སྐལ་བཟང་ཉི་མ།
བཙུན་དགོན་སྒྲོལ་མ་གླིང་། འབྲིང་རིམ་དགེ་རྒན།

 
གླེང་གཞི།
རང་རེའི་སྐྱབས་བཅོལ་བའི་སློབ་གྲྭ་ཁག་གི་ནང་ཡིག་གཟུགས་འབྲི་སྦྱོང་ཐད་ནས་གཙོ་རྒྱུགས་ལྟ་བུ་ནི་དབུ་མེད་ཡིན་ལ། འདིར་ཡང་དབུ་མེད་འབྲི་སྦྱོང་ཐད་ནས་རང་གི་ཉམས་མྱོང་དང་བསམ་འཆར་བཞི་རང་མཉམ་དགེ་རྒན་དང་ཕ་མ་ཚོར་མཉམ་སྤྱོད་བྱེད་འདོད།
ཁོ་བོ་ཡིག་མཁན་དེ་འདྲ་མིན་པ་མ་ཟད། ལྷག་པར་དུ་དབུ་མེད་ཀྱི་ཡིག་གཟུགས་ནི་བཙན་བྱོལ་དུ་འབྱོར་རྗེས། ད་གཟོད་བཀའ་དྲིན་ཅན་གྱི་དགེ་རྒན་རེ་གཉིས་ཤིག་གི་སྒྲིག་གཞིའི་འོག་ནས་འབྲི་ཨེ་ཤེས་བལྟས་མོད། སློབ་གྲྭའི་གནས་སྐབས་སུ་སྣང་མེད་བྱས་ཏེ་རང་གི་འདོད་པ་ཁེངས་པ་ཞིག་ཀྱང་མ་བྱུང་ལ། ད་ཕན་ལོ་ངོ་བཅུ་ཕྲག་ལྷག་གི་དགེ་རྒན་གྱི་ལས་ཀའི་སྒྲིག་གཞིའི་འོག་ནས་ཡིག་གཟུགས་སློབ་ཐབས་དང་སྦྱོང་ཐབས་ཀྱི་འགན་འཁུར་མ་འཁྱེར་ཐབས་མེད་ཀྱིས་ཉམས་མྱོང་ཕྲན་ཚེགས་ཐོབ་པ་ཙམ་ཡིན།
དབུ་མེད་ཡིག་གཟུགས་འབྲི་སྦྱོང་ལབ་དུས་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གིས་“དབུ་མེད་ཀྱི་ཡི་གེ་ནི་སྣ་ཁ་གཅིག་མ་ཡིན་པར་རྣམ་གྲངས་དུ་མ་ཞིག་ཡོད། དེ་ཡང་ཐོག་མར་སུག་རིང་འབྲི་ཚུལ་སྦྱོང་དགོས། དེ་ཅུང་ཟད་ལོབས་པ་ན་ཚུགས་ཡིག་ཟེར་བ་དབྱིབས་གྲུ་བཞི་ཅན་ཇི་ལྟར་འབྲི་ཚུལ་སྦྱོང་དགོས། དེ་ལོབས་ནས་བར་བྲིས་ཟེར་བ་ཡིག་གཟུགས་ཅུང་ཟད་ཟླུམ་པོ་བྱང་ན་འབྲི་སླ་བ་ཅན་དེ་སྦྱོང་དགོས། དེ་ལེགས་པར་ལོབས་པ་ན་རྒྱུགས་ཡིག་གམ་འཁྱུག་ཡིག་ཇི་ལྟར་འབྲི་ཚུལ་སྦྱོང་དགོས་”ཞེས་གསུངས་པ་ལྟར་ལ། ཡང་ཁོང་གིས་“ཐོག་མར་ཡི་གེ་སྦྱང་ཚེ། ལུས་བཟུར་ནས་མི་འདུག་པར་དྲང་ཐད་དུ་འདུག ལུས་ཧ་ཅང་མི་དགྱེ་ཧ་ཅང་མི་སྒུར་བར་རན་པར་འདུག ཅོག་ཙེ་བརྟན་པོ་མཐོ་དམའ་ཚད་དང་ལྡན་པ་ལ་བརྟེན་ནས་བྲི་བའི་གཞི་སམ་ཊའམ་ཀ་ཤིང་ཟེར་བ་གཞི་ནག་པོ་ལ་སྣུམ་སྲབ་བུ་ཞིག་བྱུགས་ནས་རྩམ་པའམ་ཕྱེ་བླུགས་པས་དཀར་པོར་བསྒྱུར། ཐིག་ཤིང་བཟུང་ནས་ཐིག་འདེབས་པའམ། ཐིག་སྐུད་ཀྱིས་ཐིག་འདེབས་པའི་འཕྲུལ་བཀོལ་ན་བཟང་། ཤིང་སྤེན་མའི་སྨྱུ་གུ་ལག་ལེན་ལྟར་བཟོས་པ་སྨྱུག་མཆུ་རིང་བ་ཅན་དབུ་ཅན་འབྲི་ན་རྒྱབ་ཀྱི་གཡས་ཟུར་ཅུང་ཟད་ཐུང་བའི་མཚམས་ནས་གྲིས་བཅད། དབུ་མེད་འབྲི་ན་དེ་ལས་ལྡོག་སྟེ་བཅད་”ཅེས་དང་། ཡང་ཁོང་གིས་“སྨྱུག་ཁ་སོར་མོས་ཇི་ལྟར་འཛིན་ཚུལ་ནི། ཅུང་ཟད་བསྙལ་བའི་ཚུལ་གྱིས་འཛིན་དགོས། སྨྱུ་གུའི་མཚམས་གང་ནས་འཛིན་པ་དང་། སྨྱུག་ཁ་ཇི་ལྟར་འཁྲིད་ཚུལ། ཡིག་གཟུགས་ཀྱི་མགོ་དང་རྐེ་སོགས་སྔ་ཕྱིའི་འབྲི་རིམ། སྨྱུག་ཁ་བསྐོར་ནས་ཕྲ་སྦོམ་བཏོད་ཚུལ་རྣམས་ནི་གཙོ་བོ་དགེ་རྒན་གྱི་ཕྱག་ཁྲིད་ལ་བརྟེན་ནས་བསླབ་ན་མ་གཏོགས་ཡིག་ལམ་ནས་ཇི་ཙམ་བཤད་ཀྱང་བརྡར་ཤ་གཅོད་མི་ཐུབ་”ཅེས་གཙོ་ཆེར་དབུ་མེད་ཐོག་མར་འབྲི་སྦྱོང་གི་གོ་རིམ་ནས་བཟུང་སྟེ་སྔར་གྱི་ཡིག་གཟུགས་སྦྱོང་སྟངས་ཕལ་ཆེར་ཆ་ཚང་བ་ཞིག་ངོ་སྤྲོད་གནང་འདུག་ལ། ཁོ་བོས་འདིར་འདི་དག་བསྐྱར་ཟློས་བྱ་རྒྱུ་མིན་པར། དེང་སྐབས་རང་རེའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་ཡིག་གཟུགས་སྦྱོང་སྟངས་ཀྱི་སྣང་ཚུལ་མི་ལེགས་པ་བཞི་ངོས་འཛིན་དང་དེ་དག་ཐག་གཅོད་ཇི་ལྟར་བྱས་ན་ལེགས་ཚུལ་རང་གི་བསམ་འཆར་ལྟར་འཆད་རྒྱུ་ཡིན། ། ། །
