འཇམ་དཔལ་ཚུལ་ཁྲིམས།

རྒྱ་མཚོ་ལས་གཏིང་ཟབ་ཅིང་རི་བོ་ལས་དཔངས་མཐོ་བའི་རང་རེའི་སྲོལ་རྒྱུན་རིག་གཞུང་དག་གི་ནང་དུ་དགེ་རྒན་གྱི་མཚན་ཉིད་འདང་ངེས་པ་ཞིག་གསུང་ཡོད། དཔེར་ན། མདོ་སྡེ་རྒྱན་ལས་“བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན།།”་ཞེས་གསུང་། འདིའི་ནང་དུ་གསུང་བའི་དགེ་རྒན་གྱི་ཁྱད་ཆོས་དག་གོ་བདེ་བ་དང་དེང་དུས་ཀྱི་ཁ་སྐད་དུ་བཤད་ན། ༡། རྒྱུན་དུ་ཡ་རབས་ཀུན་སྤྱོད་དམ་རྣམ་འགྱུར་ལེགས་པ། ༢། སྐབས་ཐོག་ཏུ་ལུས་ངག་གི་བྱ་སྤྱོད་གཅུན་ཐུབ་པ། ༣། རང་དང་གཞན་གྱི་ཕྱོགས་ཞེན་མེད་པ། ༤། ཤེས་ཚད་སློབ་མ་ལས་ལྷག་པ། ༥། རང་གི་ཁྱད་ལས་ཡར་རྒྱས་གཏོང་བའི་བརྩོན་འགྲུས་དང་ལྡན་པ། ༦། རྒྱུན་ཤེས་མཐོང་ཐོས་རྒྱ་ཆེ་བ། ༧། རང་རང་གི་ཆེད་སྦྱོང་བསླབ་གཞི་ལ་ངེས་པོ་ཡོད་པ། ༨། གོ་བརྡ་སྤྲོད་པའི་ཚིག་སྨྲ་མཁས་པའམ་སློབ་ཁྲིད་ཐབས་ལམ་མཁས་པ། ༩། ལྐོག་རྔན་ལྟ་བུ་ལ་མི་བལྟ་བར་རང་ཉིད་ཀྱི་ལས་རིགས་ལ་དབྱིངས་ཡོད་པ། ༡༠། སློབ་ཁྲིད་བྱེད་པའི་དཀའ་ངལ་ལ་མི་འཛེམས་པའི་སེམས་ཤུགས་ཡོད་པ་བཅས་ཆོས་བཅུ་དང་ལྡན་པ་ཞིག་ཡོད་དགོས།
འཇིག་རྟེན་ཁམས་འདིའི་ལས་རིགས་ཡོངས་སུ་རྫོགས་པའི་ནང་གི་གལ་ཆེ་ཤོས་ནི་དགེ་རྒན་གྱི་ལས་རིགས་འདི་ཡིན། ལས་འབྲས་འདོད་མཁན་དང་བཀོད་པ་པོ་འདོད་མཁན་གཉིས་ཀས་བལྟས་ན་དགེ་རྒན་གྱི་ནང་དུ་དེ་གཉིས་ཀའི་རྣམ་འགྱུར་མཐོང་རྒྱུ་ཡོད་དེ། འགྲོ་བ་མིའི་རིགས་སྐྲུན་པ་པོ་ནི་དགེ་རྒན་ཡིན་པར་ལས་སླ་བོར་འགྲེལ་ཐུབ། རྒྱུ་མཚན་ནི། ཚན་རིག་གི་ཐོག་ནས་བསམ་ན་འགྲོ་བ་མི་སེམས་ཅན་གཞན་ལས་ཁྱད་པར་འབྱེད་བྱེད་ནི་མིའི་རིགས་ཀྱི་ཀླད་པའི་འཕེལ་ཚད་དེ་ཡིན། ཀླད་པའི་འཕེལ་ཚད་ནི་ཀླད་པའི་དབང་རྩའི་མཐུད་ཁའི་འཕེལ་ཚད་དེ་ཡིན་ཞིང་། དེ་ནི་ཀླད་པ་དེའི་ནང་དུ་ཤེས་བྱ་གསོག་ཚད་དེ་ཡིན་པས་དེ་ནི་ཐད་ཀར་དགེ་རྒན་ལ་འབྲེལ་ནས་ཡོད། ལུས་ཀྱི་གྲུབ་སྟངས་ངེས་ཅན་འདི་ལ་མི་རུ་འབོད་པ་ཡིན་ན་ཡང་གཙོ་བོ་ནི་ཀླད་པའི་ནང་དུ་ཤེས་བྱ་གསོག་ལུགས་དང་གསོག་ཚད་འདི་འདྲ་བ་ཡོད་པའི་སེམས་ཅན་ཞིག་ལ་མི་རུ་འབོད་པ་ལས་གཞན་གཟུགས་ཀྱི་ཆགས་ལུགས་སོགས་ཙམ་ཀྱིས་འབྱེད་ན་སྤྲ་ཡང་མི་རུ་ཐལ་བར་འགྱུར་བ་དང་། མི་འགའ་མི་མ་ཡིན་པར་ཐལ་བར་འགྱུར། ཐ་ན་ལུས་ཀྱི་གྲུབ་ལུགས་བྱེ་བྲག་པ་དག་ཀྱང་རིགས་ཀྱིས་བཀོད་པ་ལས་བྱུང་བ་ཡིན་ཞིང་། དེ་ཡང་མཐར་གཏུགས་ན་ཀླད་པའི་དབང་རྩས་བཀའ་འོག་ནས་བྱུང་བ་ཡིན། དེས་ན་དགེ་རྒན་ནི་འགྲོ་བ་ཞེས་སུ་གྲགས་པའི་རིགས་འདི་འགྲུབ་པའི་ཆེས་གཞི་རྩའི་རྒྱུ་རུ་གྱུར་ཡོད།
དེང་སྐབས་ཀྱི་དུས་སུ་དགེ་རྒན་ཟེར་བ་དཔེ་ཡི་སྒོ་ནས་བསམ་ན་“རྫི་བོ་ལྟ་བུའི་དགེ་རྒན”་ཞེས་པ་ཞིག་ཡིན་དགོས། འདི་ནི་དུས་རབས་ཉེར་གཅིག་པའི་དགེ་རྒན་ཞེས་པ་དེ་ཡིན། འོ་ན་རྫི་བོ་ལྟ་བུའི་དགེ་རྒན་ཟེར་བ་ག་འདྲ་ཞིག་ལ་གོ་བ་ཡིན་ཟེར་ན། བསྟན་བཅོས་མངོན་རྟོགས་རྒྱན་ལས་ཐེག་ཆེན་སེམས་བསྐྱེད་ལ་སེམས་བསྐྱེད་ཚུལ་གྱི་སྒོ་ནས་དབྱེ་བ་གསུམ་གསུང་བའི་“རྫི་བོ་ལྟ་བུའི་སེམས་བསྐྱེད”་ཅེས་པ་དང་ཆ་འདྲ་བ་ཞིག་ལ་གོ་བ་ཡིན།
གཡག་འཚོ་མཁན་གྱི་རྫི་བོས་གཡག་འཚོ་ལུགས་དང་། ལུག་འཚོ་མཁན་གྱི་རྫི་བོས་ལུག་འཚོ་ལུགས་མི་འདྲ། དེ་བས་དགེ་རྒན་ནི་སློབ་མ་འཚོ་མཁན་ཡིན་པས་དེ་ལ་གཞིགས་པའི་འཚོ་སྟངས་མི་འདྲ་བ་ཡོད། འོ་ན་སློབ་མ་འཚོ་ལུགས་ཇི་ལྟར་ཡིན་ཞེས་འདྲི་ན། འདི་ལ་པོ་ཏི་མང་པོ་འབྲི་རྒྱུ་ཡོད་ངེས་ཀྱང་། རྫི་བོ་བཟང་པོ་ཞིག་གིས་ཇི་ལྟར་སེམས་ཅན་འཚོ་སྟངས་ལ་དཔེ་སྦྱར་ནས་བཤད་ན་ཅུང་སྟབས་བདེ་བར་འདོད། རང་གི་སེམས་ཅན་རྩྭ་ཆུ་བཟང་སར་མི་འདེད་ཅིང་གཅར་རྡུང་བྱེད་པ་ནི་རྫི་བོ་ངན་པའི་བྱ་བ་ཡིན་ཞིང་། རྫི་བོ་བཟང་པོས་སེམས་ཅན་ལ་གཅར་རྡུང་ནམ་ཡང་མི་བྱེད་ལ། ལོག་ལམ་དུ་འཁྱམ་མི་འཇུག་ཅིང་། དགྲ་སྤྱང་སོགས་ལས་སྐྱོབ་པར་བྱེད། དེ་བཞིན་དགེ་རྒན་གྱིས་སློབ་མ་ལ་གཅར་རྡུང་མི་བྱེད་པར་ལམ་ལོག་ལས་ལམ་བཟང་དུ་འདེད་ཅིང་གྲོགས་ངན་པའི་ཤུགས་རྐྱེན་འོག་ཏུ་འགྲོ་བར་འགོག་པ་རེད།
འོ་ན་རྫི་བོ་ལྟ་བུའི་དགེ་རྒན་ཞེས་པ་ཇི་ལྟར་ཆགས་ཐུབ་བམ་ཟེར་ན། དེ་ཡང་ཤོག་ངོས་འགའ་ཞིག་ལ་བྲིས་ཚར་བ་ཞིག་ག་ལ་ཡིན་མོད། མཛུབ་མོས་རི་སྟོན་གྱི་ཚུལ་དུ་ངོ་སྤྲོད་རགས་བསྡུས་ཙམ་ཞུ་ན། གཤམ་གསལ་ལྟར་རྫི་བོ་ལྟ་བུའི་དགེ་རྒན་གྱིས་མི་བྱེད་པ་བཞི་དང་བྱེད་པ་བཞི་གཞི་ལ་བཞག་ནས་ཞུ་བར་བྱ།

དང་པོ། རྫི་བོ་ལྟ་བུའི་དགེ་རྒན་གྱིས་མི་བྱེད་པ་བཞི།

གཅིག འཆད་ཁྲིད་མི་བྱེད་པ། རྫི་བོ་ནི་སེམས་ཅན་འཚོ་སྐྱོང་བྱེད་མཁན་ཡིན་པས་སེམས་ཅན་རྩྭ་ཆུ་གང་བཟང་ལ་འགྲོ་རུ་འཇུག་ཅིང་། རྩྭ་ཆུ་བཟང་སར་འགྲོ་བའི་ལམ་སྟོན་བྱེད་པ་ལས་སེམས་ཅན་རང་གི་ཁ་འོག་ལ་འདུ་བའི་ཆེད་དུ་བཙན་འདེད་མི་བྱེད། དཔེ་དེ་བཞིན་དུ་དགེ་རྒན་གྱིས་སློབ་མའི་སེམས་ཁམས་དང་འཚམ་པའི་ཤེས་ཡོན་མཁོ་སྤྲོད་བྱེད་ཅིང་། སློབ་མ་སློབ་སྦྱོང་གི་ཕྱོགས་སུ་དཀྱུ་བའི་ལམ་སྟོན་བྱེད་པ་ལས་སློབ་མ་ལ་རང་གི་གང་ཤེས་པ་དང་གང་སློབ་འདོད་པ་བཙན་འགེལ་མི་བྱེད། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་སྐབས་སུ་དགེ་རྒན་ནི་རྫི་བོ་བཞིན་སློབ་མའི་མཐའ་དབུས་ཀུན་དུ་ཡོད་དགོས། དགེ་རྒན་རྐུབ་སྟེགས་སྟེང་དུ་བཞུགས་ནས་དཔེ་དེབ་ཅིག་ཁ་ཕྱེས་ནས་འཆད་ཁྲིད་མི་བྱེད། འཆད་འཁྲིད་བྱེད་པ་ནི་དུས་རབས་ཀྱི་བྱ་བ་ལས་ཡོལ་ཟིན།
གཉིས། སྣེ་ཁྲིད་མི་བྱེད་པ། དགེ་རྒན་མདུན་དུ་ཐོན་ནས་སློབ་མའི་འཕེལ་རྒྱས་ཀྱི་ལམ་ཁ་བདམས་ནས་སྣེ་ཁྲིད་མི་བྱེད། ལར་ནས་སློབ་མའི་མ་འོངས་པའི་ལམ་ཁ་ནི་དགེ་རྒན་ལ་ཐག་གཅོད་བྱེད་པའི་དབང་ཆ་ཡེ་ནས་མེད། དེའི་རྒྱུ་མཚན་ནི་ཆབ་སྲིད་རིག་པའི་ནང་གི་འདྲ་མཉམ་གྱི་ཐོབ་ཐང་རྩོད་པ་ཙམ་ཞིག་མ་ཡིན་པར་མ་འོངས་བའི་མདུན་ལམ་ལ་ཞུགས་མཁན་ནི་སློབ་མ་རང་ཉིད་ཡིན་པ་ལས་དགེ་རྒན་མིན་པ་དང་། སློབ་མས་འཇུག་པའི་མདུན་ལམ་ནི་དགེ་རྒན་གྱིས་ཞུགས་པའི་ལམ་དེ་མ་ཡིན་པས་སྔར་དགེ་རྒན་རང་ཉིད་ཞུགས་པའི་ལམ་དུ་ཕྲད་པའི་དཀའ་ངལ་དེ་དང་སློབ་མ་ལམ་དུ་ཞུགས་པའི་ཚེ་འཕྲད་པར་འགྱུར་བའི་དཀའ་ངལ་དེ་གཉིས་ཡོངས་སུ་འདྲ་མི་སྲིད། དེའི་ཕྱིར་དགེ་རྒན་གྱིས་ཞུགས་པའི་ལམ་ལ་དཔེ་བཀབ་ནས་སློབ་མའི་ལམ་ལ་ཐག་གཅོད་མི་རིགས་པ་མ་ཟད། སློབ་མའི་སེམས་ཁམས་དང་དགེ་རྒན་གྱི་སེམས་ཁམས་མི་འདྲ་བས་འབྱུང་འགྱུར་གྱི་ལམ་ཐོག་ཏུ་ཕྲད་པའི་སྔར་འཕྲད་མ་མྱོང་བའི་དཀའ་ངལ་ལ་གདོང་ལེན་བྱེད་ལུགས་ཀྱང་དགེ་རྒན་གྱིས་དེ་བས་བརྗོད་མི་ཐུབ། དེའི་ཕྱིར་དགེ་རྒན་གྱིས་“འདི་ལྟར་མ་བྱེད་དེ་ལྟར་བྱོས” ཞེས་པའི་སྣེ་འཁྲིད་བྱེད་པ་ནི་ཉེན་ཁ་ཞིག་དང་འགྲོགས་ནས་ཡོད་པ་དུས་རྟག་ཏུ་དྲན་དགོས།
སྣེ་ཁྲིད་དེ་འདྲ་བྱེད་པ་ནི་སློབ་མའི་ནུས་པ་གོང་སྤེལ་དུ་གཏོང་བ་མིན་པར། དཀའ་ངལ་གསར་པ་འཕྲད་པའི་ཚེ་གདོང་ལེན་བྱེད་པའི་ནུས་པ་ཉམས་དམས་སུ་བཏང་བ་ཡིན། རྒྱུ་མཚན་ནི་འབྱུང་འགྱུར་འཕྲད་འགྱུར་གྱི་དཀའ་ངལ་དེ་ངོ་བོ་དང་རྣམ་པ་གསར་བ་ཞིག་ཡིན་པས་དེ་སེལ་བ་ལ་ཐབས་ལམ་གསར་བ་ཞིག་དགོས་པ་ལས་རྙིང་པས་གོ་མི་ཆོད། གལ་སྲིད་འབྱུང་འགྱུར་སློབ་མ་དག་གི་མདུན་ལམ་ནང་དུ་འཕྲད་འགྱུར་གྱི་དཀའ་ངལ་དག་སྔོན་མ་དགེ་རྒན་གྱི་མི་རབས་སྐབས་སུ་ཕྲད་པའི་དཀའ་ངལ་དག་དང་ཡོངས་སུ་འདྲ་བ་ཡིན་ན། དགེ་རྒན་གྱིས་གདམས་པའི་མན་ངག་དག་བློ་འཛིན་དང་ངག་སྐྱོར་བྱས་པས་འོས་པ་ཞིག་ཡིན་ན་ཡང་དེ་འདྲ་ནམ་ཡང་ཡོང་མི་སྲིད།
མདོར་ན་ཡར་རྒྱས་ཀྱི་ལམ་ཁ་ལ་དགེ་རྒན་སྔོན་དུ་ཐོན་ནས་ལོང་པ་བཞིན་ཐག་པས་ཁྲིད་པ་ནི་སློབ་མ་རྣམས་ཀྱི་མ་འོངས་པའི་ལམ་སྣེ་རང་གིས་འཚོལ་བའི་དཔྱོད་ཤེས་འགོག་པའི་རྐྱེན་ཡིན། འདི་ནོར་བ་དང་དེ་འགྲིག་པའི་སྐད་ཆ་ཐད་ཀར་བ་བཀོལ་མི་འོས། “འདི་ལྟར་བྲིས་ན་འགྲིག་གི་མ་རེད། འདི་ལྟར་བྱེད་དགོས་པ་རེད།”་ཅེས་བཀའ་གཏོང་པ་ལྟ་བུ་ནི་སློབ་མ་གཞན་རྟེན་གྱི་ཀ་བ་ལ་བསྙེན་སྟངས་བསླབ་པ་ཙམ་ཡིན། དེས་ན་རྫི་བོ་བཟང་པོས་གཡག་ལུག་རང་གི་གང་འདོད་ཀྱི་ས་ཆ་ལ་བཙན་འདེད་མི་བྱེད་པར། གཡག་ལུག་གི་རྩྭ་ཆུ་བཟང་ས་གང་སོང་ལ་རྗེས་ནས་མིག་འཚོས་བྱེད་པ་བཞིན། དགེ་རྒན་གྱིས་ཀྱང་སློབ་མའི་ཁམས་ལ་བལྟས་ནས་འཚོ་སྐྱོང་བྱེད་པ་ལས་རང་ཉིད་ཀྱིས་གང་འདོད་བཙན་འགེལ་བྱེད་མི་འོས།
