཐོང་།
དེ་ཡང་སློབ་ཕྲུག་དེ་དག་ཆུང་དུས་ནང་དུ་ཕ་མས་འཇམ་རྩུབ་རན་པོས་སྐྱོང་དགོས་པ་ལས། འཇམ་པོ་འབའ་ཞིག་དང་གཅེས་ལང་རྐྱང་རྐྱང་གིས་བསྐྱངས་པའི་སློབ་ཕྲུག་རྣམས་འཛིན་གྲྭར་དགོས་པའི་སློབ་ཁྲིད་ལ་དོ་སྣང་མེད་པར་མི་དགོས་སློབ་དགེ་རྣམས་ཀྱི་གྱོན་གོས་ལ་འཕྱ་སྨོད་དང་། སློབ་གྲྭའི་ཞལ་ལག་ལ་མཐོང་ཆུང་དང་ཞལ་ལག་མཆོད་མཁན་རྣམས་ལ་དོན་མེད་མིང་ངན་གྱི་ཞྭ་ནག་གཡོགས་པ་སོགས་ལོ་ཆུང་སློབ་ཕྲུག་རྣམས་ལ་དགོས་ངེས་ཀྱི་གཞི་རིམ་ཁྱད་ཆོས་རྣམས་ཐག་རིང་དུ་གྱུར་དང་འགྱུར་བཞིན་ཡོད་པའི་རྐྱེན་རྩ་ཞིག་ནི་ཕ་མ་དང་སྤུན་ཉེ་རྣམས་ཡིན་པར་དྭོགས།
དེའི་དཔེ་མཚོན་ཙམ་ཞུ་ན། སློབ་གྲྭའི་སྒྲིག་གཞི་དང་མ་འཚམས་པའི་དབུ་སྐྲ་འཇོག་མཁན་དང་སྒྲིག་ཆས་གྱོན་མཁན་སློབ་ཕྲུག་རྣམས་ནི་ཕ་མས་ནང་ནས་བཅོས་ཏེ་བཏང་ཐུབ་པ་ཞིག་ལ་དེ་ལྟར་འབྱུང་གི་མེད་པ་ནི་ཕ་མས་ལན་པ་ཡིན། དེ་ཡང་བཀུར་འོས་ཕ་མ་འགའ་ཞིག་གིས་རང་སོའི་ཕྲུ་གུའི་དབུ་སྐྲ་འཇོག་སྟངས་དང་སྒྲིག་ཆས་གྱོན་སྟངས་ལ་ཐད་ཀར་འགྲིག་མེད་པའི་བཀའ་མོལ་མ་གནང་བར་སློབ་གྲྭའི་དགེ་རྒན་གྱིས་བཀའ་བཀྱོན་གནང་ན་ངས་མི་ཤེས་ཞེས་སོགས་བརྗོད་དེ་ཕྲུ་གུའི་ཚུལ་མིན་གྱི་བྱ་སྤྱོད་དེ་དག་ལ་ཕ་མས་འགྲིགས་པ་ལྟ་བུའི་རྣམ་འགྱུར་བསྟན་པ་ནི་ཆེས་འགྱུར་བ་དགོས་པའི་གནས་ཚུལ་ཞིག་ཏུ་མཐོང་། དེ་མིན་སློབ་གྲྭ་ནས་དེ་རིགས་ཕྲུ་གུ་རྣམས་ཟུར་བཀག་གིས་དབུ་སྐྲ་གཅོད་འབྲེག་བྱེད་སྐབས་རྣམ་འགྱུར་ངན་པས་མཚོན་ཚིག་ངན་གྱིས་སློབ་དགེའི་སེམས་བསད་པ་དང་། དབུ་སྐྲའི་དོན་དུ་སློབ་གྲྭའི་དབུ་འཛིན་སར་བཅར་འཁྲིད་བྱེད་དགོས་འཁེལ་བ་དང་། ཕ་མ་ཆེད་འགུགས་བྱེད་དགོས་སོགས་དོན་མེད་ཀྱིས་དཀའ་ངལ་མང་པོ་འཕྲད་བཞིན་འདུག མདོ་དོན་བསམ་པའི་འཁྱེར་སོ་དེ་ལས་མེད་པའི་སློབ་ཕྲུག་རྣམས་སྐྱོང་སྤེལ་བྱེད་དགོས་པ་ནི་ཆེས་བཟོད་བསྲན་དང་དྲིན་ཆུང་དུ་མི་འགྲོ་བའི་ཐབས་ལམ་གྱིས་ཕ་མ་དང་དགེ་རྒན་ཟུང་ནས་བསྐྱངས་དགོས་པའི་དུས་ཤིག་བསླེབས་འདུག་སྙམ།
དེ་ཡང་དགེ་རྒན་རྣམས་ནི་རང་བབས་སློབ་ཁྲིད་ཀྱི་བྱ་བ་ལ་མཁས་པ་དགོས་རྒྱུ་ལྟ་ཅི། སློབ་ཕྲུག་སྐྱོང་ཐབས་ཀྱི་བྱ་བ་ལ་མཁས་པ་དགོས་རྒྱུ་ནི་དེ་བས་གལ་ཆེའི་ཚང་དགོས་ཆ་རྐྱེན་ཞིག་ཏུ་མཐོང་། གང་ལ་ཞེ་ན། ཁོ་བོས་འདས་པའི་ཉམས་མྱོང་ལ་གཞིགས་ཏེ་བརྗོད་ན། སློབ་གྲྭར་འགྲིམས་པའི་སློབ་ཕྲུག་རྣམས་སྡེ་ཚན་གསུམ་དུ་གཏོགས་སྙམ། དེ་ཡང་སྡེ་ཚན་དང་པོའི་ཁོངས་གཏོགས་སློབ་ཕྲུག་རྣམས་ནི་སློབ་དགེ་དང་ཕ་མ་གཉིས་ཀ་ལ་བརྟེན་མི་དགོས་པར་རང་འཁྲིའི་འོས་འགན་གྱི་བྱ་གཞག་རྣམས་མ་བསྐུལ་རང་ངོས་ནས་བྱེད་མཁན་ཡིན་ཞིང་། སྡེ་ཚན་འདིའི་ནང་དུ་སློབ་ཕྲུག་ཁ་གྲངས་བརྒྱ་ཆ་བཅུ་ཙམ་ལས་མེད། སྡེ་ཚན་གཉིས་པའི་སློབ་ཕྲུག་རྣམས་ནི་སློབ་དགེ་དང་ཕ་མ་ཟུང་གིས་རྒྱབ་སྐྱོར་ལ་མ་བརྟེན་པའམ་གཞན་གྱིས་བསྐུལ་དེད་ལ་མ་བརྟེན་པར་རང་ངོས་ནས་མི་བྱེད་ཅིང་། སྡེ་ཚན་འདིའི་ནང་དུ་སློབ་ཕྲུག་ཁ་གྲངས་ཧ་ལམ་བརྒྱ་ཆ་བརྒྱད་བཅུ་གྱ་ལྔ་ཙམ་ཡོད་ཅིང་། སྡེ་ཚན་གསུམ་པའི་ནང་གི་སློབ་ཕྲུག་རྣམས་ནི་སློབ་དགེ་དང་ཕ་མ་གཉིས་ཀས་གཡས་བསྐྱོར་གཡོན་བསྐྱོར་ཇི་ཙམ་བྱས་རུང་ཡར་རྒྱས་ཀྱི་འགྱུར་བ་གཏན་ནས་མེད་པར་རང་སྣང་གང་དྲན་གྱིས་སློབ་གྲྭའི་སྒྲིག་ཁྲིམས་སོགས་ལ་བརྩི་འཇོག་མི་ཞུ་མཁན་འབའ་ཞིག་ཡིན་ཞིང་། སྡེ་ཚན་འདིའི་ཁོངས་གཏོགས་སློབ་ཕྲུག་བརྒྱ་ཆ་ལྔ་ཙམ་ལས་མེད་ཀྱང་མང་དག་ཅིག་སློབ་གྲྭར་མུ་མཐུད་གནས་མི་ཐུབ་པར་རྩ་དགོངས་ཞུ་ཡི་ཡོད། དེར་བརྟེན་སློབ་ཕྲུག་གི་བརྒྱ་ཆ་ཆེས