བསོད་ནམས་ཆོས་སྒྲོན།

སྟོད་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ལྗོངས་བསྟན་འགྲོའི་མགོན།།
ཕྱག་ན་པད་མོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།

ཅེས་གསོལ་འདེབས་ཤུགས་དྲག་དང་བཅས། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་རྩ་ཆེན་འདི་ཐོན་མི་སམ་བྷོ་ཊ་མཆོག་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ལ་བརྩི་བཀུར་ཞུས་ཏེ། རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་ལེགས་སྦྱར་གྱི་སྐད་དང་གདན་ཐོབ་གཅིག་པ་ཡིན་པའི་བོད་ཀྱི་སྐད་ཡིག་འདིར་གསར་བཟོ་གནང་བ་ཡིན། འཛམ་གླིང་འདིའི་ནང་ལ་ལེགས་སྦྱར་སྐད་དང་མཉམ་དུ་འགྲོ་ཐུབ་མཁན་བོད་ཀྱི་སྐད་ཡིག་མ་གཏོགས་མེད། སྐད་ཡིག་ནི་རྒྱལ་ཁབ་སོ་སོའི་མཚོན་རྟགས་ལྟ་བུ་ཡིན། སངས་རྒྱས་ཀྱིས་གསུངས་པའི་མདོ་དང་ལོ་ཙཱ་བས་བསྒྱུར་པའི་བསྟན་བཅོས་བོད་ཀྱི་སྐད་ཡིག་ནང་ཆ་ཚང་མཇལ་རྒྱུ་ཡོད། དེ་ལྟར་ང་ཚོ་བོད་ཀྱི་སྐད་ཡིག་འདི་ང་ཚོ་ཚང་མས་རྩ་ཆེར་བརྩིས་ཏེ་བདག་པོ་ཡག་པོ་རྒྱག་རྒྱུ་བྱེས་འབྱོར་བོད་མི་ཚོའི་ལས་འགན་ཆེ་ཤོས་ཤིག་ཡིན། དེར་བརྟེན་ང་ཚོ་ཚང་མས་ཐུགས་ལ་ངེས་པ་གནང་སྟེ་ཕྱག་ལེན་ངེས་པར་བསྐྱེལ་དགོས།
འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་འདི་མུན་པ་སེལ་ཆེད་སྟོད་མངའ་རིས་སྐོར་གསུམ། སྨད་མདོ་ཁམས་སྒང་དྲུག བར་དབུས་གཙང་རུ་བཞི་ནས་བོད་རིགས་བློ་རིག་བཀྲ་བ་བོད་ཕྲུག་བཅུ་དྲུག་འདེམས་སྒྲུག་གནང་སྟེ། བཀའི་བློན་པོ་གཙོ་བོ་ཐོན་མི་སམ་བྷོ་ཊ་དང་བོད་ཕྲུག་གཞན་བཅོ་ལྔ་ལ་བོད་དུ་སངས་རྒྱས་ཀྱི་བསྟན་པ་གཙོ་བོ་སྤེལ་ཕྱིར་རྒྱ་གར་འཕགས་པའི་ཡུལ་དུ་སྐད་དང་ཡི་གེ་སྦྱང་དུ་གསེར་མང་པོ་སྐྱེས་སུ་བརྫངས། རྒྱ་གར་གྱི་སྐད་ཡིག་སློབ་དུས་བོད་ཕྲུག་ཚོས་རྒྱལ་པོའི་བཀའ་ལ་བརྩིས་ཏེ། རྒྱ་གར་ཚ་བའི་ལུང་པར་སྐུ་ངལ་ཚད་མེད་བསྐྱོན་ཏེ་ཕེབས་ལམ་དུ་ཚ་གྲང་མ་འཕྲོད་པས་དབང་གིས་བོད་ཕྲུག་བཅོ་ལྔ་ཕེབས་ལམ་ལ་སྐུ་གཤེགས་པ་རེད། འདི་ཡི་ནང་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཐོན་མོ་སམ་བྷོ་ཊ་གཅིག་པུ་ཞལ་བཞུགས་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་བསྒྲུབ་ཐུབ་པ་བྱུང་ཡོད།