གཅིག གཞན་ལ་ལྟོས།
ཡིག་གཟུགས་སྦྱོང་བའི་སྐབས་སུ་གཞན་ལ་ལྟོས་ཞེས་པ་འདི་ནི་ཁོ་བོ་སློབ་མའི་གནས་སྐབས་སུ་བོད་དབྱིན་སྐད་གཉིས་ཀྱི་ཡིག་གཟུགས་ལ་དོ་སྣང་བྱེད་ཕྱོགས་ཤིག་ཡིན་ལ། བྱེད་ཐབས་འདིས་ཁོ་བོར་སྐབས་དེར་ཡིག་གཟུགས་སྦྱོང་བར་དགའ་སྣང་དང་སེམས་ཤུགས་བླ་ལྷག་སྦྱིན་ཞིང་། ཁོ་བོའི་ཡིག་གཟུགས་ཇེ་ཡག་ཇེ་འཕེལ་དུ་འགྲོ་བར་རམ་འདེགས་གྱ་ནོམ་པ་བགྱིས་པས། རང་ཉིད་དགེ་རྒན་གྱི་ལས་གནས་སུ་ཞུགས་པ་ནས་སློབ་མ་རྣམས་ལའང་ཉམས་མྱོང་འདི་གདམས་ངག་ལྟ་བུ་ཞིག་གི་ཚུལ་དུ་ཡང་ཡང་དྲན་གསོ་བགྱིས་དང་བགྱི་བཞིན་ཡོད།
སྤྱིར་རང་ཅག་ཀུན་པོས་ཡིག་གཟུགས་སྦྱོང་འགོ་རྩོམ་པ་ནས་བཟུང་དགེ་རྒན་གྱི་འབྲི་སྟངས་སམ་མ་དཔེ་ཞིག་གཞིར་བཞག་སྟེ་དེ་ལ་བལྟས་ནས་སྦྱོང་བ་ལགས་ན། དེའང་གཞན་ལ་ལྟ་བར་རྩི་དགོས་པར་མ་ཟད་དེ་ནི་ཡི་གེ་སྦྱོང་མཁན་ཞིག་གིས་ཆེས་ཐོག་མའི་གཡོལ་ཐབས་མེད་པའི་ལམ་ཁའོ་ལབ་ཀྱང་ཅིས་མི་ཆོག་མོད། འདིར་དེ་ལྟ་བུ་ལ་བརྗོད་པ་མིན་པར། དགེ་རྒན་གྱིས་སློབ་མར་རང་དང་ཆེས་ཐག་ཉེ་བའི་འཛིན་ཁང་གི་ཅོག་ཙེ་སྟེང་གི་འདུག་རོགས་དང་འཛིན་གྲོགས་གཞན། གཏན་སློབ་ལྟ་བུ་ཡིན་ན་ཉལ་ཁང་ནང་ན་འཛིན་གྲྭ་དང་ལོ་ཚད་མཐོ་དམན་ལ་སོགས་པ་ཁྱད་པར་ཅན་མང་པོ་འཛོམས་ཕྱིར་ཉལ་ཁང་ནང་གི་གྲོགས་ཕོ་མོ། འཛིན་གྲྭ་དང་ཉལ་ཁང་གི་ཁྱད་མི་དབྱེ་བར་རང་རང་གི་སློབ་གྲྭའི་ནང་གི་སློབ་གྲོགས་ཡོངས། དེ་མིན་སློབ་གྲྭ་གཞན་གྱི་གྲོགས་པོ་དང་གྲོགས་མོ། ཡི་གེ་འབྲི་ཀློག་དང་འབྲེལ་བའི་ལས་ཀ་བྱེད་མཁན་ནམ་དེ་ལ་སྤྲོ་སྣང་ལྡན་པའི་ཁྱིམ་གྱི་ཕ་མ་གཉིས་དང་གཅེན་གཅུང་། ཁྱིམ་མཚེས་སོགས་གཞན་དང་གཞན་བཅས་ཀྱི་ཡིག་གཟུགས་ལ་ཡང་ཡང་ལྟ་དགོས་པའི་བླང་བྱ་འདོན་པ་ལ་བརྗོད་པ་ཡིན།
དེ་ལ་ལྟ་སྟངས་ཀྱི་ཐད་ནས་ཁོ་བོར་འདི་འགྲིག་དང་དེ་ནོར་ཞེས་གྲུབ་མཐའ་ལྟ་བུ་མེད་ལ། དགེ་རྒན་རང་རང་གི་སློབ་ཁྲིད་ཀྱི་ཉམས་མྱོང་དང་སློབ་གསོའི་ཁོར་ཡུག་སོགས་ལ་གཞིགས་ཏེ་ཐབས་ཤེས་སྣ་ཚོགས་བགྱི་ཆོག་པ་འ་ཅང་ཅང་། ཁོ་བོས་ནམ་རྒྱུན་ཁ་ནས་མ་ཎི་བཞིན་ཟློ་བ་ལ་གཉིས་ཡོད་དེ། ཡིག་གཟུགས་སྤྱི་ལ་ལྟ་བ། བྱེ་བྲག་གིས་ལྟ་བ་བཅས་ལས།
དང་པོ་ནི་དེང་སྐབས་བོད་ཕྲུག་སློབ་ཕྲུག་དང་མི་རིགས་གཞན་མང་པོ་ཞིག་གིས་བོད་ཡིག་འབྲི་སྦྱོང་བྱེད་པའི་སྐབས་སུ། འབྲི་དེབ་ཀྱི་འཕྲེད་ཐིག་སྟེང་གི་གོང་ཐིག་བཟུང་ནས་ཡི་གེའི་དབུ་སྙོམ་སྟེ་མི་འབྲི་བར། འོག་ཐིག་སྟེང་ཡི་གེའི་ཞབས་སྦྱར་ནས་འབྲི་བ་སོགས་ཐིག་རྩ་འཇུ་སྟངས་ཀྱི་ནོར་འཁྲུལ་ལ་བརྟེན་ནས་ཡི་གེ་བྲིས་པ་མི་དྲང་བ་བཅས་ཡིག་གཟུགས་སྤྱིའི་མཛེས་ཉམས་ཤོར་གྱིན་འདུག་ན། གཞན་གྱིས་ཡིག་གཟུགས་ཀྱི་རིགས་མི་འདྲ་བར་ཐིགས་རྩ་འཛིན་སྟངས་ཀྱིས་ཡིག་གཟུགས་ལ་མཛེས་ཉམས་ཇི་ལྟར་དོད་འདུག་པར་ལྟ་དགོས། སློབ་ཕྲུག་མང་པོ་ཞིག་གིས་ཡིག་གཟུགས་འབྲི་སྟངས་མ་ནོར་བར་འབྲི་ཡང་། བྲིས་པ་འཛིངས་པ་དང་ཡི་གེ་ཡི་བར་ཐག་རིང་དྲགས་པ་བཅས་ཀྱིས་ཡིག་གཟུགས་ཀྱི་ངོས་མི་སྙོམ་པར་བགྱི་བར་སོང་། གཞན་གྱིས་ཤོག་ངོས་དང་ཐིག་རྩ་ལ་ལྟོས་པའི་བར་སྟོང་འཇོག་སྟངས་ཀྱིས་མཚོན་པའི་ཤོག་ངོས་ཀྱི་ཆ་ཚད་ལ་ལྟ་དགོས། རེ་འགའ་ཞིག་གིས་ཤོག་ངོས་རེ་རེ་དང་ཡང་ན་ཐིག་ཕྲེང་རེ་རེའི་ནང་ཡིག་གཟུགས་ལ་ཆེ་ཆུང་ཤོར་ཏེ་བྲིས་པ་མི་སྙོམ་པར་སོང་། གཞན་གྱིས་བྲིས་པའི་ཡི་གེ་ཡི་ཆ་ཚད་ལ་ལྟ་དགོས་པ་བཅས་ལ་གོ
གཉིས་པ། བྱེ་བྲག་གིས་ལྟ་བ་ནི་གཞན་གྱི་ཡིག་གཟུགས་ཀྱི་སྨྱུག་ཁ་སྐོར་སྟངས་དང་འཐེན་སྟངས། གཅོད་མཚམས་སོགས་ལ་ལྟ་བ་ཡིན། དེ་ཡང་གཞན་གྱི་ཡིག་གཟུགས་ཡོངས་ལ་ལྟ་བ་དང་། གཞན་གྱི་ཡིག་གཟུགས་ཀྱི་ཁྲོད་ནས་རང་གི་བློ་ལ་འབབ་པའི་ཡིག་གཟུགས་བྱེ་བྲག་པར་ཡང་ཡང་ལྟ་བ། རང་གིས་འབྲི་མི་ཤེས་པའམ་འབྲི་ཁག་པའི་ཡིག་གཟུགས་བྱེ་བྲག་པར་ཡང་ཡང་ལྟ་བ། ཡང་བྱ་བ་ཅི་ཞིག་ཡིན་ཡང་ང་ཚོས་དགག་ཕྱོགས་ནས་བསླབ་བྱ་ལེན་རྒྱུ་ཡོད་པ་ལྟར། གཞན་གྱི་ཡིག་གཟུགས་ལ་ལྟ་བའི་སྐབས་སུའང་གཞན་གྱིས་བྲིས་པ་ནོར་བ་དང་བྲིས་པ་མི་ལེགས་པར་བལྟས་ཏེ་རང་ཉིད་ཇེ་ལེགས་སུ་གཏོང་བའི་ལམ་ཡང་བསྟེན་དགོས་ལ། གོང་གི་དྲང་ལྡོག་གང་ནས་ལྟ་བའི་སྐབས་སུ་ཡིན་ཡང་། མི་གཅིག་གི་ཡིག་གཟུགས་ལ་ཡང་ཡང་ལྟ་ཆོག་ལ། གོང་དུ་བརྗོད་པ་ལྟར་གཞན་མི་མང་པོ་ལ་ལྟ་དགོས་པའང་འ་ཅང་ཅང་།
གཞན་ལ་ལྟ་བའི་གོ་རིམ་འདི་ལས་སླ་མོ་ཞིག་ཏུ་མཐོང་མོད། འདི་ལའང་དགེ་རྒན་གྱི་གོ་སྒྲིག་དང་སྒྲིག་གཞི་མེད་པར་ལེགས་འགྲུབ་ཡོང་བ་ཞིག་མིན། སློབ་མ་རང་ངོས་ནས་མ་སྐུལ་དང་བླངས་ཀྱིས་ཚར་རེ་ཟུང་ལྟ་སྲིད་ཀྱང་། རང་རྒྱུད་ལ་གཞན་གྱི་ཡིག་གཟུགས་ཀྱིས་བག་ཆགས་ཟབ་མོ་འཇོག་པའི་བར་རྒྱུན་མཐུད་ནས་མི་ལྟ་བའམ། ཡང་ན་ལྟ་བར་སྟབས་བདེ་བོ་ཡོད་མི་སྲིད་པས། དགེ་རྒན་གྱིས་འཛིན་གྲྭ་གཅིག་གི་ནང་ཁུལ་གྱི་སློབ་མ་ཚོར་ཕར་ལྟ་ཚུར་ལྟ་བྱེད་དུ་འཇུག་པ་དང་། འཛིན་གྲྭ་ཕན་ཚུན་ལ་ལྟ་རེས་བྱེད་དུ་འཇུག་པ། ཡིག་གཟུགས་མིག་དཔེར་འོས་པའི་སློབ་མ་དང་དགེ་རྒན་གྱི་ཡིག་གཟུགས་འབྲི་དེབ་སོགས་གཡར་ནས་ལྟ་རུ་འཇུག་པ། བོད་ཕྱི་ནང་གི་ཡིག་མཁན་ཚོས་བྲིས་པའམ་ཡིག་གཟུགས་དུས་ཆེན་ལྟ་བུར་ཕུལ་བའི་གཞན་གྱི་ཡིག་གཟུགས་ཀྱི་པར་རིས་དང་བྱ་འགུལ་གྱི་བརྙན་རིས་ཕྱོགས་བསྒྲིགས་ཀྱིས་བརྙན་ལམ་ནས་ལྟ་རུ་འཇུག་པ་སོགས་ཀྱི་དགེ་རྒན་གྱི་ཐབས་ཤེས་དང་འགྲོགས་ན་སློབ་མས་གཞན་ལ་ལྟ་བའི་གོ་རིམ་ཡག་པོ་ཞིག་འཁྱོང་ངེས་སོ། ། ། །
གཉིས། དཔེ་ལ་མ་ཉོབ།