་འབོར་ཆེན་སྡེ་ཚན་གཉིས་པའི་ཁོངས་སུ་གཏོགས་ཡོད་སྟབས་དེ་དག་ལ་མུ་མཐུད་དགེ་རྒན་ཚོས་ལམ་སྟོན་དང་སྐུལ་དེད་བྱེད་དགོས་ན། དུས་རབས་ཉེར་གཅིག་གི་མཚམས་འདིར་སློབ་ཕྲུག་རྣམས་ལ་རྩུབ་པོ་འགྲོ་སའི་ལམ་ཁ་ཕྲ་མོ་ཙམ་ཡང་མེད་གཤིས། དགེ་རྒན་རྣམས་ཐབས་བརྒྱ་བྱུས་སྟོང་གིས་སློབ་ཕྲུག་སྐྱོང་ཐབས་ལ་མི་མཁས་ན་སློབ་ཕྲུག་གི་དཀའ་ངལ་བསལ་རྒྱུའི་ཚབ་ཏུ་དཀའ་ངལ་ཆེ་རུ་བཏང་སྟེ། དགེ་སློབ་གཉིས་ཀའི་བློ་ཡུལ་ལ་མེད་པའི་ཐག་ཆོད་སྐྱོ་བོ་བྱེད་དགོས་འཁེལ་གྱི་ཡོད་འདུག དཔེར་ན། སློབ་ཕྲུག་གི་ཆེ་མཐོང་ལ་མི་སེམས་པའི་དགེ་རྒན་ཚོར་མེད་འགའ་ཞིག་གིས། སློབ་ཕྲུག་ཆེ་གེ་མོས་ནང་སྦྱོང་དུས་ཐོག་མ་སྤྲད་པའི་རྐྱེན་གྱིས་འཛིན་གྲྭའི་སློབ་མའི་མདུན་སར་ཡར་བསླངས་ནས་བཀའ་བཀྱོན་གནང་བས་སློབ་ཕྲུག་དེའི་རང་མཐོང་ལ་གནོད་དེ། ཐད་ཀར་སློབ་དགེ་ལ་ཁ་ལན་སློག་པ་དང་། རྣམ་འགྱུར་ངན་པ་བསྟན་པ་སོགས་ལ་ཁོང་ཁྲོ་མེ་ལྟར་འབར་ནས་སློབ་ཕྲུག་དེ་འཛིན་གྲྭའི་ཕྱིར་བཏོན་པ་མ་ཟད། སློབ་སྤྱི་སོགས་འབྲེལ་ཡོད་འགན་འཛིན་རྣམ་པར་རྩིས་སྤྲོད་བྱས་པ་སོགས་ཀྱིས་དཀའ་ངལ་ཆེ་རུ་བཏང་པ་མཐོང་ཆོས་སུ་ཡོད་བཞིན་ལགས།
མདོར་ན། སློབ་ཕྲུག་སྐྱོང་ཐབས་ལ་མི་མཁས་ན་སློབ་ཕྲུག་གིས་བཟོས་པའི་ནོར་འཁྲུལ་ཆུང་ཚགས་རིགས་རྣམས་ཆེན་པོར་འགྱུར་ཉེན་ཡོད། དེ་ཡང་དམངས་ཀྱི་མདུན་སར་བཀའ་བཀྱོན་ལ་བཟོད་སྒོམ་ཐུབ་ཀྱི་མེད་པའི་སློབ་ཕྲུག་ཕལ་མོ་ཆེའི་རང་བཞིན་མི་ཤེས་པའི་སློབ་དགེ་དེ་ནི་སློབ་ཕྲུག་སྐྱོང་ཐབས་ལ་མི་མཁས་པའི་དཔེ་མཚོན་ཕྲ་མོ་ཙམ་ཞིག་ཡིན། དེར་བརྟེན་སློབ་དགེས་ཆད་མེད་ལམ་སྟོན་དང་གཟིགས་སྐྱོང་ལ་མ་བརྟེན་པར་སྒོ་གསུམ་གྱི་སྤང་བླང་སྟོན་མི་ཤེས་མཁན་སློབ་ཕྲུག་རྣམས་ལ་ཕན་ཕྱིར་སློབ་དགེ་རྣམས་སློབ་ཕྲུག་སྐྱོང་ཐབས་ཀྱི་བྱ་བར་མཁས་པ་ཞིག་དགོས་རྒྱུ་ཅིས་ཀྱང་གལ་ཆེར་མཐོང་།