གསལ་བཤད། རྫི་བོ་བཟང་པོས་སེམས་ཅན་རྣམས་རྩྭ་ཆུ་གང་བཟང་སར་འགྲོ་རུ་འཇུག་པ་ཟེར་བ་ནི། གཡང་དང་རོང་དུ་སོང་རུང་འགྲོ་རུ་འཇུག་པ་ལ་གོ་བ་མིན། འགྲོ་རུང་བའི་ཐང་གང་ཡིན་པ་དེ་རྩྭ་ཆུ་བཟང་བའི་ཐང་ཤ་སྟག་ཡིན་པས་སེམས་ཅན་རྣམས་དེ་འདྲ་བའི་རྩྭ་ཆུ་གང་བཟང་ལ་འགྲོ་ཆོག་པ་ལ་ཟེར་བ་ཡིན། གཡང་དང་རོང་ནི་འགྲོ་མི་རུང་བའི་ལམ་དེ་ཡིན། དཔེ་དེ་བཞིན་དུ་སློབ་མའི་ཤེས་ཡོན་གྱི་ལམ་ཡང་བཟང་ངན་གྱི་དབྱེ་བ་འབྱེད་དུ་མེད་པར་སློབ་མ་རང་ཉིད་ཀྱིས་བདམས་པའི་ལམ་ལ་ཞུགས་སུ་འཇུག་པ་ཡིན། འོ་ན་ལམ་ངན་པ་ཞིག་ལ་ཞུགས་སོང་ན་ཡང་ཞུགས་སུ་འཇུག་དགོས་སམ་སྙམ་ན། ལམ་ལ་བཟང་ངན་གྱི་རྣམ་གཞག་ནི་ཡུལ་དེའི་ཤེས་ཡོན་སྲིད་ཇུས་ཀྱིས་ཐག་གཅོད་དགོས་པ་ལས་དགེ་རྒན་བྱེ་བྲག་པ་ཞིག་གིས་ཐག་གཅོད་དུ་མེད། འགྲོ་རུང་བའི་ལམ་ཐམས་ཅད་ལམ་བཟང་བ་ཤ་སྟག་ལ་ངོས་འཛིན་དགོས། ཤེས་ཡོན་སྒྲུབ་ལས་ཀྱི་ནང་དུ་གཡང་དང་གྲོག་རོང་ལྟ་བུ་འགྲོ་མི་རུང་བའི་གནས་ནི་ཤེས་ཡོན་སྲིད་ཇུས་ཀྱིས་བཀག་པའི་གནས་དེ་ཡིན་དགོས། དེ་མིན་པའི་གནས་ཐམས་ཅད་འགྲོ་རུང་བའི་ལམ་ཡིན་པར་ངོས་འཛིན་དགོས།
གལ་སྲིད་དགེ་རྒན་རང་གིས་ལམ་གང་ཡང་རུང་བ་ཞིག་མི་ལེགས་པར་གཟིགས་ན་རྩ་བའི་ཤེས་ཡོན་སྲིད་ཇུས་བརྒྱུད་ནས་སྒྱུར་བཅོས་གཏོང་དགོས་པ་ལས་བྱེད་ཐབས་གཞན་མེད། ཤེས་ཡོན་སྲིད་ཇུས་ཀྱིས་བཀག་འགོག་མེད་པའི་ལམ་ག་འདྲ་ཞིག་ཀྱང་དགེ་རྒན་གྱིས་བཟང་ངན་འབྱེད་མི་རིགས། དེས་ན་འགྲོ་ལམ་མི་བཟང་བའི་ལམ་ཞིག་ལ་ཞུགས་པ་ནི་ཤེས་ཡོན་སྲིད་ཇུས་དང་མི་མཐུན་པའི་ལམ་ཞིག་ལ་ཞུགས་པ་ཡིན་དགོས། དེ་འདྲ་རུ་འགྲོ་བར་བཀག་འགོག་བྱེད་ཆོག དེ་མིན་ཤེས་ཡོན་སྲིད་ཇུས་ཀྱིས་དགག་བྱ་མེད་པའི་ལམ་ཞིག་ལ་བཟང་ངན་གྱི་ཁྱད་པར་ཞིག་མེད།
འོན་ཀྱང་ཧ་ཅང་གཟབ་དགོས་པ་ཞིག་ཡོད་པ་ནི་ཐང་ཐོག་ན་སྐྱེས་པའི་སྔོ་རིགས་ཐམས་ཅད་སེམས་ཅན་བྱེ་བྲག་པ་ལ་འཕྲོད་མི་འཕྲོད་ཀྱི་ཁྱད་པར་ཡོད་པ་བཞིན། སློབ་མ་བྱེ་བྲག་སོ་སོ་ལ་ལམ་བྱེ་བྲག་པ་དེ་འཕྲོད་མི་འཕྲོད་ཀྱི་ཁྱད་པར་ཡོད་སྲིད། དེ་འདྲའི་བླང་དོར་གྱི་གནས་ནི་གནད་དོན་ཧ་ཅང་ཕྲ་མོ་ཞིག་ཡིན་པས་གཟབ་ནན་དང་ཞིབ་ཚགས་བྱེད་པ་ཧ་ཅང་གལ་ཆེ། ལར་ནས་དེ་འདྲ་བའི་བླང་དོར་གྱི་གནས་མཐའ་དག་སྟོན་པ་ནི་གནད་དོན་དེ་རིགས་ཐག་གཅོད་པར་སེམས་ཁམས་རིག་པ་དང་། སྤྱི་ཚོགས་རིག་པ། སློབ་མ་རང་ཉིད་ཀྱི་ཆ་རྐྱེན་འཚོལ་བའི་རིག་པ་སོགས་རིག་པའི་གནས་མང་དག་ཅིག་ལ་འབྲེལ་བ་དམ་ཟབ་ཡོད་པས་དགེ་རྒན་གཅིག་པུའི་ལས་འགན་ཞིག་ཆགས་མེད་པ་མ་ཟད། རྩྭ་ཆུ་གང་བཟང་ལ་འགྲོ་རུ་འཇུག་པའི་དཔེ་འདི་ཤེས་ཡོན་གསོག་སྒྲུབ་པའི་བརྒྱུད་རིམ་གྱི་སྐབས་སུ་བཤད་པ་ལས་སྤྱི་ཡོངས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་སྐོར་ནས་བཤད་ཀྱི་མེད་པས་དོན་ཚན་འདི་ལ་གོ་ནོར་མི་ཐེབས་པ་གལ་ཆེ།
གསུམ། སྟངས་འཛིན་མི་བྱེད་པ། འཛིན་གྲྭ་སྒྲིག་ལམ་དུ་གནས་པ་ནི་དགེ་རྒན་ཞིག་གི་ཡོན་ཏན་གལ་ཆེན་ཞིག་ཡིན་ན་ཡང་། ཐབས་ལམ་ཞིག་གིས་འཛིན་གྲྭ་སྒྲིག་ལམ་དུ་གནས་པ་ཞིག་ཡོང་དགོས་པ་ལས་“མར་བཞུགས། ཞལ་བཙུམ།”ཞེས་སོགས་ཐད་ཀར་སྟངས་འཛིན་མི་བྱེད། འདི་ལྟར་བྱེད་པ་ནི་འཕེལ་རྒྱས་ཀྱི་འགལ་རྐྱེན་ཞིག་ཡིན་པས་སྒྲིག་ལམ་ལ་སྟངས་འཛིན་བྱེད་སྟངས་དེ་འདྲ་བ་བཀོལ་པར་མི་བྱ། འདི་འདྲ་ད་ལྟའི་དངོས་ཡོད་ཀྱི་ལག་ལེན་དུ་འཁྱོལ་ཐུབ་མིན་ནི་གནད་དོན་གཞན་ཞིག་ཡིན་པ་ལས། ཁོར་ཡུག་ཚད་དང་ལྡན་པ་ཞིག་གི་ནང་དུ་སློབ་ཚན་འཆར་འགོད་ཚད་དང་ལྡན་པ་ཞིག་ཡོད་ན། སྒྲིག་ལམ་གྱི་དཀའ་ངལ་ཟེར་བའི་ཐ་སྙད་ཙམ་ཡང་མེད་པར་འགྱུར། ཇི་ལྟར་གྲོད་པ་ལྟོགས་པའི་མི་ལ་ཞིམ་མངར་གྱི་ཟས་ཕྱིན་ན་སྒྲིག་ལམ་གྱི་གཏམ་ཙམ་གླེང་མི་དགོས་པ་བཞིན་ནོ། །མདོར་ན། “སྒྲིག་ལམ་ནི་རང་དབང་ངོ་།།” ཞེས་པའི་བརྗོད་དོན་དང་ཏག་ཏག་འབྱོར་བའི་ཁོར་ཡུག་ཅིག་སྐྲུན་པར་འབད་བརྩོན་བྱེད་དགོས། དེ་ལས་ལྡོག་པར་“སྒྲིག་ལམ་ནི་མི་ཆོག་པའོ།།” ཞེས་པའི་བརྗོད་དོན་དང་སྦྱར་ནས་སྒྲིག་ལམ་སྟངས་འཛིན་མི་བྱེད་པ་ལ་ཟེར་བ་ཡིན།
བཞི། སྐྱོན་འདོན་མི་བྱེད་པ། སློབ་སྦྱོང་བྱེད་པའི་ནང་དུ་ཕྲུ་གུས་འབྲི་ནོར་དང་ཀློག་ནོར་སོགས་གང་མང་མང་བྱེད་པ་ནི་སྨོས་མེད་རེད། འོན་ཀྱང་། ནོར་བ་དེ་དག་སྣང་མེད་དུ་སྐྱུར་བ་ནི་མི་འོས་པའི་དོན་ཞིག་ཡིན་ཡང་། “འདི་ནོར་འདུག”་དང་། “དེ་ནོར་འདུག”་གི་སྐྱོན་འདོན་བྱེད་པ་ནི་སློབ་སྦྱོང་ལ་དང་བ་འགོག་པའི་རྐྱེན་ཡིན། འདི་འདྲའི་སྐབས་སུ་གདོང་དང་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་རེ་བ་དང་ཡིད་ཆེས་ཡོད་པའི་མགུ་བ་བསྟན་པའི་ཐོག་ནས་བཅོས་ཐབས་ཅི་རིགས་ཀྱིས་བཅོས་དགོས། འདིར་ནོར་བ་བཅོས་ཐབས་འགའ་ཞིག་དང་། ནོར་འཁྲུལ་འདོན་སྐབས་གཟབ་དགོས་པའི་གནད་དོན་འགའ་ཞིག་བཤད་པ་གཉིས།