ལས་ཀ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན་ཟེར་བའི་དཔེ་ལྟར། ཡིག་གཟུགས་ལ་གསར་གཏོད་ཀྱི་ཆ་གཏན་ནས་མེད་པ་མིན་མོད། ཡིག་གཟུགས་སྦྱོང་བརྡར་གྱི་གོ་རིམ་ནི་དགེ་རྒན་ནམ་གཞན་གྱི་དཔེ་ལ་ལད་ཟློས་ཀྱིས་འགོ་རྩོམ་པའི་ཆོས་ཉིད་ཅིག་ལགས་ན། གལ་ཆེ་ཤོས་ནི་ལད་མོ་ཡག་པོ་ཞིག་བྱེད་ཤེས་རྒྱུ་དེ་ཡིན་ལ། དེ་ནི་དགེ་རྒན་ནམ་གཞན་གྱི་དཔེ་ལ་ལྟ་བར་མ་ཉོབ་པར་དཔེ་ལ་ལེགས་པར་བལྟས་པ་ལས་འབྱུང་བ་ཡིན་མོད། སློབ་ཕྲུག་མང་པོ་ཞིག་དཔེ་ལ་ལྟ་བར་ཉོབ་པའི་སྣང་ཚུལ་ཡོང་གིན་ཡོད་པ་མ་ཟད། དེ་ལ་བརྟེན་ནས་སློབ་ཕྲུག་གི་ཡིག་གཟུགས་ལ་ནོར་འཁྲུལ་ཤོར་བ་དང་ཡིག་གཟུགས་གོང་འཕེལ་ལ་འགོག་རྐྱེན་ཆེན་པོ་བཟོ་མོད། དགེ་རྒན་མང་པོ་ཞིག་གིས་དཔེ་སྤྲོད་རྐྱང་བྱེད་པ་ལས། སློབ་ཕྲུག་གིས་དཔེ་ལ་ཇི་ལྟར་བལྟས་ཡོད་མེད་ལ་བསྐྱར་ཞིབ་ཡེ་ནས་མི་བྱེད་པ་ནི་ཇི་འདྲའི་འགལ་འཛོལ་ཆེན་པོ་རེད་ཨང་།
དེང་སྐབས་སློབ་མ་མང་པོ་ཞིག་དགེ་རྒན་གྱི་དཔེ་ལ་ལྟ་བར་ཉོབ་སྟེ། དཔེ་ལ་ནན་ཏན་གྱིས་ལེགས་པར་མི་ལྟ་བ་དང་ཡང་ཡང་མི་ལྟ་བ། གཏན་ནས་མི་ལྟ་བ་བཅས་ཀྱི་ངང་ནས་ཡིག་གཟུགས་སྦྱོང་ཕྱིར། དགེ་རྒན་གྱི་མ་དཔེ་སྟེང་གི་ཡིག་གཟུགས་ཀྱི་སྤྱི་འགྲོས་ཙམ་ལས། ཡིག་གཟུགས་ཀྱི་གུག་དང་དྲང། སྦྱར་དང་མ་སྦྱར། འཐེན་པ་དང་བཅད་པ། ཕྱེ་དང་མ་ཕྱེ་སོགས་ཞིབ་ཚགས་ཀྱི་འགྲོས་རྣམས་མཐོང་གིན་མེད་ལ། ལྷག་པར་དུ་དགེ་རྒན་གྱི་ཡིག་རྒྱུན་ནམ་དགེ་རྒན་རེ་རེའི་གཞན་དང་མི་འདྲ་བའི་ཡིག་གཟུགས་འབྲི་རྩལ་ལ་དོ་སྣང་བྱེད་མ་བཏུབ་པར། སློབ་མས་ཡིག་གཟུགས་འབྲི་སྟངས་ནོར་བ་དང་བཟོ་ལྟ་མ་ཐོན་པ་དག་བསྐྱར་འབྲི་འོར་འབྲི་བྱས་ཏེ་རང་གི་ཡིག་གཟུགས་རང་གིས་སྦྱོང་བ་དང་། ཡིག་གཟུགས་སྦྱོང་སྟངས་འདིེས་སློབ་མའི་ཡིག་གཟུགས་ར་མ་ལུག་དང་ཡ་མ་ཟུང་ལྟ་བུ་ཞིག་ལས། སློབ་མའི་ལག་ལ་ཡིག་གཟུགས་ཁུངས་དང་ལྡན་པ་ཞིག་དང་དག་མོ་ཞིག་འབྱོར་ཐུབ་ཀྱིན་མེད་པས། སློབ་མ་རང་ངོས་ནས་ཡིག་གཟུགས་འབྲི་སྦྱོང་བྱེད་སྐབས་དགེ་རྒན་གྱི་དཔེ་ལ་ལྟ་བར་མ་ཉོབ་པར། དཔེ་ལ་ཡང་ཡང་ལྟ་བ་དང་ཞིབ་ཏུ་ལྟ་བ། ཡང་ན་དཔེ་དེ་རང་གི་མདུན་དུ་དགེ་རྒན་དངོས་སུ་ཡོད་པ་ལྟ་བུའི་འདུ་ཤེས་བསྐྱེད་དེ་ཡིག་གཟུགས་སྦྱང་རྒྱུ་ནི། ཁྱེད་ཀྱི་རྒྱུད་ལ་ཡིག་གཟུགས་ཀྱི་ཡོན་ཏན་རྣལ་མ་ཞིག་འབྱོར་བའི་ལམ་ཁོ་ན་དེ་ཡིན་པའི་སྐུལ་ལྕགས་རྒྱུན་དུ་གནང་དགོས་འདུག།
སློབ་མ་རྣམས་ཡིག་གཟུགས་ཀྱི་དཔེ་ལ་ལྟ་བར་ཉོབ་པའི་སྣང་ཚུལ་འདི་ལ་རྒྱུ་རྐྱེན་སྣ་ཚོགས་ཡོད་ཆོག་ནའང་། དགེ་རྒན་གྱིས་སློབ་མར་དཔེ་སྤྲོད་སྟངས་ལའང་བསམ་བློ་གཏང་དགོས་སྙམ། དཔེ་སྤྲོད་སྟངས་ཀྱི་ཐད་ནས་ད་ཕན་ང་ཚོའི་སྲོལ་རྒྱུན་ལྟ་བུར་གྱུར་བ་ནི། འཛིན་ཁང་ནང་ལ་མཚོན་ན་དགེ་རྒན་གྱིས་སློབ་ཕྲུག་ཡོངས་ལ་སྒོ་སམ་སྟེང་དཔེ་གཅིག་བྲིས་ཏེ་སློབ་མ་ཚང་མས་དེ་ལ་དཔེ་བལྟས་ནས་འབྲི་བ་དང་། དགེ་རྒན་གྱིས་སློབ་མ་རེ་རེའི་སྐྱོན་ལ་བརྟགས་ནས་ཡོ་བསྲང་བའི་ཕྱིར་དཔེ་མི་འདྲ་བ་འབྲི་བ་གཅིག་དང་། ཡང་སློབ་གྲྭའི་ཉལ་ཁང་དང་ཁྱིམ་ལ་བསྐུར་སླད། དགེ་རྒན་རང་ཉིད་ཀྱིས་སློབ་མའི་འབྲི་དེབ་ཐོག་ཤོག་ངོས་གཅིག་གི་འཕྲེད་ཐིག་རེ་རེའི་འགོ་ལ་ཡི་གེ་མི་འདྲ་བ་རེ་རེ་བྲིས་ཏེ་ཐིག་ཕྲེང་རེ་རེའི་དཔེ་རུ་སྤྲད་པ་དང་། ཤོག་ངོས་རེ་རེའི་འགོ་ཐིག་སྟེང་གསལ་བྱེད་ཀྱི་སྡེ་བ་རེ་དང་ཡང་ན་ཤོ་ལོ་ཀ་གཅིག་གི་