བོད་དུ་འབྱོར་ནས་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་རྩོམ་གནང་བའི་སྐབས་སུ་བོད་ཡིག་ལ་ངེས་པར་མཁོ་ལ་སམ་སྐྲ་ཏ་སྐད་ལ་མེད་པའི་ཡིག་འབྲུ་དྲུག་སྐོར་ལ་ཐོན་མི་ཡིས་ཐུགས་བསམ་བཞེས་སྐབས་གློ་བུར་དུ་མི་དཀར་པོ་ལྕགས་ཀྱི་ཞྭ་མོ་གྱོན་པ་ཞིག་མདུན་དུ་ཕེབས་ཏེ་ཐོན་མི་ལ། བཀའ་མོལ་འདི་ལྟར་གནང་། ཐོན་མིས་མི་དཀར་པོ་ལ་ཁྱོད་གང་ནས་ཡོང་ངམ། ཞེས་དྲིས་པར། མི་དེས་ཐོན་མི་ལ། ང་ཞང་ཞུང་ནས་ཡོང་བ་ཡིན། ཞེས་གསུངས། གང་དུ་འགྲོ། ཞེས་པར། ང་ཟ་འོར་དུ་འགྲོ ཅི་བྱེད་དུ་འགྲོ། ཞེས་པར། ཇ་ཉོ་རུ་འགྲོ། ག་དུས་ལོག ཅེས་པར། ཅི་ཆ། ཞེས་གསུངས་ནས་མི་དེ་འཇའ་ཡལ་བ་ལྟར་བྱུང་ངོ། །རྒྱ་གར་གྱི་སྐད་ལ་ངེས་པར་མཁོ་བ་དང་བོད་སྐད་ལ་མི་མཁོ་བའི་ ཊ་ཋ་ཌ་ཎ་ཥ་ཀྵ་བཅས་ལོག་ཡིག་དྲུག་དང་། གྷ་ཛྷ་ཌྷ་དྷ་བྷ་མཐུག་པོའི་ཡི་གེ་ལྔ་བཅས་སོ། །
བོད་ཀྱི་སྐད་ཡིག་ཤེས་པ་ལ་དགེ་རྒན་ཡག་པོ་ཞིག་བསྟེན་ཏེ། གུས་ཞབས་དང་བཅས་སྦྱོང་དགོས་ཡོད། བོད་ཀྱི་སྐད་ཡིག་དེ་ཐོག་མ་སྦྱང་ཤིང་སྟེང་ལ་སྙུགས་སྲིང་གིས་དགེ་རྒན་གྱིས་བྲིས་པའི་སྟེང་ལ་སྨྱུ་གུས་བརྩེགས་འབྲི་བྱས་ཏེ་རྒན་ལགས་ལ་སྤྱན་འབུལ་ཞུ་བ་དང་། སྦྱང་ཤིང་སྟེང་ལོ་གཅིག་ཙམ་ཡིག་གཟུགས་སྦྱོང་དགོས། དེ་རྗེས་ལ་རྒན་ལགས་ནས་ཤོག་ཐོག་ཏུ་ཡིག་དཔེ་གནང་སྟེ། ཟླ་དྲུག་ཙམ་ལ་རང་ངོས་ནས་ཡིག་གཟུགས་ཚུགས་རིང་། ཚུགས་ཆུང་། ཚུགས་མ་འཁྱུག་བཅས་སྦྱོང་དགོས། དེ་ནི་རྒན་ལགས་ནས་གནང་བའི་ཡིག་དཔེ་ལ་བལྟས་ནས་ཐིག་དང་མ་འགལ་བ་འབྲི་དགོས།
དེ་ནས་ཕྲུ་གུ་ཚོར་མགོ་ཅན་གསུམ་དང་འདོགས་ཅན་བཞི་སོ་སོར་ནང་གསེས་མང་པོ་ཡོད། དཔེར་ན། མགོ་ཅན་ལ་ར་མགོ། ལ་མགོ། ས་མགོ་བཅས་གསུམ་ཡོད། འདོགས་ཅན་ལ་ཡ་བཏགས། ར་བཏགས། ལ་བཏགས་ ཝ་ཟུར་བཅས་བཞི་ཡོད། དེ་རྣམས་སྦྱོང་དུས་ནང་གསེས་སོ་སོར་ཡི་གེ་ཇི་ཡོད་ལ་རིམ་པ་བཞིན་དཔེར་བརྗོད་འབྲི་འཇུག་དགོས། རྒན་ལགས་ཚོས་ཕྲུ་གུ་ཚོར་དཔེར་བརྗོད་ཇི་ཙམ་མང་བ་ཕུལ་་ན་དེ་ཙམ་གྱིས་ཕྲུ་གུའི་བོད་ཀྱི་སྐད་དང་ཡི་གེ་གཉིས་ཀ་ལ་ཕན་ཐོགས་ཆེན་པོ་ཡོད་པས། དཔེར་བརྗོད་གང་མང་གནང་རོགས་ཞེས་ངས་འབོད་སྐུལ་ཞུ་གི་ཡོད།
བོད་སྐད་སྤུས་དག་པོ་ཞིག་དང་བོད་ཀྱི་ཡི་གེ་སྤུས་དག་པོ་ཅིག་ཤེས་པ་ལ་བརྡ་སྤྲོད་གཞུང་མང་པོ་ཡོད་པས་དེ་ཚོའི་རྩ་བ་འདི་ངེས་པར་དུ་བློ་འཛིན་གནང་དགོས། དཔེརན། ༡ སུམ་ཅུ་པའི་རྩ་བ། ༢ རྟགས་འཇུག་གི་རྩ་བ། ༣ མངོན་བརྗོད་དེ་ཚོར་བྲིས་པ་དང་ཆབས་ཅིག་བློ་ལ་བཟུང་དགོས། དེ་ནས་སྐད་ཡིག་ལ་དབྱིངས་སླེབས་ཕྱིར་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསུངས་མགུར་གླུ་དེ་ཚོ་གཏོང་བ་དང་ཆབས་ཅིག་ཡི་གེའི་ཐོག་ཡང་ཡང་འབྲི་འཇུག་དགོས།
དཔེར་ན།

