བསྟན་འཛིན་ཡེ་ཤེས།
འཛིན་གྲྭ་དགུ་པ། སཾ་བྷོ་ཊ་ཅན་དྷ་གྷི་རི་ཉིན་སློབ།

བོད་སྒྱུར་བ། བསྟན་འཛིན་ཆོས་སྐྱིད།

སྙིང་དོན་དང་མྱོང་ཚོར། རི་སྐྱེས་ངང་དཀར་ཞེས་པའི་སྒྲུང་དེའི་ནང་སྤུན་ཕན་ཚུན་བར་གྱི་བརྩེ་བ་དང་འབྲེལ་བ་སོགས་ཀྱི་སྐོར་བཤད་འདུག དེའི་ནང་ཨེ་ལི་ས་ཞེས་པའི་བུ་མོ་དེ་ཨ་མ་མ་ཡའི་དབང་གིས་རང་ཉིད་ཀྱི་གཅེན་པོ་བཅུ་པོ་དང་ཁ་བྲལ་ཀྱང་ཕན་ཚུན་བརྩེ་སེམས་ཆེ་བས་བསྐྱར་དུ་ཁ་ཐུག་པ་སོགས་ཀྱི་སྒྲུང་རེད་འདུག དེའི་ནང་ཕྱི་གཟུགས་དང་མདོག་གཅིག་པུ་ལ་བལྟས་ནས་གང་ཡང་ཐག་གཅད་རྒྱུ་མེད་པ་དང་། རང་ཉིད་ཀྱི་བྱས་པའི་བྱ་བ་དེའི་དབང་གིས་འབྲས་བུ་ཡག་སྡུག་གཉིས་ཀར་འབྱུང་བའི་སྐོར་བཤད་འདུག དེ་མ་ཟད། ག་དུས་ཡིན་ནའང་ཕྱོགས་གཅིག་གི་གནས་ཚུལ་ལ་བལྟས་ནས་གནས་དོན་ངོ་མ་ཚོད་དཔག་བྱེད་རྒྱུ་མེད་པ་དང་། གནས་ཚུལ་ཞིབ་ཚགས་པོ་ཤེས་དགོས། གལ་ཏེ་དེ་འདྲ་མ་བྱས་ཚེ་མི་ཕན་ཚུན་བར་རྙོག་འཛིང་སོགས་འབྱུང་སྲིད་པ་ཡང་གསལ་པོ་བསྟན་འདུག

ཚིག་གསར། བརྒྱན་པ། ཟྭ་ཚོད། ལྕམ་ཁེབས། ལོངས་སྤྱོད། རང་ཉིད་ཀྱི་གཅེས་པའི་དངོས་པོ། ཅོད་པན། རྗེས་འབྲང་།

གཙུག་གཡུ།

རྩོམ་པ་པོ། གླང་མདུན་དཔལ་འབྱོར།

སྙིང་དོན་དང་མྱོང་ཚོར། སྒྲུང་འདིའི་ནང་གཙོ་བོར་བུ་དཔལ་ལྡན་དགྲ་ཤ་ལེན་རྒྱུའི་སྐོར་བཤད་ཡོད། དགྲ་ཤ་དེ་ཡང་རྒྱུ་མཚན་མེད་པ་མ་ཡིན་པར། ཁོ་པའི་དགྲ་ཤ་དེ་ནི་རང་ཉིད་ཀྱི་ཕ་མའི་ཆེད་ལེན་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད། རྒྱུ་མཚན་ནི། སྔོན་རང་ཉིད་ཀྱི་ཡུལ་ལ་ལྷོད་ལྷོད་དང་སྐྱིད་པོའི་ངང་གནས་མཁན་གྱི་ནང་མི་དེ་ལ་གནས་ཆེན་ཞིག་ནས་གཙུག་གཡུ་ཞིག་རག་ཡོད། དེས་རྐྱེན་པས་ཁོ་ཚོར་ཚོང་དཔོན་ཞིག་གིས་སྡུག་རྩུབ་ཧ་ཅང་ཆེན་པོ་བཏང་གི་ཡོད། ཡུན་རིང་པ་ཞིག་གི་རྗེས་ཁོ་བོའི་ཕ་མ་གཉིས་ཀ་གྲོངས་པ་རེད། དེ་འདྲ་གྲོངས་དགོས་པའི་རྒྱུ་རྐྱེན་དེ་སྐུ་ངོ་རྫོང་དཔོན་ཡིན་པ་རྩིས་ཀྱི་ཡོད། ཁོ་ལ་སེམས་སྡུག་ཆེན་པོ་ཞིག་བྱུང་མཐར་དགྲ་ཤ་ལེན་རྒྱུའི་ཐག་བཅད། སྤྱིར་དགྲ་ཤ་ཟེར་པ་དེ་ཡག་པོ་མིན་ཡང་སྒྲུང་འདིའི་ནང་དགྲ་ཤ་ཟེར་པ་དེ་རྒྱུ་མཚན་ལ་བལྟས་ནས་ཡག་སྡུག་གཉིས་སུ་དབྱེ་བ་འབྱེད་རྒྱུ་ཡོད་པའི་སྐོར་བཤད་འདུག དེ་མ་ཟད། དེའི་ནང་དྲིན་ལེན་འཇལ་རྒྱུའི་སྐོར་ཡང་བཤད་ཡོད། ཕ་ཕུན་ཚོགས་ཀྱི་སྔོན་ཚོང་དཔོན་ལ་རོགས་པ་བྱས་ཡོད་པས། ཚོང་དཔོན་གྱིས་ཀྱང་རོགས་བྱས་པ་དེ་དྲན་པ་མ་བརྗེད་པར་དུས་ཚོད་སླེབ་དུས་ཕར་ཕ་བུ་གཉིས་ལ་རོགས་པ་བྱས་པ་མ་ཟད། རོགས་པ་དེ་ཡང་སེམས་པ་རྣམ་དག་ངང་བྱས་པ་གསལ་པོ་བཤད་འདུག ཕ་བུ་གཉིས་ཀྱིས་ཀྱང་རོགས་པ་དེ་ཁེ་ཕན་མི་ལེན་པར་ཚོང་དཔོན་དེ་སྦྱིན་བདག་ལྟར་རྩིས་ནས་ཚོང་དཔོན་གྱིས་གང་ལབ་པ་དེ་ཉན་གྱི་ཡོད།