  • ༡༽ འབྲི་དེབ་ཏུ་བཅོས་པ། ཕྲུ་གུ་མང་ཆེ་བ་འབྲི་དེབ་ཏུ་སྨྱུ་གུ་དམར་པོས་བཅོས་བྱེད་པར་ཧ་ཅང་མི་དགའ། རེ་འགས་སྨྱུ་གུ་དམར་པོ་ཕར་ཞོག ཞྭ་སྨྱུག་གིས་བཅོས་བྱེད་པར་ཡང་མོས་མཐུན་མི་བྱེད། དེ་དག་གིས་འབྲི་དེབ་དེ་ནག་ནོག་དང་མག་མོག་གི་དྲི་ཙམ་མེད་པར་གཙང་དག་མཛེས་གསུམ་གྱིས་ཉར་འདོད་ཀྱི་ཡོད། གལ་སྲིད་དེ་དག་གི་འབྲི་དེབ་ལ་ནག་ནོག་གི་རི་མོ་ཞིག་ཕོག་པ་ན་འབྲི་དེབ་ཙམ་མ་ཡིན་པར་སེམས་ཁམས་ལ་ཡང་ནག་ནོག་གི་རི་མོ་བབ་འགྲོ་བ་ཡིན། མི་ཞིག་གི་སེམས་ཁམས་ལ་ཕོག་ཐུག་བྱུང་ན་དེའི་ངན་འབྲས་ནི་བརྗོད་མི་དགོས་པ་རེད། དེའི་ཕྱིར་དེ་འདྲའི་སེམས་ཁམས་ཅན་གྱི་ཕྲུ་གུའི་འབྲི་དེབ་ལ་འགྲིག་རྟགས་ཁོ་ན་མ་གཏོགས་ཐེབས་སུ་འཇུག་མི་ཉན། སེམས་ཁམས་འདི་ཅན་གྱི་ཕྲུ་གུ་མི་ཉུང་བ་ཡིན་ཞིང་། ཕྲུ་གུ་ཐམས་ཅད་དེ་འདྲར་འགྱུར་བའི་ཕྱོགས་སུ་སྙེག་པའི་རླབས་ཤིག་གི་རྒྱུན་དུ་ཡོད། དེ་དག་ལ་བཅོས་ཐབས་ནི་ཤོག་བུ་གཞན་དང་ཐབས་ལམ་གཞན་གྱིས་ནོར་བ་ངོ་སྤྲོད་དགོས།
  • ༢༽ ངག་ཐོག་གིས་བཅོས་པ། དགེ་སློབ་བར་གྱི་མཛའ་སེམས་ཀྱི་འབྲེལ་བ་ལ་དོ་ཕོག་མི་ཐེབས་པའི་བཅོས་བྱེད་ཐབས་ཡག་ཤོས་གཅིག་ནི་ངག་འཇམ་པོའི་སྒོ་ནས་ནོར་བ་ངོས་སྤྲོད་བྱེད་པ་དེ་རེད། འདི་ལ་ཡང་གཟབ་དགོས་པ་ནི་ཚིག་བེད་སྤྱོད་བྱེད་སྟངས་དང་གདོང་གི་རྣམ་འགྱུར་སྟོན་སྟངས་ལ་ཧ་ཅང་གཟབ་དགོས། ཚིག་བེད་སྤྱོད་བྱེད་སྟངས་གཅིག་གིས་སློབ་མའི་སེམས་ཁམས་ལ་སྤྲོ་བ་སྟེར་སྲིད་ལ། བེད་སྤྱོད་བྱེད་སྟངས་གཅིག་གིས་སློབ་མའི་སེམས་ཁམས་ལ་ཆུ་འཁྱག་བླུགས་སྲིད། “མི་སེམས་གསོད་བྱེད་ཚིག་ཡིན། མི་སེམས་གསོ་བྱེད་ཚིག་ཡིན།”་ཞེས་ཟེར་སྲོལ་ཡོད་པ་ཧ་ཅང་བདེན།
  • ༣༽ རྣམ་འགྱུར་གྱིས་བཅོས་པ། འུ་ཅག་རྒན་པ་རྣམས་ཀྱིས་ནོར་འཁྲུལ་བྱས་པ་ལ་ཡ་མཚན་གྱི་ངག་དང་རྣམ་འགྱུར་སྟོན་པ་ནི་རང་གཤིས་ལྟ་བུ་ཞིག་ཡིན། འོན་ཀྱང་འདི་ནི་ཤེས་ཡོན་རིག་པའི་ནང་དུ་ཆེས་ཉེན་ཚབས་ཆེ་བའི་བྱེད་སྟངས་ཤིག་རེད། ཐབས་མཁས་བཟང་པོའི་བྱེད་སྟངས་བཞིན་ཡ་མཚན་གྱི་རྣམ་འགྱུར་སྟོན་ས་མ་ནོར་བའི་སྒོ་ནས་ནོར་བཅོས་དང་སློབ་སྦྱོང་ལ་རྟིང་སྐུལ་ཡག་པོ་བྱེད་ཐུབ། འདིར་ཧ་ཅང་གནད་འགག་ཆེ་བའི་དོན་ཞིག་ཡོད་པ་ནི་ཡ་མཚན་གྱི་རྣམ་འགྱུར་སྟོན་ས་ནོར་མི་ཉན་པ་དེ་རེད།