  • ཁྲ་འབྲུག་སྒྲོལ་མ་གསུངས་བྱོན། །བྱམས་བརྩེ་ཐུགས་དང་ལྡན་པའི། །
    བུ་མོའི་སེམས་ཀྱི་ན་ཚ། །ཡེ་ཤེས་སྤྱན་གྱིས་གཟིགས་དང་། །
    ཕུ་སུམ་ཕུ་ན་བཞུགས་པའི། །ཕུ་ཡི་ལྷ་བྱ་གོང་མོ། །
    འཕུར་ན་གཤོག་རྩལ་ཆེ་བ། །བཞུགས་ན་གསུང་སྐད་སྙན་པ། །
    ཆུ་ལ་ཡིག་ཆུང་བསྐུར་བའི། །གཏམ་ལ་གསལ་བྱ་མ་བྱུང་།
    འོན་ཀྱང་ཆུ་ནང་ཉ་མོས། ཐུགས་ལ་བཞག་རོགས་གནང་དང་། །
    པོ་ཏ་ལ་རུ་བཞུགས་དུས། །རིག་འཛིན་ཚངས་དབྱངས་རྒྱ་མཚོ། །
    ལྷ་སའི་ཞོལ་དུ་བཞུགས་དུས། །འཆལ་པོ་དྭངས་བཟང་དབང་པོ། །
    བྱ་དེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། །
    ཐག་རིང་རྒྱང་དུ་མི་འགྲོ། །ལི་ཐང་བསྐོར་ནས་སླེབས་ཡོང་། །
    མཛེས་པའི་སྤང་རྒྱན་མེ་ཏོག །སྤང་གཤོངས་བདེ་མོར་ཤར་སོང་། །
    དྲི་མཆོག་ཞིམ་པའི་བསུང་ངད། འཛམ་གླིང་ཡོངས་ལ་ཁྱབ་སོང་། །
    ཤར་ཕྱོགས་རི་བོའི་རྩེ་ནས། །དཀར་གསལ་ཟླ་བ་ཤར་སོང་། །
    མ་སྐྱེས་ཨ་མའི་ཞལ་རས། །ཡིད་ལ་འཁོར་འཁོར་བྱས་བྱུང་། །