རྐང་པ་གཅིག་ལྟ་བུ་ཤོག་ངོས་གཅིག་གི་དཔེ་ལ་སྤྲད་པ་གཉིས་བཅས་ལ། དཔེ་སྤྲོད་སྟངས་འདི་གཉིས་ང་ཚོས་ལོ་ངོ་མང་པོར་བཀོལ་སྤྱོད་བྱས་པས། ད་ནི་ཕལ་ཆེར་སློབ་ཕྲུག་ཚོའི་བློ་ལ་ཆུ་རྒྱུགས་རྒྱུགས་ལྟར་གྱུར་ཏེ། དགེ་རྒན་གྱི་ཡིག་གཟུགས་ཀྱི་མ་དཔེ་སློབ་མའི་ལག་ཏུ་མ་འབྱོར་གོང་ནས་དཔེ་ཇི་འདྲ་ཞིག་སྤྲད་རྒྱུ་ཡིན་པ། སློབ་མ་ཚོའི་བློ་ལ་ཝ་ལེར་འཆར་བ་ལྟར་གྱུར་ཏེ། སློབ་མ་རྣམས་ཀྱིས་དཔེ་ལ་ལྟ་མི་དགོས་པའམ་ལྟ་རྒྱུར་ཉོབ་པའི་ཚད་ལ་བསླེབས་ཟིན་པ་ལྟར་ལགས་ན།
ང་ཚོས་རང་རང་གི་ཁོར་ཡུག་གི་ཆ་རྐྱེན་དང་བསྟུན་ཏེ་དཔེ་སྤྲོད་སྟངས་འདི་གཉིས་ཐབས་བྱུས་གསར་པས་ལག་བསྟར་བྱེད་དགོས་ཏེ། དཔེར་ན་ས་སྨྱུག་དང་སྙུ་གུ་ཚོན་མདོག་འདྲ་མིན་གྱིས་འབྲི་བ་དང་། འབྲི་སྟངས་ཀྱི་ཐད་ནས་སྒོ་སམ་དང་འབྲི་དེབ་ཀྱི་གཡས་ངོས་དང་གཡོན་ངོས། དཀྱིལ་སོགས་ཉིན་རེར་རམ་གཟའ་འཁོར་རེར་བརྗེ་རེས་ཀྱིས་འབྲི་བ་ལྟ་བུ་སློབ་མའི་བློ་འགུག་ཐབས་གང་ཡོད་བསྟེན་དགོས།
ཡང་དེང་སྐབས་ཡིག་གཟུགས་ཀྱི་དཔེ་སྤྲོད་སྟངས་གསར་དར་ལྟ་བུ་ལ། ཡིག་མཁན་གཞན་གྱིས་བྲིས་པའི་ཡིག་གཟུགས་ཀྱི་མ་དཔེ་ཤོག་ལྷེབ་རེ་དང་རེ་འགའ་པར་སློག་བརྒྱབ་སྟེ་སྤྲོད་པ་གཅིག་དང་། ཡིག་མཁན་ཚོས་ཆེད་དུ་འབྲི་དེབ་ཧྲིལ་བོ་གཅིག་གི་སྟེང་ཡིག་གཟུགས་ཀྱི་མ་དཔེ་བྲིས་ཏེ་དེབ་གཟུགས་སུ་པར་སྐྲུན་བགྱིས་པ་མཁོ་སྒྲུབ་ཀྱིས་སྤྲོད་པ་གཉིས་ཡོད་ལ། འདི་ནི་དུས་རབས་ཀྱི་མཐུན་རྐྱེན་ཞིག་ཡིན་ལོས་ཆེ་མོད། ཤོག་ལྷེབ་གཅིག་དང་འབྲི་དེབ་གཅིག་སློབ་ཕྲུག་གི་ལག་ཏུ་བཞག་ཙམ་ནི་སླར་ཡང་སློབ་མ་དཔེ་ལ་ཉོབ་རྒྱུ་ལས་མ་འདས་ཕྱིར། པར་སློག་ལྟ་བུ་ལ་མཚོན་ན་ཤོག་ལྷེབ་ཀྱི་མདོག་དང་དབྱིབས་སྣ་ཚོགས་ཅན་དུ་བྱས་ཏེ། སློབ་མའི་མིག་གིས་མཐོང་ཙམ་ནས་ནམ་རྒྱུན་གྱི་ཤོག་ལྷེབ་དཀར་པོ་ལས་ལྡོག་སྟེ་སྣང་བ་ཞིག་བཟོ་དགོས་ཤིང་། འབྲི་དེབ་ལྟ་བུ་ལ་མཚོན་ན་སློབ་གྲྭ་དང་ཕ་མ་མང་པོས་བེད་སྤྱོད་བྱེད་ལ་སྟབས་བདེ་བོར་ཡང་མཐོང་ཡང་། ཡིག་གཟུགས་ཀྱི་མ་དཔེ་རུ་འབྲི་དེབ་ཧྲིལ་བོ་གཅིག་སྤྲད་ཚེ། སློབ་མ་རྣམས་ཡར་མཆོང་མར་མཆོང་གིས་ཡིག་གཟུགས་གོ་རིམ་ལྟར་མི་སྦྱོང་བ་དང་། ཤོག་ངོས་གཅིག་གི་དབུ་ན་ཡོད་པའི་དཔེ་དེ་འཕྲོས་ཀྱི་སྟོང་ཐིག་དག་གི་སྟེང་བྲིས་ཙམ་གྱིས་མི་འབྱོར་བ་སོགས་ཀྱི་སྐྱོན་འདུག་ན། འབྲི་དེབ་ཡིན་ཡང་སློབ་མའི་ལག་ཏུ་ཤོག་ལྷེབ་རེ་རེའམ་ཤོག་ངོས་རེ་རེ་བྱས་ཏེ་བཞག་ཚེ། གོང་གི་སྐྱོན་རྣམས་སྤང་ཐུབ་པ་དང་། སྔར་བཤད་པའི་པར་སློག་དང་འབྲི་དེབ་ཀྱི་ཤོག་ལྷེབ་རེ་རེ་ལའང་མཐོ་དམན་གྱི་གོ་རིམ་བསྒྲིགས་ནས་ཁྱད་པར་ཕྱེས་ཏེ། སློབ་མ་ལ་རང་འགར་གང་འདོད་དུ་སྤྲོད་པ་མིན་པར། སློབ་མའི་ཡིག་གཟུགས་ཀྱི་ཆུ་ཚད་དང་བསྡུར་ནས་སྤྲད་ན། དཔེ་དེ་སློབ་མ་ཁ་ཤས་ལ་ཐོབ་པ་དང་ཁ་ཤས་ལ་མ་ཐོབ་པ་ལྟ་བུས་དཔེ་དེ་ལེན་པར་འགྲན་རྩོད་དང་རྩེད་མོའི་རྣམ་པའང་ལྡན་ཕྱིར། སློབ་མ་རྣམས་དཔེ་དེ་ལ་བརྩེ་བ་ཡོད་པར་འགྱུར་བ་བཅས་ཀྱི་རྣམ་པ་འདོན་དགོས་སོ། །