དཔེར་ན། སློབ་མ་ཞིག་གིས་ལས་བྱ་བྲིས་པའི་ཚེ་དེའི་ནང་དུ་ནོར་འཁྲུལ་ཡོད་པ་ནི་སྨྲ་མི་དགོས། གལ་སྲིད་ནོར་འཁྲུལ་ཡེ་ནས་མེད་པ་ཞིག་ཡོད་ན་དེ་ལ་བློ་དོགས་བྱེད་དགོས་པ་ཞིག་ལས་བློ་བདེ་བྱེད་འོས་པ་ཞིག་མིན། ནོར་འཁྲུལ་ཡེ་ནས་མེད་པའི་ལས་བྱ་ཞིག་ཡོད་ན་དེ་གཞན་ཞིག་ལས་བཤུས་པ་ཡིན་སྲིད། གཞན་གྱིས་བསླབ་པ་ཡིན་སྲིད། ཐ་ན་གཞན་ཞིག་གིས་འབྲི་རོགས་བྱས་པ་ཡང་སྲིད། འཛིན་གྲྭའི་ནང་དུ་ཕན་ཚུན་ནང་སྦྱོང་འབྲི་རོགས་བྱེད་པ་ནི་ད་ལྟ་བར་དུ་སྤྱིར་བཏང་གི་སྣང་ཚུལ་ཞིག་རེད། དེའི་ཕྱིར་ནོར་འཁྲུལ་མེད་པའི་གནང་སྟངས་འདི་གསུམ་ནི་དགེ་རྒན་ཞིག་གི་ངོས་ནས་བསམ་ན་བློ་བདེ་བའི་རང་བཞིན་ཞིག་མིན་པ་རྟོགས་མི་ཐུབ་པ་ཞིག་མ་རེད།
ནོར་འཁྲུལ་ཡེ་ནས་མེད་པའི་ལས་བྱ་ཞིག་སློབ་མ་རང་གི་ངོས་ནས་བྲིས་ཡོང་པ་ཡིན་ན་དེ་ལ་ངོས་འཛིན་གང་འདྲ་ཞིག་བྱེད་དགོས་སམ། འདི་ཡང་བསམ་གཞིགས་ངེས་གཏན་བྱེད་མི་འོས་པ་ཞིག་མ་རེད། སློབ་མ་ཞིག་གིས་ནང་ལས་ནོར་འཁྲུལ་ཡེ་ནས་མེད་པ་ཞིག་རང་ངོས་ནས་བྲིས་ཡོང་ན། དེ་ལ་དགའ་བ་སྐྱེ་མི་འོས་པའི་དོན་ཞིག་ཇི་ལྟར་ཡོད་དམ་སྙམ་ན། དེ་བདེན་མོད་བསམ་གཞིགས་བྱེད་མི་འོས་པ་ཞིག་ཡེ་ནས་མིན། ང་ཚོས་སློབ་མ་སྐྱེད་སྲིང་བྱེད་པ་ནི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དོ་ཁུར་བྱེད་དགོས་པ་ལས། སློབ་ཚན་བྱེ་བྲག་པ་ཞིག་ཡར་རྒྱས་སོང་ནས་གཞན་ཐམས་ཅད་ལ་འཕེལ་རྒྱས་མེད་པ་ཞིག་ཆགས་ན་ནི་སློབ་མ་སྐྱེད་སྲིང་ལེགས་པོ་མ་བྱུང་བ་རེད། དེའི་ཕྱིར་སློབ་མ་དེས་ལས་བྱ་གཞན་དང་གཞན་ལ་འཐུས་ཤོར་འགྲོ་གི་ཡོད་མེད་ལ་བསམ་གཞིགས་གཅིག་བྱེད་དགོས། སློབ་མ་དེའི་སེམས་ཁམས་ཀྱི་གནས་བབ་བྱེ་བྲག་པ་ཞིག་གིས་ཁྱེད་ཀྱིས་སྐུལ་བའི་ནང་སྦྱོང་དེ་ཁོ་ན་ལ་ཤུགས་བརྒྱབ་ནས་གཞན་རྣམས་འཐུས་ཤོར་འགྲོ་གི་ཡོད་མེད་ལ་དགེ་རྒན་གྱིས་འདྲི་རྩད་བྱེད་དགོས།
ད་དུང་ཞུ་རྒྱུ་ཞིག་ཡོད་པ་ནི། གོང་དུ་ཞུས་པའི་ཉེན་ཁ་དེ་དག་གཅིག་ཀྱང་མེད་ན་དགེ་རྒན་རྣམས་དགའ་མི་འོས་སམ་སྙམ་ན། ལོས་འོས་མོད་འདི་ལ་ཡང་བསམ་གཞིགས་དཀའ་ཤོས་དེ་བྱེད་རྒྱུ་ཡོད། ནང་ལས་ལ་ནོར་འཁྲུལ་ཡེ་ནས་མེད་པའི་ནང་ལས་བྱེད་མཁན་གྱི་སློབ་མ་དེའི་མ་འོངས་པའི་བསམ་བློ་དང་སེམས་ཁམས་ཀྱི་འཕེལ་རྒྱས་བརྟན་པོ་ཡོད་མེད་ལ་བསམ་གཞིགས་ངེས་པར་དུ་བྱེད་དགོས། སློབ་མ་འགའ་རེ་རང་ཉིད་ཀྱི་ཕ་མ་དང་རྒན་པ་ལ་མགུ་བ་སྐྱེད་པའི་ཆེད་དུ་སློབ་གྲྭའི་གནས་སྐབས་སུ་ལས་བྱ་རྣམས་ཧུར་ཐག་གིས་བྱེད་ན་ཡང་། ནམ་ཞིག་སློབ་གྲྭའི་ར་བ་ལས་ཕྱི་ལོགས་སུ་སླེབས་པའི་ཚེ་ཁྱི་བཏགས་ཤོར་མ་ལྟ་བུར་འགྱུར་མི་སྲིད་པ་མ་རེད། དེ་འདྲར་འགྱུར་བའི་སེམས་གཤིས་ཡོད་དང་མེད་དགེ་རྒན་གྱིས་ངེས་པར་དུ་དཔྱད་དགོས། འདི་ནི་ཧ་ཅང་དཔྱད་དཀའ་བའི་དོན་ཞིག་ཡིན་སྟེ། དེ་འདྲའི་སྣང་ཚུལ་བྱུང་རུང་དེ་དོན་ལ་གནས་མིན་ཁ་ཚོན་ཆོད་ཧ་ཅང་དཀའ་ཞིང་། གལ་སྲིད་དེའི་འདྲའི་སྣང་ཚུལ་ངེས་གཏན་ཡོད་ན་དེ་ལ་དཔགས་པའི་དགེ་རྒན་གྱིས་རྣམ་འགྱུར་བྱེད་སྒོ་ལག་ལེན་བསྟར་དགོས། མདོར་ན། གནས་སྐབས་ཀྱི་སློབ་སྦྱོང་ལས་ཚེ་གང་ལ་སློབ་སྦྱོང་གི་གོམས་གཤིས་འཇགས་སུ་འཇུག་རྒྱུའི་རིན་ཐང་ནི་ལྡབ་སྟོང་གི་བསྒྲུན་མི་ཐུབ་བོ། །
ཉེན་བརྡ་དེ་དག་སྔོན་དུ་བརྗོད་ནས་སྐབས་འདིར་ཞུ་བྱ་དངོས་ནི། ཡ་མཚན་སྟོན་ས་ནོར་མི་ཉན་པ་དེ་རེད། དེ་ཡང་སློབ་མས་ནོར་འཁྲུལ་ཅན་གྱི་ལས་བྱ་ཞིག་བྲིས་པའི་ཚེ་དགེ་རྒན་གྱི་ཕྱོགས་ནས་ཡ་མཚན་གྱི་ཚིག་དང་རྣམ་འགྱུར་གང་ཡང་ཐོན་དུ་འཇུག་མི་རུང་། གལ་སྲིད་ཡ་མཚན་གྱི་རྣམ་འགྱུར་སྟོན་འདོད་ན་ནོར་འཁྲུལ་མེད་པའི་ཆ་ཐམས་ཅད་བཏོན་ནས་བློ་ཚིམ་པའི་རྣམ་འགྱུར་དང་ངག་ཚིག་བརྗོད་ཆོག དེ་ལྟར་བརྗོད་ན་སློབ་སྦྱོང་ལ་སྐུལ་ལྕག་ཐེབས་ཀྱི་ཡོད། ནོར་འཁྲུལ་མེད་པར་བྱས་པའི་ཆ་ག་ཚོད་ཡོད་པ་དེ་དག་ཐམས་ཅད་དགེ་རྒན་ཁྱེད་རང་ལ་དགོས་པའི་འབྲས་བུ་དེ་ཡིན་པ་དྲན་པར་གྱིས། བྱས་པ་ལ་བྱས་ངོ་མེད་པར་མ་བྱུང་བ་ལ་ཐེར་འདོན་བྱེད་པ་ནི་བྱེད་ཐབས་བཟང་པོ་ཞིག་མིན་པ་སྤྱིར་བཏང་འཚོ་བའི་ནང་དུ་ཡོངས་གྲགས་ཡིན་པའི་རིགས་ལམ་དེ་སློབ་མའི་ལས་བྱའི་སྐབས་སུ་ཅིའི་ཕྱིར་མི་འགྲོ། དེའི་ཕྱིར་ཡ་མཚན་གྱི་རྣམ་འགྱུར་སྟོན་དགོས་ན་སློབ་མས་བྱས་པའི་འགྲིག་པའི་ཆ་ལ་བཟང་བསྟོད་ཀྱི་ཚུལ་དུ་སྟོན། མ་འགྲིག་པའི་ཆ་ལ་སྨད་རའི་ཚུལ་དུ་ཡེ་ནས་སྟོན་མི་འོས།
དམའ་འབེབས་པ་ནི་མཐར་སྐྲོད་པ་ཡིན། སྔ་མོའི་དུས་སུ་རྒྱལ་པོའི་ཉེ་འཁོར་གྱི་མི་སྣ་མཐོ་གྲས་རྣམས་ཀྱི་ནོར་འཁྲུལ་བྱས་པས་ཚེ་“ཐང་འཚམས་ལ་འབེབས་པ”་ཞེས་པ་ཞིག་ལག་ལེན་ལ་བསྟར་རྒྱུ་ཡོད། དེ་ནི་ནོར་འཁྲུལ་བྱས་པ་རྒྱུ་མཚན་དུ་བྱས་ནས་ཉེ་འཁྲིས་སུ་སྡོད་དུ་མི་འཇུག་པར་རྒྱང་ཕུད་གཏོང་བ་རེད། དེ་ནི་དམའ་འབེབས་བྱེད་པའི་ཐབས་ལམ་ཞིག་རེད། མི་ཞིག་གིས་ནོར་འཁྲུལ་ཤོར་ན་ཡོ་བསྲང་བྱས་ནས་བདག་ཉར་དགོས་པ་ལས་རྒྱང་ཕུད་བཏང་བ་ནི་མི་དེ་བེད་སྤྱོད་མེད་པར་བཏང་བ་རེད། མི་རྒྱང་ཕུད་བཏང་ན་མ་འོངས་པར་མི་དེས་རྒྱལ་ཁབ་དང་མི་རིགས་ལ་འཇོག་སྲིད་པའི་ཞབས་འདེགས་རླབས་པོ་ཆེ་དག་ཞུ་ས་མེད་པར་བཏང་བ་རེད། ང་ཚོས་སློབ་མ་གསོ་སྐྱོང་བྱེད་པ་ནི་འདི་ལས་ངེས་པར་དུ་ལྡོག་པ་ཞིག་ཡིན་དགོས་ཏེ། སློབ་མ་ཐམས་ཅད་མ་འོངས་པའི་སོན་རྩ་ཡིན་ཞིང་། དེ་དག་གིས་མ་འོངས་པར་རྒྱལ་ཁབ་དང་མི་རིགས་ལ་ཞབས་འདེགས་སྒྲུབ་པའི་ཁོར་ཡུག་དང་གོ་སྐབས་མཁོ་སྤྲོད་བྱེད་དགོས་པ་རེད།
དེས་ན་དམའ་འབེབས་བྱེད་པ་ནི་ཏག་ཏག་དེའི་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ཅན་གྱི་བྱ་བ་ཞིག་རེད། སྔ་མོའི་དུས་སྐབས་ཤིག་ལ་གང་ཟག་རེ་ཟུང་ཞིག་ལ་སྙིང་འདྲེན་བསླངས་ནས་སེམས་ཤུགས་འཕེལ་བར་བྱས་ནས་བྱ་བ་བཟང་བར་བྱས་པ་རེ་ཟུང་བྱུང་ཡོད་སྲིད་ན་ཡང་། ད་སྐབས་ནི་སྔར་ལྟར་འདེམས་སྒྲུག་བྱས་པའི་ཉུང་ཚོགས་ལ་ཤེས་ཡོན་སྤྲོད་པ་མིན་པར་གདམ་གསེས་མེད་པར་མང་ཚོགས་ལ་ཤེས་ཡོན་སྤྲོད་པའི་བྱ་བ་ཡིན་སྟབས། གང་ཟག་རེ་ཟུང་ཞིག་ལ་སོང་བའི་ཐབས་ལམ་དེ་གང་ཟག་བྱིངས་ལ་འགྲོ་བའི་ངེས་མེད་པ་མཁྱེན་དགོས་ལ། ལར་ནས་ད་ལྟའི་གནས་སྐབས་ཀྱི་མིའི་སེམས་ཁམས་ནི་དམའ་འབེབས་པ་ལ་དགའ་བོ་མི་བྱེད་པ་ཡིན་པས། དམའ་ཕབ་ནས་སློབ་སྦྱོང་ལ་སྐུལ་བའི་ཐབས་ལམ་ཟེར་བ་ནི་བཤད་སྲོལ་རྙིང་པ་ཞིག་ལས་མང་ཚོགས་ལ་ཤེས་ཡོན་སྤྲོད་པའི་ནང་དུ་འོས་འཚམ་མིན་པ་ངེས་དགོས། ནོར་འཁྲུལ་འདོན་པ་ནི་དམའ་འབེབས་པ་དང་གཉིས་སུ་མེད་ལ་ལྷག་པར་དུ་ཐབས་མི་མཁས་པའི་ནོར་འཁྲུལ་འདོན་པ་ནི་དམའ་འབེབས་པ་དང་དོན་གཅིག་ཡིན། དེའི་ཕྱིར་ནོར་འཁྲུལ་འདོན་པ་ནི་ཧ་ཅང་གཟབ་ནན་གྱིས་སྒྲུབ་དགོས་པའི་བྱ་བ་གནད་འགག་ཅན་ཞིག་རེད།

ཞོར་ལ་ནོར་འཁྲུལ་འདོན་པའི་ཐབས་ལམ་འགའ་ཞིག་གྲོས་སུ་འདེབས་པ།

དགེ་རྒན་གྱི་བྱ་བ་ནི་མདོར་བསྡུས་ན་སློབ་མ་དག་སློབ་སྦྱོང་ལ་ཡར་སྐུལ་ཐེབས་པར་བྱེད་རྒྱུ་དེ་ཡིན། དེའི་ཆེད་དུ་བཟང་ཕྱོགས་ནས་བརྗོད་རྒྱུ་ཧ་ཅང་གལ་ཆེ་ཞིང་། ནོར་འཁྲུལ་བཅོས་པ་ནི་གཡོལ་དུ་མེད་པའི་བྱ་བ་ཞིག་ཡིན་པ་མ་ཟད། ནོར་འཁྲུལ་བཅོས་སྟངས་ནི་དགེ་རྒན་ཞིག་གི་བྱ་བའི་ནང་གི་ཧ་ཅང་བྱ་དཀའ་བའི་ལས་དོན་ཞིག་རེད།

ནོར་འཁྲུལ་ཐེར་འདོན་བྱས་ནས་སྟབས་བདེའི་བསམ་བློ་གཏོང་མི་ཉན།

ནོར་འཁྲུལ་ཐེར་འདོན་བྱས་ན་རྗེས་མ་ནོར་འཁྲུལ་དེ་མི་འབྱུང་སྙམ་པ་ནི། ཧ་ཅང་སྟབས་བདེའི་བསམ་ཚུལ་ཞིག་ལས་དོན་ལ་བབ་པའི་ལག་ལེན་ཞིག་ཡེ་ནས་མིན། ནོར་བ་ལ་ནོར་བར་བརྗོད་པ་ནི་མཚང་འབྲུ་བ་དང་གཉིས་སུ་མེད་ཅིང་། དགྲ་བོ་ལ་ཡང་ངན་དམོད་བྱེད་པའི་ཆེད་དུ་ནོར་འཁྲུལ་བརྗོད་པ་ལས་བྱེད་རྒྱུ་གཞན་གང་ཡང་མེད། སྐྱོན་མེད་པ་ཞིག་ལ་སྐྱོན་དུ་བརྗོད་ན་རང་ཉིད་ཀྱི་མགོ་ལ་ལྷུང་རྒྱུ་ཡིན་པ་སུས་ཀྱང་ལོས་ཤེས། དེས་ན་ནོར་འཁྲུལ་ཐེར་འདོན་བྱེད་པ་ལ་ནི་ལྡོག་ཕྱོགས་ཀྱི་འབྲས་བུ་ལས་གཞན་མེད།

ཁ། ནོར་བ་བཅོས་པ་ནི་ཞར་བྱུང་ཙམ་ཞིག་ཡིན་པའི་ངང་ཚུལ་གྱིས་ནོར་བ་བཅོས་དགོས།

ནོར་འཁྲུལ་བཅོས་ཐབས་མི་བྱེད་པ་ནི་འགན་མ་ཁུར་བའི་བྱ་བ་ཞིག་ཡིན་པས་བཅོས་ཐབས་ངེས་པར་དུ་བྱེད་དགོས། ལས་བྱ་ཞིག་བྲིས་པ་དགེ་རྒན་ལ་སྟོན་པའི་ཚེ། དགེ་རྒན་གྱིས་སློབ་མའི་ལས་བྱའི་ལེགས་ཆ་ལ་གདེང་འཇོག་བྱེད་ཆེད་དུ་སྟོན་གྱི་ཡོད་པ་ལས། སྐྱོན་ཆ་འཚོལ་བའི་ཆེད་དུ་སྟོན་གྱི་ཡོད་པའི་འདུ་ཤེས་སྐྱེ་རུ་ཡེ་ནས་འཇུག་མི་རིགས། བཟང་ཆ་རྣམས་བརྗོད་པའི་ཚེ་ནོར་བ་ཞིག་གལ་ཆུང་གི་ཚུལ་དུ་ཞོར་ལ་བསྟན་བྱུང་སྙམ་པའི་སྣང་བ་སྟེར་ཐུབ་པའི་སྒོ་ནས་བཅོས་དགོས། མདོར་ན། སྐྱོན་ཞིག་བཏོན་དེ་དཔེར་མཚོན་དུ་བཞག་ནས་ཁྱོད་ཀྱིས་མི་ཤེས་ཚུལ་དང་མི་འཇོན་ཚུལ་ཡེ་ནས་བརྗོད་མི་ཉན། དེ་ལྟར་བརྗོད་ན་ནོར་བཅོས་ལས་མཚང་འབྲུ་རུ་འགྲོ་བ་ཡིན། སློབ་མའི་མི་གཞི་ལ་དམའ་འབེབས་པའི་རིགས་སུ་གཏོགས་པའི་ཆ་ཕྲ་མོ་ཙམ་ཡང་བྱེད་མི་ཉན།

ནོར་འཁྲུལ་ཡོད་པ་མཐོང་བཞིན་དུ་མི་བཅོས་པར་སྣང་མེད་དུ་འཇོག་གི་ཡོད་པའི་གོ་བརྡ་སློབ་མའི་སེམས་སུ་འགྲོ་རུ་འཇུག་མི་ཉན།

སྲོལ་རྒྱུན་གྱི་ཤེས་ཡོན་རིག་པའི་ནང་དུ་ནོར་བ་འཕྲལ་དུ་མ་བཅོས་ན། མ་དག་རྒྱུན་འབྱམས་ཀྱིས་མི་ཚེ་གང་ལ་ནོར་བ་དེ་དང་ལྷན་དུ་འཚོ་རྒྱུ་ཡིན་པའི་དཔེར་མཚོན་དང་བཅས་ཏེ་བཤད་ཀྱི་ཡོད། འོན་ཀྱང་འདི་ལ་བདེན་ཆ་ཙམ་ཡོད་ཀྱང་ཁྱབ་པ་ཡེ་ནས་མི་འདུག ལར་ནས་ནོར་བར་བསླབ་པ་དང་ནོར་བ་ཐད་བཅོས་མ་བྱས་པའི་བར་ལ་ཁྱད་པར་ཆེན་པོ་ཡོད་འདུག ང་ཚོས་ཤེས་ཡོན་ཐམས་ཅད་ནོར་བ་བཅོས་བཞིན་གནད་དོན་གཅིག་བསགས་གཉིས་བསགས་ཀྱིས་མཁས་པར་འགྱུར་བ་རེད། ནོར་བཅོས་དེ་དག་བརྒྱ་ཆ་ལ་བཀར་ན་དགུ་བཅུ་གོ་ལྔ་རང་ངོས་ནས་ངོ་འཕྲོད་སོང་བ་ཞིག་ལས་གཞན་ཞིག་གིས་ནོར་བཅོས་བྱས་ནས་ཤེས་བྱ་བསགས་པ་ཆགས་མེད། གནད་འགག་ནི་ནོར་བཅོས་མ་བྱས་ན་མ་དག་རྒྱུན་འབྱམས་སུ་འགྲོ་བའི་ཉེན་ཁ་ཆེ་བའི་སྐོར་དུས་རྒྱུན་དུ་ཡང་ཡང་བརྗོད་ནས་ནོར་བ་བཅོས་དགོས་པ་གལ་ཆེན་པོ་ཡིན་པའི་བརྡ་ལན་དེ་སློབ་མའི་སེམས་ལ་ངེས་པར་དུ་འཕྲོད་དགོས།

ང་། དགེ་རྒན་དེས་ནོར་འཁྲུལ་ཡོད་ཀྱང་མང་པོ་མཐོང་གི་མ་རེད་སྙམ་པའི་གོ་བརྡ་ཡང་འགྲོ་རུ་འཇུག་མི་ཉན།

ནོར་འཁྲུལ་མང་པོ་བཅོས་མི་རུང་བ་འམ་གཟབ་ནན་གྱིས་བཅོས་ཐབས་ལག་ལེན་དུ་བསྟར་སྐབས་ཉེན་ཁ་གསར་བ་ཞིག་ཡོད་པ་ནི། སློབ་མ་དག་གིས་སེམས་ངོར་“ནོར་བ་བྲིས་ཀྱང་དགེ་རྒན་འདིས་མཐོང་གི་མ་རེད།” སྙམ་པའི་ཚོར་བ་སླེབས་ཉེན་ཆེ། དེའི་ཕྱིར་བརྗོད་པའི་ནོར་འཁྲུལ་དེ་ལས་གཞན་ཡོད་པ་མཐོང་ཡང་དགེ་ལགས་ཀྱིས་བསམ་ཤེས་ཀྱིས་ང་ལ་ཐད་ཀར་བརྗོད་མ་སོང་སྙམ་པའི་ཚོར་བ་སླེབས་སུ་འཇུག་དགོས། དེ་ནི་དགེ་རྒན་གྱི་ལུས་ཀྱི་རྣམ་འགྱུར་དང་། ངག་གི་རྣམ་འགྱུར། མིག་མདངས། གདོང་པའི་རྣམ་འགྱུར། འཛུམ་མདངས། སྐབས་ཐོག་གི་བྱུང་བ།(ཉེ་འཁོར་དུ་མི་ཞིག་སླེབས་པའམ་དོན་དག་གཞན་ཞིག་ལ་དོ་སྣང་བྱེད་དགོས་བྱུང་བ་ལྟ་བུ) དེ་མིན་ཁག་དཀྲི་ས་གཞན་དང་གཞན་གྱི་རྣམ་འགྱུར་གྱི་ཐོག་ནས་མངོན་ཐུབ་པར་བྱེད་དགོས། འདིར་ཡང་གཟབ་དགོས་པ་ཞིག་ལ་འདི་འདྲ་བྱས་པའི་ཚེ་སློབ་མའི་སེམས་ངོས་སུ་“དགེ་རྒན་གྱིས་མགོ་གྲུང་མདོག་བྱེད་པ་མ་གཏོགས་དོན་དུ་ནོར་འཁྲུལ་དེ་ཧ་གོ་གི་མི་འདུག” སྙམ་པའི་ཚོར་བ་སླེབས་ཉེན་ཆེ། དེ་སླེབས་ན་སློབ་མའི་སེམས་ངོས་སུ་དགེ་རྒན་གྱི་སྣང་བརྙན་ལ་ཆེ་མཐོང་མེད་པར་འགྱུར་ཞིང་། དེ་ལ་བརྟེན་ནས་དགེ་རྒན་གྱི་ལས་དོན་ཀུན་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པས་ཉེན་ཁ་སྔར་བས་ཀྱང་ཆེ་བ་ཡིན།