དེ་ནས་རྒན་ལགས་ཀྱི་གནང་བའི་གདམས་ངག་ཐོར་བུ་ལ་དཔེར་གཟིགས་ནས་དག་ཆ་སྦྱང་བ་དང་། ཡིག་གཟུགས་ལ་དཔེར་གཟིགས་ནས་དག་ཡིག་མ་ནོར་ལམ་བཟང་དང་། དག་ཡིག་ངག་གི་སྒྲོན་མེ། དག་ཡིག་གསར་བསྒྲིགས་ཟླ་ཤས་ཙམ་སྦྱོང་དགོས། དེ་ནས་སྟོང་པ་ནམ་ཡིན་ལ་བླ་མའི་གདམས་ངག་གསུངས་ཐོར་བུ་དེ་འདྲ་ཡང་ཡང་ཀློག་པ་དང་། གཏོང་ཡིག་འདྲ་མིན་དེ་འདྲ་མང་པོ་འབྲི་དགོས་ཀྱི་ཡོད།
སྔོན་གྱི་མཁས་དབང་ཚོའི་གསུངས་ལས།
རིག་པའི་གནས་ལྔ་དག་ལ་མཁས་པར་མ་བསླབས་ན།
འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་ཐོབ་མི་འགྱུར།
རིག་གནས་ཆུང་བ་ལྔ་ནི། སྙན་ངག མངོན་བརྗོད། སྡེབ་སྦྱོར། སྐར་རྩིས། ཟློས་གར།
རིག་གནས་ཆེ་བ་ལྔ་ནི། སྒྲ་རིག་པ། ཚད་མ་རིག་པ། གསོ་བ་རིག་པ། བཟོ་རིག་པ། ནང་དོན་རིག་པ་བཅས་ཡིན།
དགེ་རྒན་ཚོའི་དམིགས་ཡུལ་ནང་ནས་གལ་ཆེ་ཤོས་ནི་བོད་ཡིག་དགེ་རྒན་འདེམས་རྒྱུ་འདི་རྩ་ཆེ་ཤོས་ཡིན། བོད་ཡིག་དགེ་རྒན་གནང་རྒྱུ་འདི་དཀའ་ལས་ཁག་པོ་ཡོད་ཀྱང་། དེ་ངེས་པར་འདེམས་ཐུབ་པར་ཐབས་ཤེས་གནང་དགོས། ཇི་སྐད་དུ།།

  • སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །
    བསྒྲུབས་ན་མི་འགྲུབ་གང་ཡང་མེད། །
    དཀའ་ཡང་བརྣག་པར་མ་དོར་ན། །
    རི་བོ་རྣམས་ཀྱང་ཐལ་བར་རློག །
    ཇི་སྐད་དུ། བྱམས་པ་སེང་གེ་སྒྲའི་མདོ་ལས།
    གངྒཱའི་བྱེ་སྙེད་འཇིག་རྟེན་གསེར་དག་གིས། །
    བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །
    དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ། །
    དེ་ཡི་ཕན་འདོགས་ཇི་འདྲ་དེ་ལ་མེད། །