དེས་ན་རང་མཉམ་དགེ་རྒན་རྣམ་པས་ཡིག་གཟུགས་ཀྱི་དཔེ་སྤྲོད་སྟངས་ལ་ཐབས་ཤེས་གསར་པ་བཙལ་ནས་སློབ་མ་རྣམས་ཁྱེད་ཀྱིས་གནང་པའི་དཔེ་ལ་ལྟ་བར་ཉོབ་རྒྱུ་ལས་ལྡོག་སྟེ། དགེ་རྒན་གྱི་དཔེ་དང་ཁ་འབྲལ་མི་འདོད་པའམ་དཔེ་དེ་བློ་ངོར་གསལ་ལྷང་ངེར་འཆར་བ་ཞིག་བཟོ་རྒྱུ་གལ་ཆེ་ལ། སློབ་མ་རྣམས་ཀྱང་དགེ་རྒན་གྱི་དཔེ་ལ་ལྟ་བར་མ་ཉོབ་པར་ཡིག་གཟུགས་སྦྱོང་བར་གཟབ་འཚལ་ཞེས་ཞུ། ། ། །
གསུམ། ཆེན་པོ་ཕྲིས།
དེང་སྐབས་རང་རེའི་སློབ་གྲྭ་ཁག་ཏུ་ཡིག་གཟུགས་སྦྱོང་སྲོལ་ལྟ་བུ་ལ་ཐོག་མར་འཛིན་གྲྭ་དང་པོ་ནས་གསུམ་པ་བར་ཚུགས་རིང་། དེ་ནས་ཚུགས་ཐུང་དང་ཡིག་ཆུང་། ཚུགས་མ་འཁྱུག་བཅས་གོ་རིམ་བྱས་ཏེ་སྦྱོང་ལ། སྔ་མ་དག་ནི་ཡིག་གཟུགས་འབྲི་མཁན་གྱི་དབང་དུ་མི་འགྲོ་བར། གཏུབས་སྨྱུག་གིས་འབྲི་བའི་ཡིག་གཟུགས་ཆེ་བའི་གྲས་ཡིན་པས། ཆེན་པོ་ཕྲིས་ཞེས་དམིགས་གསལ་བླང་བྱ་འདོན་མི་དགོས་མོད། ཕྱི་མ་དག་གི་སྐབས་སུ་དེང་སྐབས་སློབ་མ་རང་རང་གི་འདོད་མོས་ལྟར་སྨྱུག་ཁ་བཅད་པ་དང་མ་བཅད་པ་གཉིས་ཀས་འབྲི་སྦྱོང་བྱེད་ཅིང་། དེ་ལ་དགེ་རྒན་གྱིས་ཀྱང་སྨྱུ་གུ་འདི་དང་དེ་ཡིས་འབྲི་དགོས་ཞེས་ཐག་གཅོད་བྱེད་མི་དགོས་པ་ལྟར་མཐོང་། འོན་ཀྱང་། གནད་དོན་ནི་སློབ་ཕྲུག་ལ་ལས་སྨྱུག་ཁ་མ་བཅད་པའི་སྨྱུ་གུ་ཡིས་ཡི་གེ་ཆུང་ཆུང་བྲིས་ཏེ་ཡིག་གཟུགས་འབྲི་སྦྱོང་བྱེད་པ་ནི་གོམས་གཤིས་ལེགས་པོ་ཞིག་ཏུ་གཏན་ནས་མ་མཐོང་ཕྱིར། ཁོ་བོས་སློབ་མ་དེ་ལྟ་བུ་རྣམས་ལ་གོང་གི་ཡིག་གཟུགས་འདི་རིགས་ཐོག་མར་འབྲི་སྦྱོང་བྱེད་པའི་སྐབས་སུ་ཆེན་པོ་ཕྲིས་ཞེས་བླང་བྱ་འདོན་བཞིན་ཡོད་པ་དང་། ཡིག་གཟུགས་སྦྱོང་སྐབས་ཆེན་པོ་མ་བྲིས་ན་སྐྱོན་ཅི་མཐོང་གཤམ་དུ་བརྗོད་པར་བྱ།
སྤྱིར་མི་ཞིག་གི་ཡིག་གཟུགས་ཀྱི་ཆེ་ཆུང་ནི་མི་རེ་རེའི་འབྱུང་གཤིས་དང་དགའ་ཕྱོགས་སོགས་རྐྱེན་མང་པོ་ཞིག་ལ་ལྟོས་བཅས་ཀྱིས་ཐག་གཅོད་པ་ཞིག་ཡིན་ཙ་ན། གཞན་གྱི་སློབ་སྟོན་དང་ཁྲིད་སྟོན་སོགས་ཀྱིས་ཤུགས་རྐྱེན་ཅི་ཙམ་འཐེབས་ཀྱིན་ཡོད་མེད་བཤད་ཚོད་མི་ཐལ་ཡང་། འདིར་གོང་དུ་བཤད་པ་ལྟར་ཡིག་གཟུགས་སྦྱོང་བའི་གོ་རིམ་ཁྲོད་ཀྱི་འགྲོ་ལུགས་ཤིག་ལ་གཞི་བཅོལ་ན། སློབ་མ་རིགས་མང་པོ་ཞིག་གིས་ཡིག་གཟུགས་འབྲི་སྦྱོང་བྱེད་སྐབས་གོང་སྨྲས་ཀྱི་ཡིག་གཟུགས་དེ་དག་ཧ་ཅང་ཆུང་ཆུང་འབྲི་བ་དང་། དེ་ནི་གཏམ་དཔེར་ལྷ་ཆེ་དཀའ། ། ཡི་གེ་ཆུང་དཀའ་ཟེར་སྲོལ་ལྟར། ཡིག་གཟུགས་ཆུང་ཆུང་ལ་གུག་དང་དཀྱོག འཐེན་དང་གཅོད་བཅས་ཀྱི་མཚམས་གསལ་བོར་འཇོག་དཀའ་བས་སློབ་མ་རང་ཉིད་ལ་འབྲི་སྦྱོང་བྱེད་དཀའ་བར་འགྱུར་བ་དང་། དགེ་རྒན་ལ་མཚོན་ན་ཡིག་གཟུགས་ཆུང་ངུ་དེ་རིགས་མཚམས་གང་ཞིག་ནས་ཚུལ་ཇི་ལྟར་ནོར་བའམ་ཇི་བཞིན་མ་འཁྱོང་བ་སོགས་རྙེད་དཀའ་བར་སོང་། ཞུ་དག་གི་ལས་ཀ་རྙོག་འཛིངས་ཆེ་རུ་འགྲོ་བ་བཅས་ལ་བསམ་ན། ཡིག་གཟུགས་ཆུང་ཆུང་བྲིས་ཏེ་འབྲི་སྦྱོང་བྱེད་པ་ནི་སློབ་མའི་ཡིག་གཟུགས་ཡར་རྒྱས་ཀྱི་དཀྱོག་ལམ་ཞིག་དང་། དགེ་རྒན་གྱི་དུས་ཚོད་དང་ནུས་ཤུགས་ལྷག་མ་གྲོན་པ་འབའ་ཞིག་གོ།