ང་) སྤྱི་ཚོགས་དང་སློབ་ཕྲུག་གིས་དགེ་རྒན་ལ་གཟིགས་ཚུལ།

བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་སློབ་ཕྲུག་གིས་དགེ་རྒན་ལ་གཟིགས་ཚུལ་སྐོར་དགེ་རྒན་ཞིག་གི་ངོས་ནས་བརྗོད་དུས་ཇི་ཙམ་འོས་འཚམས་ཡོད་མེད་མི་ཤེས་ཀྱང་། གང་བརྗོད་པར་བྱ་བའི་དོན་དག་ནི་ཧ་ཅང་ངོ་གནོང་སྟེ་བློ་ཕམ་གྱི་ངང་ནས་བརྗོད་རྒྱུར། སྤྱིར་གང་ཟག་སུ་འདྲ་ཡིན་རུང་རང་ཉིད་ཀྱི་ཆེ་མཐོང་ནི་རང་ངོས་ནས་བཟོ་དགོས་པ་ལས་གཞན་གྱིས་གནང་གི་མི་འདུག་ཅེས་བརྗོད་ན། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཏུ་ངོས་འཛིན་གནང་མཁན་དཀའ་ཡང་། དོན་དངོས་སློབ་གྲྭ་ཁག་གི་དགེ་རྒན་ཚང་མར་ཆེ་མཐོང་དེ་ཙམ་མེད་པ་ནི་ཅིས་ལན་པ་ཡིན་མི་ཤེས། འོན་ཀྱང་སྤྱི་ཚོགས་ཀྱིས་དགེ་རྒན་ལ་གཟིགས་སྟངས་དང་ངོས་འཛིན་གནང་སྟངས་ཀྱིས་ལན་པ་ཞིག་ཏུ་ཡིན་སྙམ།
སྔ་མོ་ངེད་ཚོ་སློབ་གྲྭར་འགྲིམ་སྐབས་དགེ་རྒན་ལ་ཆེ་མཐོང་ཧ་ཅང་གི་ཆེན་པོ་ཡོད་ཅིང་། སྐབས་དེར་དགེ་རྒན་ཕལ་མོ་ཆེ་རྒྱ་གར་བ་ཡིན་པ་མ་ཟད། དགེ་རྒན་འགའ་ཞིག་གིས་འཛིན་གྲྭར་དོན་མེད་སློབ་ཕྲུག་གི་ཆེ་མཐོང་ལ་གནོད་པའི་ལས་རྩོམ་གྱི་ཡོད་པ་དང་། འགའ་ཞིག་གིས་ནི་ཆང་རག་བཏུང་ནས་འཛིན་གྲྭར་སླེབས་ཀྱི་ཡོད། ཡིན་ནའང་། སློབ་ཕྲུག་ཚོས་དགེ་རྒན་ལ་ཆེ་མཐོང་དང་བརྩི་བཀུར་ཆེས་བསྔགས་པར་འོས་པ་ཞིག་ཡོད་པ་ནི། ཕ་མ་ཚོས་དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་རྩ་བ་ཆེན་པོ་ཡིན་པའི་སློབ་གསོ་ལམ་སྟོན་ལ་བརྟེན་ནས་རེད་འདུག་སྙམ།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