མི་རིགས་གང་ཡིན་ཡང་རང་གི་སྐད་ཡིག་དེ་ནི་མི་རིགས་དེའི་ཚེ་སྲོག་ལྟ་བུ་ཡིན་པ་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་སྒྲོག་ཅིང་། དངོས་ཡོད་གནས་སྟངས་ཐད་ནས་ཞིབ་འཇུག་བྱས་ནའང་དོན་ངོ་མ་དེ་ག་རང་དུ་གནས་ཡོད། བོད་ལ་མཚོན་ནའང་བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུ་ཡིན། མི་རིགས་ཤིག་ལ་ཆ་མཚོན་ན་རང་ཉིད་ཀྱི་རིག་གནས་ལ་གཅེས་སྐྱོང་དང་རྒྱུད་འཛིན་བྱེད་རྒྱུ་ལས་ལྷག་པ་ཅིག་གང་དུ་ཡང་མེད་སྙམ།
སློབ་ཕྲུག་རྣམས་ལའང་ཐོག་མར་རང་ཉིད་ལ་ཤེས་ཡོན་སློབ་གསོའི་ཕྲུ་གུའི་འདུན་པ་བརྟན་པོ་ཞིག་དང་། སྙིང་སྟོབས་ཞུམ་པ་མེད་པར་མདུན་བསྐྱོད་ཀྱི་བསམ་བློའི་འཁྱེར་སོ་གཉིས་འབྲལ་མེད་དུ་དགོས་པར་མ་ཟད། སློབ་གྲྭའི་དགེ་རྒན་དང་ཕ་མའི་མཛུབ་སྟོན་གནང་བ་ཙམ་མ་ཡིན་པར་གཙོ་བོ་རང་ཉིད་ལ་སློབ་གཉེར་བྱ་འདོད་ཀྱི་ཀུན་སློང་གཙང་མ་ཞིག་དང་། འབད་བརྩོན་བྱ་རྒྱུའི་འདུན་པ་ཤུགས་དྲག་ཅིག་ཡོད་ན་ད་གཟོད་གྲུབ་འབྲས་ངེས་ཅན་ཞིག་འབྱུང་བར་ཐེ་ཚོམ་མེད། དེར་བརྟེན་བོད་ཀྱི་སྐད་ཡིག་འདི་བེད་སྤྱོད་ཡག་པོ་གཏོང་དགོས། བེད་སྤྱོད་གཏོང་སྟངས་མ་ཤེས་ན་བོད་ཀྱི་སྐད་ཡིག་འདི་ཡར་རྒྱས་འགྲོ་མི་ཐུབ་པས། ཕན་ཚུན་བཀའ་མོལ་གནང་སྐབས་བོད་སྐད་གཙང་མ་དང་ཞེ་སའི་ཐོག་ནས་ངེས་པར་བསྐྱོན་དགོས། ར་མ་ལུག་གི་བོད་སྐད་བསྐྱོན་ན་དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད། དཔེར་ན། རྒྱ་གར་ནང་ལ་བཞུགས་མཁན་ཚོས་ཧིན་དྷི་དང་། བོད་ནང་ལ་བཞུགས་མཁན་ཚོས་རྒྱ་སྐད། ཀ་རྡོར་སྒང་གསུམ་ཁུལ་ལ་བཞུགས་མཁན་ཚོས་ནེ་པ་ལི་བསྲེས་ལྷད་བཏང་ན། བོད་སྐད་ཡར་རྒྱས་འགྲོ་རྒྱུའི་ཚབ་ལ་བོད་ཀྱི་སྐད་ཡིག་འདི་ག་ལེར་ག་ལེར་རྩ་མེད་དུ་འགྲོ་ཉེན་ཆེན་པོ་ཡོད་པས་གཟབ་གཟབ་གནང་དགོས། དེའི་སྐོར་ལ་མཁས་དབང་ཞིག་གི་གསུང་ལས། ར་མ་ལུག་གི་སྐད་དང་ཡི་གེ་དར་སྲོལ་ཧ་ཅང་ཆེ་དྲགས་ན། ལ་རྒྱ་ཤོར་ཞིང་རང་ལུགས་མི་ཤེས་གཞན་གྱི་གྲལ་ནས་འབུད་ཡོང་ངོ་། །
དགེ་རྒན་ནི་ཕྲུ་གུ་ལ་མིག་དཔེ་སྟོན་མཁན་ཡིན་སྟབས། དཔེར་ན། ཟ་སྟངས། འགྲོ་སྟངས། སྡོད་སྟངས་གསུམ་ནི་དྲིན་ཅན་ཕ་མའི་བསླབ་བྱ་ཡིན། རྒན་པ་ལ་གུས་ཞབས་དང་ཆུང་བ་ལ་བྱམས་སྐྱོང་། ཡ་རབས་ཕྱག་དང་ཞེ་ས་མཁས། མ་རབས་གཉིད་དང་གྲོད་པ་ཆེ། དོན་སྙིང་བྱ་དེ་ཕོ་ནང་བཞིན་ཁ་མིག་ཡར་ལྟ་བྱེད་དགོས་པ་ལས་ཕག་པ་ནང་བཞིན་ཁ་མིག་མར་ལྟ་རྩ་བ་ནས་གནང་རྒྱུ་མེད། བོད་སྐད་སྦྱོང་བའི་སྐབས་སུ་ཡི་གེ་འབྲི་རྒྱུ་དང་ཀློག་རྒྱུ་གཉིས་ཀར་ཚིག་གསལ་པོ་དང་སངས་པོ་གསུང་དགོས། དམིགས་བསལ་བོད་ཡིག་དག་ཆ་ལ་ཐུགས་འགན་ཆེན་པོ་བཞེས་ཏེ་རབ་ཏུ་བྱུང་ན་སློབ་ཁྲིད་སྐབས་བཀའ་མོལ་ཞེ་ས་ཐོག་ནས་གསུང་བ་དང་། ཐུགས་སེམས་བཟང་པོའི་ཐོག་ནས་སློབ་ཕྲུག་མང་པོའི་མཉམ་དུ་འཇོག་དགོས། སློབ་ཁྲིད་གནང་སྐབས་རིག་པ་སྐྱོ་བའི་སློབ་ཕྲུག་ཚོ་ཐུགས་ལ་ངེས་པ་གནང་སྟེ། ཕྲུ་གུའི་ནང་རིག་པ་འདྲ་མིན་དང་སྤྱོད་པ་འདྲ་མིན་ཡོད་པས། དེ་ཚོ་ཕྲུ་གུ་རིག་པ་ཡོད་པའི་མཉམ་དུ་བཞག་དགོས། ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ནང་བཞིན་ཡོང་གི་རེད། དཔེར་ན། དགེ་རྒན་ལ་གུས་ཞབས་དང་ཞེ་ས་ཞུ་དགོས། ཇི་སྐད་དུ། རྗེ་གུང་ཐང་ཚང་གི་གསུང་ལས།།།

