ཚེ་རིང་ནོར་འཛོམས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པ་ནི། ང་ཚོ་བོད་ཆོལ་ཁ་གསུམ་གྱི་རྒྱལ་ཁབ་ཆེན་པོ་དེ་རྒྱ་དམར་གྱིས་བཙན་བཟུང་བྱས་པའི་རྐྱེན་གྱིས་བོད་ཀྱི་རིག་གནས་སྤྱི་ལ་གནོད་སྐྱོན་ཆེན་པོ་བྱུང་བ་ཡོད། དེ་ཡང་རྒྱ་དམར་གཞུང་གི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་སྐད་ཡིག་དེ་ཉམས་རྒུད་དང་རྩ་མེད་གཏོང་རྒྱུ་དེ་ཡིན། གལ་སྲིད་བོད་རྒྱལ་ཁབ་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་ཉམས་པ་ཡིན་ན། ང་ཚོ་བོད་མི་རིགས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བ་དང་། རང་མི་རིགས་ཀྱི་ཕ་སྐད་དང་མི་རབས་ནས་མི་རབས་ཀྱི་འབྲེལ་བ་དེ་ཡང་ཡང་མེད་པ་ཆགས་པ་མ་ཟད། བོད་མི་རིགས་རྩ་མེད་འགྲོ་རྒྱུ་ཡིན་པ་དེ་ཏན་ཏན་རེད།
སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་པ་དང་སྐད་ཡིག་དེ་བརླག་དུས་མི་རིགས་དེ་ཡང་མིང་ཙམ་དུ་གྱུར་པ་ཡིན། ང་ཚོའི་སྤོ་སྤོ་ལགས་དང་རྨོ་མོ་ལགས་རྣམས་སོ་སོ་ལུང་པ་ལ་མུ་གེ་བྱུང་བ་དང་། ཡང་ན་ཁྲིམས་འགལ་བྱས་ནས་བྲོས་བྱོལ་ལ་ཡོང་བ་ཞིག་མ་རེད། རྒྱ་དམར་གྱི་བཙན་དབང་གི་འོག་ནས་ང་ཚོའི་བོད་མི་རིགས་ཀྱི་ཐོབ་ཐང་དང་སོ་སོ་མི་རིགས་ཀྱི་ཆོས་དང་རིག་གཞུང་བཅས་ལ་སྲུང་སྐྱོབ་བྱེད་རྒྱུའི་དོན་དུ་ཁོང་རྣམ་པ་བཙན་བྱོལ་ལ་ཡོང་དགོས་བྱུང་ཡོད། དེར་བརྟེན། ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་གཞོན་སྐྱེས་ཕོ་མོ་རྣམས་ནས་སོ་སོ་འཕྲལ་སེལ་ལྟོ་གོས་སོགས་རང་དོན་དེ་འདྲ་ཅིག་པོ་མ་ཡིན་པར་རང་མི་རིགས་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་། ཁོར་ཡུག་བཅས་པར་སྲུང་སྐྱོབ་བྱེད་དགོས་པ་ནི་ལས་འགན་གཙོ་བོ་ཞིག་ཡིན་པ་སེམས་ནང་དྲན་བཞིན་ལག་ལེན་བསྟར་བྱེད་དགོས།
ང་ཚོ་བོད་མི་རྣམས་ཀྱིས་རང་སྐད་གཙང་མ་མི་ཤེས་བཞིན་དུ་གཞན་སྐད་རྒྱག་པ་ལ་དང་དོད་ཆེན་པོ་བྱེད་པ་ནི་ངོ་ཚ་བསམས་ནས། རང་གི་སྐད་ཡིག་ལ་དོ་སྣང་ལྷག་ཏུ་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། བོད་མི་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་གཙོ་བོ་ནི་སྐད་ཡིག་ཡིན། སྔར་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སློབ་དཔོན་ཐོན་མི་སམྦྷོ་ཊ་ཁོང་རྒྱ་གར་ཚ་བ་ཆེ་བའི་འཕགས་པའི་ཡུལ་དུ་ཕེབས་ནས་སྐུ་ལས་ཚད་མེད་བསྐྱོན་ཏེ། བོད་མི་ཚང་མས་གོ་ཐུབ་པའི་ཕལ་སྐད་གཙང་མ་གཞིར་བཟུང་ནས། དེང་སང་ང་རང་ཚོའི་བཀོལ་སྤྱོད་བྱེད་པའི་ཡིག་གཟུགས་དང་སྐད་ཡིག་འདི་གསར་བཏོད་མཛད་པ་ཚང་མས་མཁྱེན་གསལ་རེད།
