ཤོ་སྦག་དང་ཏ་སེ་སོགས་རྒྱན་རྩེད་རིགས་ནི་སྡིག་ལས་ཡིན། དཔེར་ན། མི་སུ་ཞིག་ཡིན་ཡང་རྒྱན་རྩེད་རྩེ་བའི་སྐབས་ང་ཤོར་རོགས་བྱེད་ན་བསམ་མཁན་སུ་ཡང་མེད། རྩེད་མོ་བ་ཚང་མས་ང་ཐོབ་ན་བསམ་པའི་རེ་སེམས་དེས་དངུལ་ལ་ཆགས་སེམས་འཕེལ་བ་དང། ཐོབ་པའི་ཆེད་དུ་གཡོ་སྒྱུ་གང་འདྲ་ཞིག་འཁྲབ། རྫུན་མ་གང་འདྲ་ཞིག་བཤད། མགོ་སྐོར་གང་འདྲ་ཞིག་གཏོང་སྙམ་པའི་སེམས་པ་དེ་ཉེས་དམིགས་ཀྱི་རྩ་བ་ཡིན། ཤོར་མཁན་དེས་ཐོབ་མཁན་ལ་དད་པས་ཕུལ་བ་དང། དང་བས་སྦྱིན་པ་སོགས་མ་ཡིན་པར་ཐོབ་ཤོར་ཟེར་བའི་ཚིག་གཉིས་ཀྱི་འོག་ནས་ལེན་པ་དེ་ནི་དོན་དུ་འཕྲོག་བཅོམ་ཡིན། དེ་ལྟར་ཤོར་མཁན་དེ་སེམས་པ་མ་སྐྱིད་པ་དང་། རླུང་འཚུབ་འཚུབ། ཁྲག་ཤེད་འཕར་ཏེ་སྟོད་བརྒྱངས་པ་སོགས་ཡོང་གི་ཡོད། སྐབས་རེ་ཤོར་དུས་དངུལ་རྫོགས་པའི་སྐབས་ངོ་ཚ་དང་ང་རྒྱལ་གཉིས་འཛོམས་ཀྱིས་རང་གི་ཆུ་ཚོད་དང་། ཚིགས་ཁེབས། བཟའ་ཟླའི་རྒྱན་ཆ་ཚུན་རྒྱན་དུ་འཛུགས་པ་དང། བུ་ལོན་བླངས་ཏེ་ཁྱིམ་ཚང་ཕུང་དུ་འཇུག་པ། དུས་ཚོད་ཆུད་ཟོས་སུ་བཏང་བ། ཡུལ་ཁྲིམས་འགལ་བ་སོགས་ཉེས་དམིགས་ཀྱི་འབྱུང་ཁུངས་ཡིན་པས་ཆུང་དུས་ནས་ངན་པ་ལང་ཤོར་མ་སོང་བ་དགོས།
རྒྱན་རྩེད་རྩེ་རྒྱུའི་ངན་ལང་ཤོར་ན།
༡། ཆགས་སེམས་འཕེལ་བ།
༢། མགོ་སྐོར་གཏོང་རྒྱུ་དྲན་པ།
༣། རྫུན་ཤོད་རྒྱུ་དྲན་པ།
༤། སེམས་མི་སྐྱིད་པ་ཆགས་པ།
༥། རླུང་ལངས་པོ་ཆགས་པ།
༦། ཁྲག་ཤེད་འཕར་བ།
༧། རང་རྒྱལ་གཞན་ཕམ་གྱི་བསམ་པ་སྐྱེ་བ།
༨། གཞན་ལས་བུ་ལོན་བླངས་པ།
༩། དུས་ཚོད་ཆུད་ཟོས་སུ་བཏང་བ།
༡༠། ཡུལ་ཁྲིམས་དང་འགལ་བ།