ཡང་སློབ་མ་མང་པོ་ཞིག་གིས་ཐོག་མར་ཡིག་གཟུགས་སྦྱོང་བའི་གནས་སྐབས་སུ་ཆུང་ཆུང་བྲིས་པའི་ཉེར་ལེན་གྱིས་རྗེས་སོར་འཛིན་གྲྭ་མཐོ་བོར་སླེབས་པའི་སྐབས་དང་། དེ་རྗེས་ཀྱི་སློབ་ཕྱིའི་འཚོ་བའི་ཁྲོད་དུ་སྟོང་ཆ་ཁག་མི་གསལ་ཞིང་། མིག་བཙུམ་ལ། འཛིངས་ཤིང་ཉོག་པ་ལྟ་བུའི་འཁྱུག་ཡིག་གམ་རྒྱུན་སྤྱོད་ཀྱི་ཡིག་གཟུགས་ཆུང་ཆུང་ཞིག་འབྲི་ལ། དེ་ལྟའི་ཡིག་གཟུགས་དེ་ལ་གཙང་དག་གསལ་གསུམ་གྱི་ཡོན་ཏན་མི་འབྱོར་བར་སོང་། ཐ་མར་ཀློག་དཀའ་བའམ། མགྱོགས་པོར་ཀློག་མི་བཏུབ་པའམ། གང་ལྟར་ཀློག་མི་བདེ་བའི་སྐྱོན་ཞིག་ཀྱང་ལྡན་པ་དེས་འབྲི་ཀློག་གཉིས་ཀར་དཀའ་ངལ་ཐོལ་པ་བཟོ་བཞིན་ཡོད། དེ་བས་ང་ཚོས་དེང་ཐོག་སློབ་ཕྲུག་ཅིག་གིས་ཡིག་གཟུགས་སྦྱོང་བའི་སྐབས་སུ་ཡིག་གཟུགས་ཀྱི་བར་སྟོང་དང་གུག་ཀྱོག འཐེན་སྟངས་དང་གཅོད་མཚམས་སོགས་ཡོངས་སུ་གསལ་བའི་ཡིག་གཟུགས་ཆེན་པོ་བྲིས་ཏེ་འབྲི་སྦྱོང་བྱེད་དུ་འཇུག་རྒྱུ་གལ་འགངས་ཆེས་ཆེ་བར་སྙམ་ལ།
ད་དུང་ཡིག་གཟུགས་ཆུང་ངུ་འབྲི་སྦྱོང་བྱེད་པར་སྐྱོན་ཆ་གཞན་ཞིག་ཡོད་པ་ནི། སློབ་མའི་ཡིག་གཟུགས་སྦྱོང་བའི་འདོད་བློ་བརླག་ཉེན་བཟོ་བ་དེ་ཡིན། དེ་ཡང་ཡིག་གཟུགས་ཆུང་ཆུང་བྲིས་པ་དེ་ལ་གོང་དུ་བཤད་པ་ལྟར་ཡིག་གཟུགས་ཀྱི་མཛེས་ཆའི་རིགས་མངོན་གསལ་མི་དོད་པར། ཅི་ཞིག་མ་ཚང་པ་དང་གང་ཞིག་བོར་བའི་ཚོར་བ་རང་བཞིན་གྱིས་སྤྲོད་པས། ཡིག་གཟུགས་སྦྱོང་མཁན་གྱིས་རང་གིས་ཡིག་གཟུགས་ག་ཚོད་མང་པོ་བྲིས་ཏེ་སྦྱོང་བརྡར་ག་ཚོད་ཅིག་བྱས་ཀྱང་། ཡར་རྒྱས་འགྲོ་རྒྱུ་དཀའ་བའམ་ཇེ་ལེགས་སུ་གཏན་ནས་མ་སོང་པའི་སྣང་བ་ཤར་བ་དང་ཆབས་ཅིག རང་གི་ཡིག་གཟུགས་ལ་རང་ཉིད་ཡིད་ཐང་ཆད་དེ་ཡིག་གཟུགས་སྦྱོང་འདོད་བརླགས་པ་བཅས་སོ། ། ། །
བཞི། རིག་པའང་སྒྲིམས།
ས་བཅད་འདིའི་ཁ་ཡིག་ལ་རིག་པའང་སྒྲིམས་ཞེས་འང་སྒྲ་སྦྱར་དོན་ནི། ཡིག་གཟུགས་སྦྱོང་བའི་སྐབས་སུ་གོང་གི་གནད་དོན་ཁག་ལ་ཡིད་འཇོག་བྱ་དགོས་པ་མ་ཟད། སློབ་སྦྱོང་བྱེད་པའི་གནས་སྐབས་གཞན་དང་གཞན་ལྟར་བློ་སེམས་རྩེ་གཅིག་ཏུ་གནས་དགོས་པའང་འ་ཅང་ཅང་ཞེས་གོ་བའི་ཕྱིར་ལ། ཁོ་བོ་ཡང་སློབ་མའི་གནས་སྐབས་སུ་སྣང་ཚུལ་འདི་ལྟ་བུ་ལ་དོ་སྣང་མ་བྱུང་ནའང་། དགེ་རྒན་གྱི་བྱ་བ་གཉེར་བའི་ལོ་ཟླའི་ཁྲོད་དགེ་རྒན་གྱིས་སློབ་པ་དང་སློབ་མས་སྦྱོང་བ་གང་ལའང་རིག་པ་སྒྲིམ་དགོས་པའི་ཉམས་མྱོང་ཕྲན་ཚེགས་རེ་འགའ་བྱུང་བའི་གཅིག་ལྟ་བུར་རྩིས་ཆོག
ཡིག་གཟུགས་སྦྱོང་བའི་སྐབས་སུ་ཁ་གཡེང་མིག་གཡེང་བྱེད་བཞིན་འབྲི་བ་དང་། ཁ་བརྡ་གློད་ཀྱིན་འབྲི་བ། རྔན་པ་ཟ་ཞོར་འཐུང་ཞོར་འབྲི་བ། བརྙན་འཕྲིན་དང་ཁ་པར་སོགས་ཀྱི་མདུན་ཐད་ནས་བསྡད་དེ་ལྟད་མོ་ལྟ་ཞོར་འབྲི་ཞོར་བྱེད་པ། འདུག་སྟངས་ཀྱི་ཐད་ནས་ཙོག་པུར་མི་སྡོད་པར་ཁ་སྦུབ་ལོགས་ཏེ་སྡོད་པའམ་ཉལ་ནས་འབྲི་བ། སློབ་ཕྲུག་རེ་འགའ་མཉམ་དུ་ཡོད་ཚེ། རྩེད་མོ་རྩེ་ཞོར་འབྲི་ཞོར་བྱེད་པ་སོགས་རིག་པ་མ་བསྒྲིམས་པར་འབྲི་བའི་སྣང་ཚུལ་ཧ་ཅང་མང་མོད། ད་ཕན་སློབ་གྲྭ་ཁག་གི་ཡིག་གཟུགས་དགེ་རྒན་དང་རང་གི་བུ་ཕྲུག་གི་ཡིག་གཟུགས་སྦྱོང་བརྡར་ལ་གཙིགས་འཛིན་གནང་མཁན་གྱི་ཕ་མ། གཞན་ཡང་སློབ་ཕྲུག་གི་ཡིག་གཟུགས་འབྲི་སྦྱོང་ལ་རྒྱུས་སྟོན་བྱེད་མཁན་གང་མང་ཞིག་གིས་འདི་དག་ལ་ཡིད་འཇོག་བྱེད་ཀྱིན་མེད་པ་དང་། སློབ་མའམ་བུ་ཕྲུག་གིས་ཡིག་གཟུགས་བྲིས་པ་ཙམ་གྱིས་འགྲིག་པར་བརྩིས་ཏེ། ཡིག་གཟུགས་འབྲི་དུས་རིག་པ་སྒྲིམ་གྱིན་ཡོད་མེད་ཀྱི་གནད་དོན་ཐག་གཅོད་གཏན་ནས་མི་བྱེད་པར་མ་ཟད། ཕལ་ཆེར་གནད་དོན་འདི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་ཡིད་ལའང་འཁོར་གྱིན་མེད་པར་འདྲ།
འདིར་ཁོ་བོས་གནད་དོན་འདི་ཐག་གཅོད་བྱེད་ཐབས་འགའ་ཞིག་འདོན་པ་ལ། སློབ་ཕྲུག་གིས་ཡིག་གཟུགས་སྦྱོང་བའི་སྐབས་སུ་ཞི་འཇགས་ཀྱི་ཁོར་ཡུག་ཡག་པོ་ཞིག་སྐྲུན་རྒྱུ་གལ་ཆེ་བར་མཐོང་བ་དང་། ལྷག་པར་དུ་ཡིག་གཟུགས་སྦྱོང་སྐབས་མདུན་ཅོག་ཁོད་ཡངས་ལ་ངོས་སྙོམ་པ་ཞིག་གི་སྟེང་སྨྱུ་གུ་དང་སྣག་ཚ། འབྲི་དེབ། འབྲི་དཔེ། ཐིག་ཤིང་། བསུབ་བྱེད་སོགས་དགོས་མཁོ་ཅན་གྱི་ཅ་དངོས་ལས་གཞན་མི་འཇོག་རྒྱུ་གལ། རྒྱུ་མཚན་ནི་ཡིག་གཟུགས་སྦྱོང་བའི་སྐབས་སུ་མདུན་ཅོག་སྟེང་ཅ་དངོས་གཞན་མང་པོ་འཚང་ཁ་འཐེབས་ཏེ་འབྲི་དེབ་མི་ཤོང་བ་དང་ལྟེབ་བརྩེགས་རྒྱག་དགོས་པ། ལག་པ་ལྷོད་ལྷོད་དང་ཁ་ཐུག་འཇོག་ས་མེད་པར་བཟུར་ནས་སྡོད་དགོས་པ་བཅས་བྱུང་ཚེ། ཡིག་གཟུགས་འབྲི་སའི་ཤོག་ངོས་བསྙེར་བ་དང་གུག་པ། བཙིར་བ་སོགས་ཀྱིས་ཡིག་གཟུགས་ལྷོད་ལྷོད་ངང་འབྲི་མི་བཏུབ་པ་དང་། དེ་དག་གི་དབང་གིས་སློབ་མའི་ཡིག་གཟུགས་ཕར་འཁྱོག་ཚུར་འཁྱོག་སོགས་ཀྱི་དཀའ་ངལ་འཕྲད་ཀྱིན་པ་སྨྲས་ཅི། ད་དུང་ཕ་མ་ལ་ཤས་ཀྱིས་བུ་ཕྲུག་གིས་ཁྱིམ་དུ་ཡིག་གཟིགས་སྦྱོང་བའི་སྐབས་སུ་མདུན་ཅོག་སྟེང་ལ་མགྱོགས་ཟས་ཀྱི་རིགས་དང་སྐོམ་ཆུའི་རིགས་གང་འདོད་འཇོག་པ་ནི་བུ་ཕྲུག་གི་ཡིག་གཟུགས་ཡར་རྒྱས་གང་ལེགས་འགྲོ་བའི་གེགས་སུ་འགྱུར་བ་མ་ཟད། བུ་ཕྲུག་བྱམས་སྐྱོང་བྱེད་ཤེས་ཀྱིན་མེད་པའི་རང་མཚང་ཕྱིར་མངོན་པའང་ངོ་། །
སློབ་ཕྲུག་གིས་ཡིག་གཟུགས་སྦྱོང་བའི་སྐབས་སུ་དགེ་རྒན་དང་ཕ་མ་སུ་ཡིན་རུང་། སྐད་ཆ་བཤད་པ་དང་བྱ་བ་གཞན་དང་གཞན་མི་སྒྲུབ་པ། ཁ་པར་སོགས་ལས་གློག་བརྙན་ལ་མི་ལྟ་བ་དང་རོལ་རྩེད་སོགས་ལ་མི་རོལ་བ། སློབ་ཕྲུག་དང་བུ་ཕྲུག་གཞན་ལ་ཉེ་འཁོར་ནས་རྩེད་མོ་རྩེ་བ་སོགས་ཟིང་ཟིང་ལོང་ལོང་བྱེད་དུ་མི་འཇུག་པ་སོགས་རིག་པ་སྒྲིམ་པའི་མཐུན་རྐྱེན་གང་ཐུབ་སྒྲུབ་པར་འབད་དགོས་ལ། ལ་ཤས་ཀྱིས་དགེ་རྒན་དང་ཕ་མའི་མདུན་ནས་རིམ་པ་སྒྲིམ་ནས་འབྲི་ཡང་། དགེ་རྒན་དང་ཕ་མ་མེད་པའི་སྐབས་རང་ངོས་ནས་དཔེ་ལ་བལྟས་ནས་ཡིག་གཟུགས་སྦྱོང་བའི་སྐབས་སུ་རིམ་པ་མི་སྒྲིམ་པར་འབྲི་བ་སོགས་ཀྱི་སྣང་ཚུལ་འབྱུང་ན། དགེ་རྒན་དང་ཕ་མས་ཀྱང་བློ་རིག་བསྒྲིམས་ཏེ་སློབ་མ་དང་བུ་ཕྲུག་གིས་ཡིག་གཟུགས་འབྲི་དུས་རིག་པ་སྒྲིམ་མི་དགོས་པར་སྣང་བ་ཡན་ཏེ་འབྲི་བའི་གོམས་གཤིས་ངན་པ་འདོར་ཐབས་སུ་འབད་གལ་ཆེ་ཞུའོ། ། ། །