  • བཤེས་ལ་མི་གུས་སྐྱེ་བོ་དེ། །གཞུང་བརྒྱ་ཤེས་ཀྱང་དོན་མི་འགྱུར། །
    ཤིང་སྐམ་ལོ་བརྒྱ་ཆུར་འཕངས་ཀྱང་། །ལོ་འདབ་སྐྱེ་བ་སྲིད་ན་མེད། །

བོད་ཀྱི་སྐད་ཡིག་ནི་བོད་མི་ཚོའི་སྲོག་རྩ་ལྟ་བུ་ཡིན། སློབ་གྲྭའི་དགེ་ལགས་རྣམ་པ་དང་མ་འོངས་པའི་སོན་རྩ་སློབ་ཕྲུག་རྣམས་རང་དོན་རང་གཅེས་ཀྱི་སོ་སོའི་ནོར་བུ་ཡིན་པ་མཁྱེན་དགོས། ཉིན་མོའི་མི་དང་མཚན་མོའི་ཁྱི་བྱས་ནས་བོད་ཀྱི་སྐད་ཡིག་འདི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་སྲོག་རྩ་ཡིན་པས། དགེ་སློབ་ཚང་མས་བོད་ཡིག་འདི་ཡག་པོ་སྦྱོང་རོགས་གནང་། ངོས་འཛིན་གྱིས་བདག་གཅེས་ཡག་པོ་གནང་དགོས་པ་ཡིན།
དང་པོ། བོད་ཀྱི་སྐད་ཡིག་བདག་པོ་རྒྱག་པ་ལ་བོད་སྐད་འདི་ཕྱུག་པོ་བཟོ་དགོས། ལས་འགན་དང་པོ་ནི།
དགེ་ལགས་ཚོ་དང་སློབ་ཕྲུག་གཉིས་ཀས་གཏོང་ཡུལ་གནས་འབབ་ཡིད་ལ་བཞག་ནས་བོད་ཀྱི་སྐད་ཡིག་འདི་བཏང་འགྲོ་བཞག་སྡོད་འཕེར་བ་ཞིག་ངེས་པར་བཟོ་དགོས། དེ་ཡོང་བ་ལ་སློབ་ཕྲུག་ཆུང་ཆུང་ནས་སྦྱོང་དགོས་པ་ཡིན། དམིགས་བསལ་སྔོན་འགྲོའི་དགེ་ལགས་རྣམ་པས་ཐུགས་འགན་ཆེན་པོ་བཞེས་དགོས། གྲོས་ཚོགས་ནས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་བྱུས་ཡོད་པས། དེ་ཚོར་དགེ་ལགས་རྣམ་པ་ཚོས་ཐུགས་འགན་ཆེ་བ་བཞེས་དགོས།