་དུ་ཚོང་པ་དང་། ཟ་ཁང་བདག་པོ་སོགས་བོད་མི་མང་པོས་དགེ་རྒན་རྣམས་གླ་ཕོགས་ཞན་པོ་ཡོད་པས་བཟའ་བཏུང་ལ་སེར་སྣ་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་ཁོ་བོར་གསུང་མཁན་བྱུང་། དགེ་རྒན་རྣམས་འགྲོ་ས་མེད་ནས་ལྷག་པ་དང་། དགེ་རྒན་གྱི་ཕྱིའི་གཟུགས་བྱད་དང་གྱོན་གོས་སོགས་ལ་ཕྲུ་གུའི་མིག་མདུན་དུ་དོན་མེད་སྐྱོན་བརྗོད་བྱེད་ཀྱི་ཡོད་སྟབས། སློབ་གྲྭར་སློབ་ཕྲུག་ཚོས་ཀྱང་སློབ་དགེ་རྣམ་པར་ལྟ་སྟངས་སྐྱོ་བོས་སློབ་གྲྭགས་གཞན་ལའང་མིག་ལྟོས་ངན་པ་བསྟན་ཏེ། དགེ་རྒན་དང་སློབ་ཕྲུག་དབར་གྱི་འབྲེལ་བ་བཟང་པོ་རྩ་བརླག་ཏུ་འགྲོ་ཡི་ཡོད་པ་མངོན་སུམ་ལགས། དེར་བརྟེན་ཕྲུ་གུའི་ཕ་མ་ལྷན་རྒྱས་ཀྱིས་ཀྱང་རང་གི་ཕྲུ་གུའི་སློབ་དགེ་རྣམས་ལ་གཟིགས་སྟངས་ལེགས་པོ་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེར་མཐོང་། སློབ་དགེ་འགའ་ཞིག་གི་རང་འཁྲིའི་ལས་འགན་ཚུལ་བཞིན་མ་གནང་རྐྱེན་གྱིས་ཕ་མར་གཟིགས་ཚུལ་ཡོང་སྲིད་ཀྱང་། དེ་ལྟའི་གནས་ཚུལ་ཕྲུ་གུའི་མདུན་དུ་མ་གླེང་པར་ཐད་ཀར་འབྲེལ་ཡོད་སློབ་གྲྭའི་འགན་འཛིན་ཚོར་གསུངས་ཐུབ་ན། བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུས་མཚོན་ཕྱོགས་ཡོངས་ལ་ཕན་ཐོགས་ཡོང་ངེས་སྙམ།
དེ་བཞིན་སློབ་ཕྲུག་ལ་ཆ་བཞག་ན་དགེ་རྒན་རྣམས་རང་གི་མི་ཤེས་པའི་མུན་པ་སེལ་བར་གྲོགས་བྱེད་མཁན་ཞིག་ཡིན་པར་བསམས་དགོས་པ་ལས་བསུན་པོ་བཟོ་མཁན་དང་། སྒྲིག་འགལ་ཅན་ལ་ཆད་པ་གཅོད་མཁན། ཐ་ན་དགྲ་ཡི་འདུ་ཤེས་འཛིན་པ་སོགས་ཀྱི་ཀུན་སློང་འཁྱེར་རྒྱུ་ཅམ་གྱིས་བཞག་སྟེ། བཟང་ཕྱོགས་འགྱུར་བ་དགོས་གལ་ཆེ། དེ་ཡང་དུས་རབས་ཉེར་གཅིག་གི་བོད་རིགས་སློབ་དགེ་ཕལ་མོ་ཆེ་ནི། ཉིན་རེའི་སློབ་ཁྲིད་ཀྱི་བྱ་བ་འཁྱོལ་ཙམ་ལ་རང་གི་ལས་འགན་གྲུབ་པར་མི་བལྟ་ཞིང་། སློབ་ཕྲུག་རྣམ་པའི་སྒྲིག་ཆས་གྱོན་སྟངས་དང་བཀའ་མོལ་གནང་སྟངས། འགྲོ་འདུག་སྤྱོད་གསུམ་གྱི་སྤང་བླང་སོགས་ཕྱོགས་ཡོངས་ཀྱི་འགྱུར་བར་བསམ་བློ་གཏོང་གི་ཡོད་པ་མ་ཟད། འབྲེལ་ཡོད་འཛིན་སྐྱོང་ནས་ཀྱང་ལམ་སྟོན་ཕེབས་ཀྱི་ཡོད་ན། ཞོགས་པ་སློབ་གྲྭ་ཚུགས་ནས་ཕྱི་དྲོ་འཛིན་གྲྭ་མ་གྲོལ་བར་ཕྲུ་གུའི་སྒོ་གསུམ་གྱི་བྱ་སྤྱོད་ལ་རྟོག་ཞིབ་བྱེད་སྐབས། མ་འགྲིགས་པར་འགྲིག་གི་མི་འདུག་ཅེས་བརྗོད་རྒྱུ་ནི་སློབ་དགེའི་ལས་འགན་ལྕི་མོ་ཞིག་ཏུ་མཐོང་སྟེ། སྒྲིག་འཛུགས་ལ་སྟངས་འཛིན་བྱེད་དུས་ཏན་ཏན་བསམ་བློའི་གནས་ཚད་མ་སྨིན་པའི་སློབ་ཕྲུག་ཚོའི་སེམས་ཚོར་ལ་དོ་ཕོག་འགྲོ་བཞིན་ཡོད་རུང་། དོན་དངོས་སློབ་ཕྲུག་ཚོའི་མ་འོངས་མི་ཚེའི་མདུན་ལམ་ལ་ཕན་པའི་ཕྱིར་དང་། མ་འོངས་བོད་རྒྱལ་ཁབ་ཀྱི་མི་སེར་སྲ་བརྟན་ཞིག་འཛུགས་ཐབས་ལ་སྤོས་པའི་གོམ་པ་དཀའ་མོ་ཞིག་ཡིན་པ་དུས་ཕྱིས་བསམ་བློ་སྨིན་ཚེ་ལོས་ཤེས།
མཐའ་དོན་ད་ལན་དགེ་རྒན་གྱི་ཁྱད་ལས་དང་འབྲེལ་བའི་བརྗོད་གཞིར་རྩོམ་བྲི་བྱ་རྒྱུའི་མདུན་པ་སྐྱེད་སྲིང་བྱེད་པར་རང་གི་མི་ཚེའི་གཏན་གྲོགས་ཀྱིས་སྐུལ་འདེད་ཡང་ཡང་གནང་བའི་ལན་དུ་འབྲི་རྩོམ་ཐ་ཆད་འདི་ཐོན་ཞིང་། གཉིས་ནས་རང་གཞུང་ཤེས་རིག་ལས་ཁུངས་ནས་འདི་ལྟར་རྩོམ་འབྲི་བྱ་དགོས་གསལ་བསྒྲགས་ཕེབས་པར་སློབ་དགེ་རྣམ་པས་སྣང་མེད་དེ་མུར་འཇོག་ཚེ་ལེགས་པོ་མ་མཐོང་ནས་ཁོ་བོས་བྲིས་པ་ལགས་ན། འདིས་བརྒྱུད་གང་ཟག་རེ་གཉིས་ལ་ཕན་པ་བྱུང་ནའང་དེའི་དགེ་རྩས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཐུགས་བཞེད་ལྟར་ཁོང་གི་སྐུ་ཚེ་བསྐལ་བརྒྱར་བཞུགས་གནས་ཐུབ་པར་བསྔོའོ།།