ཚིག་གསར། གཙུག་གཡུ། གཟན། སེར་སྣ།

གདེངས་ཞྭ་དམར་པོ་གྱོན་པའི་བུ་མོ།

བོད་སྒྱུར་བ། ཀུན་དགའ་རྒྱལ་མཚན།

སྙིང་དོན་དང་མྱོང་ཚོར། སྒྲུང་འདི་ནི་མི་ཞིག་གི་མི་ཚེའི་ནང་གི་གནས་ལུགས་རེ་ཟུང་ལ་བརྟེན་ནས་བྲིས་པ་རེད་ལབ་ན་མི་འགྲིག་པ་མི་འདུག རྒྱུ་མཚན་ནི། སྒྲུང་འདིའི་ནང་བུ་མོ་དེ་ནི་མི་སྤྱོད་བཟང་ཞིག་ལྟར་མཚོན་ཞིང་། སྤྱང་ཀི་དེ་ནི་འཇིག་རྟེན་འདིའི་ནང་གཞན་ལ་ཉིན་ལྟར་གནོད་པ་བསྐྱལ་རྒྱུའི་ལྟ་བ་འཛིན་མཁན་ཞིག་རེད་འདུག དེ་ཡང་། ཉིན་ལྟར་གནོད་སེམས་དང་བརྣབ་སེམས་ ཞེ་སྡང་། འདོད་ཆགས་སོགས་ཀྱིས་ཁེངས་པའི་མི་ལྟར་མཚོན་འདུག དེའི་ནང་སྤྱང་ཀི་ཡིས་བུ་མོ་དེ་ལ་ཕྱི་གདོང་ནས་རོགས་པ་བྱེད་འཁུལ་བྱས་ཀྱང་། དངོས་ཡོད་གནས་ལུགས་ལ་ནང་སེམས་ནས་བུ་མོ་དེ་ལ་གནོད་པ་བསྐྱལ་རྒྱུའི་བསམ་པ་ཡོད་པ་ལྟར། ང་ཚོ་རང་ཉིད་ཀྱི་མི་ཚེའི་ནང་དེ་ལྟ་བུའི་སྤྱང་ཀི་མང་པོ་ཐུག་རྒྱུ་ཡོད་པ་ཤེས་ཐུབ། མི་དེ་ཚོས་ཀྱང་ཕྱི་ནས་ང་ཚོར་རོགས་པ་བྱེད་ཁུལ་བྱས་ནས་ནང་སེམས་ནས་ང་ཚོར་གནོད་པ་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། འོན་ཀྱང་། འཇིག་རྟེན་དེ་ཧ་ཅང་ཆེ་བས་མི་ཆ་ཚང་གཅིག་པ་མིན། མི་རེ་ཟུང་ནི་དངོས་གནས་ང་ཚོ་ལ་བརྩེ་སེམས་ཆེ་ཞིང་དུས་རྒྱུན་དུ་ང་ཚོར་ཕན་ཐོགས་པ་དང་། ང་ཚོར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་སོགས་གདབ་ཀྱི་ཡོད། ཁ་ཤས་ནི་མི་ཕན་ཚུན་ངོ་མི་ཤེས་ཀྱང་ཕན་ཚུན་རོགས་པ་བྱེད་ཀྱི་ཡོད། དཔེར་ན་སྒྲུང་ནང་གི་ཁྱི་ར་བས་བུ་མོ་དེ་ངོ་མི་ཤེས་ཀྱང་ཕྱི་ནས་སྐད་ཅོར་མེད་པའི་ནང་གི་གནས་སྟངས་ལ་གཞིགས་ཏེ་རོགས་པ་བྱས་པ་བཞིན་ལྷག་བསམ་རྣམ་དག་ཡིན་པ་ལྟ་བུ་ཡིན།

ཚིག་གསར། རྒུན་ཆང་། གདེངས་ཞྭ། ཁྱུར་མིད། བརྗིད་ཆགས་པ།