  • ཡོན་ཏན་དང་པོར་སློབ་དཀའ་ལ། །ཤེས་བཞིན་མེད་ན་ཉམས་པ་སླ། །
    ཆུ་ཐིགས་བསགས་པའི་འགེངས་དཀའ་ཡང་། །བོ་ན་ཅིག་ཅར་ཉིད་དུ་འཛད། །
    སྔོན་དུས་ལེགས་བཤད་དོན་དུ། །གཅེས་པའི་སྲོག་ཀྱང་གཏོང་ན། །
    དེང་སང་རང་དགོས་ཤེས་ཡོན། །སྦྱང་བརྩོན་མི་བྱེད་གང་ཡིན། །

ཕྲུ་གུ་ཆུང་དུས་ནས་ཡ་རབས་བཟང་སྤྱོད་གནང་དགོས་པ་དེ་དགེ་ལགས་ཚོས་ཕྲུ་གུ་ཚོར་སློབ་ཁྲིད་སྐབས་སུ་ཕྲུ་གུ་ཚོས་ཀུན་སློང་ཡག་པོ་འཁྱེར་དགོས་པ་དེ་ཡང་ཡང་གསུང་དགོས། ཀུན་སློང་བཟང་པོ་ག་རེ་རེད་ཞུ་ན། ངས་རྒན་ལགས་ཆེ་གེ་མོ་ཞིག་གིས་ཀུན་སློང་ནི་ཕན་པའི་སེམས་པ་འབའ་ཞིག་མ་གཏོགས་གནོད་པའི་རིགས་གཏན་ནས་གསུང་རྒྱུ་མེད། ཕྲུ་གུ་ཚོས་རྒན་ལགས་ཚོས་སེམས་པ་རྣམ་དག་སློབ་ཁྲིད་གནང་སྐབས་སུ་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ་ཞིག་བྱས་ནས་འཛིན་གྲྭའི་ནང་ལ་ཡག་པོ་ཉན་དགོས།