ཅ། ལས་དོན་ཐམས་ཅད་ཀྱི་ནང་ནས་མཆོག་ནི་ནོར་འཁྲུལ་མེད་པ་དེ་ཡིན་པར་རང་སྒེར་གྱིས་འདོད་ཀྱི་ཡོད་པའི་གོ་བརྡ་འཕྲོད་པར་བྱོས།

ནོར་འཁྲུལ་ཤོར་བ་ནི་ཆེས་ཧ་ཅང་སྤྱིར་བཏང་བ་དང་དོན་དག་ཆུང་ཆུང་ཞིག་ཡིན་པར་ངག་ནས་ཤོད། འོན་ཀྱང་དུས་རྒྱུན་དུ་དགེ་རྒན་རང་ཉིད་ཀྱིས་བྱ་བ་བྱེད་པའི་ཚེ། ཧ་ཅང་གཟབ་ནན་གྱིས་ནོར་འཁྲུལ་ཆུང་ཆུང་ཞིག་ཀྱང་མེད་པའི་ཐབས་བྱེད་ཀྱི་ཡོད་པའི་བརྡ་ལན་འཕྲོད་པ་བྱེད་དགོས། དེ་ལྟར་བྱས་ན་སློབ་མ་ལ་བྱ་བ་གང་བྱས་ལ་ནོར་འཁྲུལ་མེད་པ་ཞིག་བྱེད་པ་གལ་ཆེ་བའི་ལམ་སྟོན་ནུས་ལྡན་ཞིག་འགྲོ་བ་ཡིན།

ཆ། ལས་བྱ་ཞིག་ལ་ནོར་འཁྲུལ་གཅིག་ལས་མ་བཏོན་རུང་ད་དུང་མེད་པར་སྙམ་པའི་གོ་བརྡ་འགྲོ་རུ་འཇུག་མི་ཉན།

ལུས་ངག་གི་རྣམ་འགྱུར་གང་རུང་མངོན་གསལ་མི་ཆེ་བ་ཞིག་གིས་ལས་བྱ་དེའི་ནང་དུ་ད་དུང་ནོར་འཁྲུལ་ཡོད་པའམ་ཡོད་སྲིད་པའི་བརྡ་ལན་འཕྲོད་པར་བྱོས། འོན་ཀྱང་ནོར་འཁྲུལ་དེ་འདྲ་བའི་དབང་གིས་གཞན་གྱི་མདུན་དུ་སྟོན་རིན་མེད་པའི་བརྡ་ལན་འཕྲོད་མི་ཉན། དེ་ལྟར་བྱས་ན་སློབ་མའི་གཉའ་གཅོག་ཐབས་སུ་འགྱུར་ཉེན་ཆེ། མདོར་ན་སློབ་མའི་ལས་བྱ་བྱས་པའི་ཚེ་ནོར་མེད་པ་འམ་འགྲིག་ཡོད་པའི་སྤྲོ་སེམས་དེ་ངེས་པར་འཇོམས་མི་ཉན། དེའི་ནང་དུ་ནོར་བའི་ཆ་ཞིག་ཡོད་ན་དེ་མ་འགྲིག་པའི་སེམས་པ་དེ་སྐད་ཅིག་གཉིས་པ་ལ་གཞི་ནས་མངོན་དུ་འཇུག་འོས། གལ་སྲིད་སྐྱོན་ཡེ་ནས་མེད་པ་ཞིག་བྱེད་འདོད་ན་ད་དུང་འདིའི་ནང་དུ་ནོར་བ་ཡོད་སྲིད་པ་རེད་སྙམ་པའི་བསམ་བློ་དེ་མེད་པར་གཏོང་མི་འོས། “དགེ་ལགས་འདི་ལ་ནོར་འཁྲུལ་གཅིག་ཀྱང་མེད་པ་ཞིག་བཟོས་དང་” ཞེས་ལབ་ཡོང་བའི་གནས་སྟངས་ཤིག་བསྐྲུནད། མདོར་ན། ཁ་ལ་འགྲིག་ཡོད་པའི་བསམ་བློ་འཁོར་དུ་འཇུག་ཅིང་། བསམ་བློ་རིམ་པ་རྗེས་མ་ལ་སོང་ན་དེའི་ནང་དུ་ད་དུང་ནོར་འཁྲུལ་ཡོད་སྲིད་པར་སེམས་པའི་གྲ་སྒྲིག་ཡོད་པ་ཞིག་དགོས།

ཇ། ནོར་འཁྲུལ་བཅོས་ཐབས་ནི་སྐབས་ཐོག་དེ་དང་དུས་ཚོད་དེའི་སྐབས་ལ་ངེས་པར་དུ་དགོས་པར་བསམ་མི་དགོས།

དེ་རིང་གི་ལས་བྱའི་ནོར་འཁྲུལ་དེ་ཁ་སང་དང་ཟླ་ཉིན་གྱི་རྣམ་འགྱུར་ལས་བཅོས་ཐབས་ཡོད་ལ། སང་ཉིན་དང་ལོ་རྗེས་མའི་རྣམ་འགྱུར་ལས་ཀྱང་བཅོས་ཐབས་ཡོད། འདིའི་དཔེར་མཚོན་ནི་གྲངས་ལས་འདས་པ་ཞིག་ཡོད་ན་ཡང་སྐབས་ཐོག་འདི་རང་ལ་དྲན་ཡུལ་དུ་མི་འོངས་ལ། ལར་ནས་རྩོམ་པ་པོ་ཞིག་གིས་འདི་དང་འདི་དག་གོ་ཅེས་ངོ་སྤྲད་ནས་ངེས་པ་དགོས་པ་ཞིག་ཀྱང་མིན། དེ་ནི་དགེ་རྒན་རང་རང་སོ་སོའི་འདས་པའི་ཉམས་མྱོང་ལ་བརྟེན་ནས་ཤེས་དགོས། དཔེར་ན། སློབ་མ་ཞིག་གིས་“ཟླ་བ་”ལ་“ལྡ་བ་” ཞེས་ནོར་ནས་བྲིས་ཡོད་པར་མཐོང་ན། དགེ་རྒན་གྱིས་ལོ་སྔོན་མ་ཞིག་ལ་སློབ་མ་གཞན་ཞིག་ལ་ཟླ་བའི་དག་ཆ་ལ་“ལྡ་བ་”ཞེས་བྲིས་ཡོད་པ་ཇི་ལྟར་བཅོས་ཚུལ་སློབ་མའི་མཐོང་སར་བཞག་ན་དེས་“ལྡ་བ་” ཞེས་བྲིས་ན་ནོར་བ་ཡིན་པའི་གོ་བརྡ་འཕྲོད་པར་འགྱུར། འདིའི་སྐབས་སུ་དགེ་རྒན་དང་སློབ་མའི་བར་ལ་བརྡ་སྤྲོད་ཀྱི་འགྲེལ་བ་གང་ཡང་མི་དགོས། གཅིག་བྱས་ན་དེའི་སྐབས་སུ་སློབ་མའི་སེམས་སུ་དགེ་རྒན་གྱིས་“ལྡ་བ་” ཞེས་བྲིས་པའི་ནོར་འཁྲུལ་དེ་མཐོང་མ་སོང་སྙམ་ནས་ལམ་སང་“ཟླ་བ་” ལ་བཅོས་ནས་དགེ་རྒན་ལ་སྟོན་པ་སྲིད། དེ་དུས་དགེ་རྒན་གྱིས་ཀྱང་མཐོང་སོང་མདོག་མདོག་བྱེད་དགོས་དོན་མེད། དོན་དག་འགྲིག་སོང་བ་རེད།

ཉ། གད་མོ་སློང་བ་ནི་ཁོར་ཡུག་སྤྲོ་སྣང་ཅན་དུ་འགྱུར་བའི་མཐུན་རྐྱེན་ཞིག་ཡིན་པར་བསམ་པ་ནི་ཧ་ཅང་སྟབས་བདེའི་བསམ་ཚུལ་ཞིག་ཡིན།

དེ་འདྲ་ནི་ཁོར་ཡུག་ཧ་ཅང་བྱེ་བྲག་པ་ཞིག་གི་ནང་དུ་དུས་ཚོད་ཧ་ཅང་བྱེ་བྲག་པ་ཞིག་གི་སྐབས་སུ་སློབ་མ་ཧ་ཅང་བྱེ་བྲག་པ་ཞིག་གི་ཐོག་ལ་འགྲོ་སྲིད་ན་ཡང་། ནོར་འཁྲུལ་ཞིག་ལ་བལྟས་ནས་དེས་གད་མོ་སློང་བྱེད་བྱེད་པ་ནི་འཕྱ་དམོད་དུ་འགྲོ་བའི་ཉེན་ཁ་ཆེ། ནོར་འཁྲུལ་ཐད་ཀར་དང་གདོང་གནག་ནས་འདོན་མི་འོས་ན་གད་མོ་དང་སྦྲགས་ནས་འདོན་ལོས་ཆོག་སྙམ་ན། དེ་ཡང་སློབ་མ་དེའི་སྤྱིའི་ཁམས་དང་སྐབས་དེའི་མོས་པ་ལ་བལྟ་དགོས་པ་ལས་རང་དགར་བསམ་གཞིགས་མེད་པར་བྱ་འོས་པ་ཞིག་མིན།

གཉིས་པ། རྫི་བོ་ལྟ་བུའི་དགེ་རྒན་གྱིས་བྱེད་པ་བཞི

དང་པོ། ཕྲུ་གུ་རང་གིས་རྙེད་པའི་ལམ་ཐོག་ཏུ་མོས་མཐུན་དང་དེར་སྐུལ་འདེད་བྱེད་པ།

རྫི་བོ་དག་གིས་རང་གི་འཚོ་བྱའི་སེམས་ཅན་གར་སོང་གི་ས་ལ་མིག་གིས་ཕྱོགས་བཞི་བྱ་ར་བྱེད་བཞིན་སེམས་ཅན་གྱི་རྗེས་ནས་འབྲང་ནས་འགྲོ་བ་ལས། སེམས་ཅན་ཀུན་སྟར་ལ་བརྒྱུས་ནས་རང་གི་གར་འདོད་ཀྱི་ས་ལ་འཁྲིད་པར་མི་བྱེད། དེ་བཞིན་དགེ་རྒན་གྱིས་ཀྱང་རང་གི་སློབ་མའི་ཤེས་བྱ་འཕེལ་རྒྱས་འགྲོ་ལུགས་དེ་རང་ཉིད་ཀྱི་སྐབས་སུ་ཇི་བཞིན་ཡོང་དགོས་པའི་ཨུ་ཚུགས་བྱེད་མི་འོས། སྐྱེ་བོ་ཐམས་ཅད་ལ་རང་རང་གི་ཡུལ་ལ་ཞུགས་པའི་བྲོ་བ་གཞན་དང་ཐ་དད་ཅིག་ཡོད། ཐ་ན་རྩིས་རིག་གི་གཉིས་ལ་གཉིས་བསྡོམས་པའི་བཞི་ཡིན་པའི་བདེན་དོན་དེ་ཡི་བྲོ་བ་མྱོང་ཚུལ་ཡང་གང་ཟག་རང་རང་ལ་མི་འདྲ་བ་ཡོད། དེས་གནད་དོན་གཞན་པའི་ཐོག་ལ་འགྲེལ་ཚུལ་ཐ་དད་པར་ཡོད་པ་ནི་སྨྲོས་མི་དགོས་པ་རེད། དེས་ཕྱིར་དགེ་རྒན་གྱིས་རང་ཉིད་ཀྱི་མྱོང་བ་སློབ་མའི་ཐོག་ལ་དཔེ་འགེབས་མི་བྱེད་པར་སློབ་མ་རང་ངོས་ནས་དངོས་པོའི་གནས་ལུགས་ཇི་ལྟར་རྙེད་པའི་ཚུལ་ལ་ལེགས་གསོལ་གདེང་འཇོག་བྱ་དགོས། མདོར་ན་རང་ཉིད་ཁོང་ཅག་ལས་མཆོག་ཡིན་པའི་དབང་ཚད་དེ་འགེལ་བའི་འབད་པ་བྱ་མི་རུང་།

གཉིས། ཉིན་མཚན་དུས་དྲུག་ཏུ་རང་ཉིད་དགེ་རྒན་ཞིག་ཡིན་པར་དྲན་པ།

རྫི་བོ་ནི་ཉིན་གླ་བ་ཞིག་མིན་པར་འཚོ་ཐབས་ཤིག་ཡིན། རང་ཉིད་འཚོ་ཐབས་དེར་ཞུགས་ན་ཉིན་མཚན་ཀུན་ཏུ་རང་ཉིད་རྫི་བོ་ཞིག་ཡིན་པའི་བསམ་བློ་མི་འདོར་ཞིང་། སང་ཉིན་སེམས་ཅན་ག་བར་འདེད་དགོས་དང་ཇི་ལྟར་འཚོ་དགོས་པའི་ཐོག་ལ་བསམ་གཞིགས་རྒྱུན་དུ་བྱེད་པ་རེད། དེ་བཞིན་རྫི་བོ་ལྟ་བུའི་དགེ་རྒན་གྱིས་སང་ཉིན་སློབ་མར་སློབ་ཁྲིད་ཇི་ལྟར་བྱེད་པ་དང་། སློབ་མ་ཇི་ལྟར་སྐྱོང་དགོས་པའི་ཐོག་ལ་བསམ་གཞིགས་ནམ་ཡང་མི་འདོར། འདིར་སློབ་ཁྲིད་འཆར་འགོད་བྱེད་ལུགས་ཀྱི་སྐོར་ལ་བསམ་ཚུལ་ཞིག་ཡོད་མོད་གནས་སྐབས་མང་དོགས་ཀྱིས་བཞག

གསུམ། ཤེས་ཡོན་གྱི་ཞིང་ལ་སློབ་མ་འདེད་པ།

རྫི་བོ་ལྟ་བུའི་དགེ་རྒན་གྱིས་སློབ་མ་ཤེས་ཡོན་དུ་འཁྲིད་རྒྱུ་མིན་པར། སློབ་མ་ཤེས་ཡོན་དུ་རྒྱབ་ནས་ཡར་འདེད་རྒྱུ་དེ་ཡིན། འཁྲིད་པ་དང་འདེད་པ་གཉིས་ཀྱི་ཁྱད་པར་ནི་མདུན་ལམ་དང་ཁ་ཕྱོགས་སློབ་མས་འཚོལ་ཞིང་དགེ་རྒན་གྱིས་རྗེས་ནས་བསྐྱངས་ན་འདེད་པ་དང་། མདུན་ལམ་ཁ་ཕྱོགས་དགེ་རྒན་གྱིས་ཐག་བཅད་ནས་དགེ་རྒན་སྔོན་དུ་བཞུད་ནས་སློབ་མ་རྗེས་སུ་འབྲང་བཅུག་ན་འཁྲིད་པ་ཡིན། འདིའི་ནང་དུ་ཞུ་རྒྱུ་མང་པོ་ཡོད་པ་མ་ཟད། དགེ་རྒན་གྱི་ལས་ཀ་གཙོ་བོ་སློབ་ཁྲིད་བྱེད་པ་དེ་ཡིན་པས་རྫི་བོ་ལྟ་བུའི་དགེ་རྒན་གྱིས་ཀྱང་བྱ་བ་གཙོ་བོ་ནི་སློབ་མ་ལ་སློབ་ཁྲིད་བྱེད་པ་དེ་རེད།

བཞི། བསྔགས་བརྗོད་ཀྱི་ཆར་པ་འབེབས་པ།

དགེ་རྒན་ནི་སློབ་མའི་འཕེལ་རྒྱས་ལ་བརྟག་པ་བྱེད་མཁན་ཞིག་ལས་སྐྱོན་འཚོལ་མཁན་ཞིག་ཡིན་མི་འོས། དེའི་ཕྱིར་སློབ་མས་ལས་བྱ་གང་བྱས་པ་བཟང་ཕྱོགས་ལ་དམིགས་ནས་བསྔགས་བརྗོད་ཀྱི་མེ་ཏོག་ལ་སེར་སྣ་ཡོད་མི་ཉན། ཧ་ཅང་ཡག་པོ་བྲིས་འདུག དཔེ་ཡག་པོ་བྱས་འདུག ཡག་པ་ལ། ཤིིན་ཏུ་ལེགས། ཧ་ཅང་ལེགས། ཕུལ་དུ་བྱུང་། ཤིན་ཏུ་བཟང་། བསྔགས་པར་འོས། དེ་འདྲ་ག་འདྲ་བྱས། དེ་འདྲའི་ཡག་པ་ལ། སྣང་བར་ཕྱིན་སོང་། ཁྱོད་རང་གིས་ཤེས་ཀྱི་རེད། ཁྱོད་རང་ཡག་པོ་འདུག ཁྱོད་རང་དངོས་གནས་ཡག་པོ་འདུག འགྲིག ཆེས་ཤིན་ཏུ་ལེགས། བསྔགས་བརྗོད་ཡོད། བསྔགས་འོས་སུ་གནས། ང་ཧ་ཅང་དགའ་བྱུང་། དངོས་གནས་ལེགས། ངོ་མ་བཟང་། ཁྱོད་ཀྱིས་མ་ཐུབ་ན་སུས་ཐུབ། མུ་མཐུད། འདོད་པ་ཚིམས་སོང་། དངོས་གནས་ཡག་པོ་བྲིས་འདུག ཅེས་སོགས་བསྟོད་བསྔགས་མང་ཙམ་བྱེད་དགོས། འོན་ཀྱང་འདིར་གཟབ་དགོས་པ་ནི་བསྟོད་བསྔགས་དེ་དག་རིན་ཐང་ལྡན་པ་ཞིག་ལ་བཀོལ་དགོས་པ་ལས་ཚིག་ཙམ་དུ་སོང་ན་རིན་ཐང་མེད་པར་འགྱུར་བས་ངལ་བ་ཙམ་དུ་ཟད་དོ། །