སྐྱོན་གསུམ་ནི།

༡ སྣོད་ཁ་སྦུབ་པ། དཔེར་ན། སྣོད་ཅིག་ཁ་སྦུབ་པ་ཡིན་ན་སྣོད་དེའི་ནང་ལ་ཆུ་དང་འོ་མ་སྦྲང་རྩི་ཇི་ཙམ་བླུགས་ཀྱང་སྣོད་དེའི་ནང་ལ་ཐིགས་པ་ཙམ་ཡང་མི་འགྲོ། གཟུགས་པོ་འཛིན་གྲྭའི་ནང་ལ་ཡོད་ཀྱང་སེམས་ཕྱི་ལ་ཕྱིན་པ་དང་གཅིག་པ་ཡིན།
༢ སྣོད་ཞབས་རྡོལ་བ། སྣོད་གས་ཆག་ཤོར་བ་ལྟ་བུ་མི་དགོས། དཔེར་ན། སྣོད་གས་ཆག་ཕྱིན་པའི་ནང་ལ་ཆུ་ག་ཚོད་བླུགས་ཀྱང་འཛགས་ནས་དེའི་ནང་ཆུ་ཐིགས་པ་གཅིག་ཀྱང་མི་སྡོད། དགེ་རྒན་གྱིས་གང་ཁྲིད་པ་སེམས་ལ་མི་བཟུང་བ་དེ་ཡིན།
༣ སྣོད་དྲི་མ་ཅན། དཔེར་ན། སྣོད་གཅིག་ནང་དུ་དུག་ལྟ་བུ་ཡོད་ན་སྣོད་དེའི་ནང་ཟས་ཕུན་སུམ་ཚོགས་པ་ཇི་ཙམ་བླུགས་ཀྱང་སྤྱོད་དུ་མི་རུང་བ་བཞིན། སློབ་ཕྲུག་བསམ་པ་ངན་པ་དང་གཅིག་མཚུངས་ཡིན། སློབ་ཕྲུག་གང་ཞིག་ནས་ཀུན་སློང་ངན་པ་ཡོད་པས་སློབ་ཕྲུག་དེས་གཞན་ལ་ཕན་པའི་བྱ་བ་གང་ཡང་བྱེད་མི་ཐུབ་པ་རེད། སློབ་ཕྲུག་ཚོ་སློབ་སྦྱོང་བྱེད་བཞིན་པའི་སྐབས་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ་ཞིག་ངེས་པར་དགོས།

ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ།

  • ༡ སློབ་ཕྲུག་རྣམས་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་རང་སྟོབས་ཀྱིས་ལེགས་ཉེས་འབྱེད་ནུས་པ་དང་། དེ་ལ་བརྟེན་ནས་ཐག་གཅོད་བྱེད་ནུས་པའི་བསམ་སྦྱོད་ཀྱི་རང་དབང་དང་། འཚོ་བ་དགོས་མཁོ་དང་འཚམས་པའི་ཐོག་གཞན་ཁོ་ནར་བརྟེན་པའམ་གཞན་ལ་བཤུ་གཞོག་བྱེད་མ་དགོས་པར། རང་གི་འབད་བརྩོན་གྱི་བསྒྲུབས་པའི་ཐོན་སྐྱེད་ཀྱི་སྒོ་ནས་ཡང་དག་པར་འཚོ་ནུས་པའི་འཚོ་བའི་རང་དབང་། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་ཀྱི་རང་སྲུང་སྐྱོབ་བྱེད་ནུས་པའི་སྲུང་སྐྱོབ་ཀྱི་རང་དབང་བཅས་ ༼རང་དབང་།༽ དང་།
    ༢ རང་ལས་གཞན་གཅེས་པར་བཟུང་སྟེ་གཞན་གྱི་དོན་དུ་རང་ཉིད་བློས་བཏང་བས་སྲི་ཞུ་སྒྲུབ་ནུས་པར་༼གཞན་ཕན།༽
    ༣ འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་མི་གཏོང་བར་ས་ཡི་གོང་བུ་འདི་ཞི་བདེ་རྒྱུན་གནས་ཐུབ་པ་དང་། རང་གི་ཕ་མེས་ནས་བྱུང་བའི་རིག་གཞུང་བཟང་པོ་རྣམས་བརྒྱུད་འཛིན་བྱེད་ནུས་པའི་ ༼རྒྱུན་འཛིན།༽
    ༤ འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་དང་ལམ་ལུགས། དངོས་པོ། ལས་འགུལ་སོགས་གསར་གཏོད་བྱེད་ནུས་པའི། ༼གསར་གཏོད།༽ བཅས་བཞི་དང་ལྡན་པའི་ཡུལ་མི་བསྐྲུན་རྒྱུ་དེ་ཡིན།
    མདོས་བསྡུས་ན། རྗེ་ཙོང་ཁ་པ་ཆེན་པོའི་གསུང་ལས།

དང་པོ་རྒྱ་ཆེར་ཐོས་པ་མང་དུ་བཙལ། །
བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །
ཐ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །
ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། །