སྐབས་དེ་ནས་བཟུང་ང་ཚོ་ནི་སྐད་ཡིག་གཉིས་ལྡན་གྱི་མི་རིགས་ཤིག་ཡིན། ང་ཚོའི་བོད་མི་ཚོའི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནམ་ཞིག་ཡིན་ན་འང་། ང་ཚོའི་བོད་ཕྲུག་ན་གཞོན་རྣམས་ལ་རང་གི་སྐད་ཡིག་དང་། ཆོས། རིག་གཞུང་བཅས་ལ་དོ་སྣང་བྱེད་དགོས་པ་དང་སྲུང་སྐྱོབ་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན་པའི་བཀའ་སློབ་ཡང་ཡང་སྩལ་གནང་གི་ཡོད།
གུས་མོ་ང་རང་སྔོན་འགྲོ་དགེ་རྒན་ཞིག་ཡིན་པའི་ཆ་ནས་བྱིས་པ་ཆུང་ཆུང་ཚོའི་ཕ་མ་རྣམས་ལ་ཞུ་རྒྱུ་ཞིག་ལ། སོ་སོའི་བྱིས་པ་རྣམས་ལ་གཞན་སྐད་སློབ་རྒྱུ་ལ་བྲེལ་འཚུབ་དང་། གཞན་སྐད་རྒྱག་རྒྱུ་ལ་སྤྲོ་སྣང་མི་བྱེད་པར་རང་ཁྱིམ་ནང་རང་སྐད་གཙང་མའི་ཐོག་བཀའ་མོལ་གནང་རྒྱུ། ཅ་ལག་དང་ཟས་ཀྱི་རིགས། ཡང་ན། དངོས་པོ་གང་ཞིག་ཡིན་རུང་། དེའི་ཐ་སྙད་རྣམས་བོད་སྐད་གཙང་མའི་ཐོག་ནམ་ཞག་རྒྱུན་དུ་བེད་སྤྱོད་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཞིག་ལ་རྩི་དགོས།
གལ་སྲིད་མ་འོངས་པར་རང་ཕྲུག་རྣམས་བོད་ཡིག་འབྲི་ཀློག་ལ་ཡག་པོ་དགོས་ན། ཆུང་དུས་ནས་བོད་སྐད་གཙང་མ་སློབ་དགོས། དང་པོ་རང་མི་རགས་ཀྱི་སྐད་ཡིག་དེ་ལེགས་པོ་ཞིག་ཤེས་ན། གཞན་གྱི་སྐད་ཡིག་ནི་རང་བཞིན་གྱིས་ཤེས་པར་སླའོ། །
༸པན་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་གསུངས་པ་བཞིན། ངས་རྒྱ་སྐད་བཤད་ཤེས་པ་དེ་ང་རང་གི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ངས་མ་ཤེས་པ་ཡིན་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་ངས་བོད་སྐད་གཙང་མ་དང་བོད་ཡིག་མ་ཤེས་ན། དེ་ནི་ཞབས་འདྲེན་ཡིན་པས་ངོ་ཚ་དགོས་པ་ཞིག་རེད། ཅེས་གསུངས་པ་དེ་ཚང་མས་མཁྱེན་པ་གནང་དགོས།
རང་མི་རིགས་ཀྱི་སྐད་ཡིག་ནི་ཆོས་དང་རིག་གཞུང་གི་སྲོག་རྩ་ཡིན། ང་ཚོའི་བོད་ཀྱི་རིག་གནས་དར་རྒྱས་དང་། རིག་གཞུང་འཕེལ་རྒྱས་སུ་འགྲོ་མི་འགྲོ་ནི་བོད་ཀྱི་སྐད་ཡིག་དེ་ལ་ཐུག་ཡོད། དེ་འདྲ་ཡིན་དུས་སོ་སོའི་སྐད་ཡིག་ཡར་རྒྱས་གཏོང་བ་ལ་ཀློག་རྩལ་དང་། འབྲི་རྩལ། འཆད་རྩལ། ཉན་རྩལ། དག་ཆ། ཡིག་གཟུགས་བཅས་ལ་དོ་སྣང་གིས་ཡར་རྒྱས་གཏོང་དགོས།
དཔེར་ན། ཀློག་རྩལ་ཡར་རྒྱས་གཏོང་དགོས་ན། ཀློག་དེབ་དང་སྒྲུང་དེབ། ཚགས་པར་སོགས་ཉི་མ་རྟག་པར་མང་པོ་ཀློག་དགོས། འབྲི་རྩལ་ཡར་རྒྱས་དགོས་ན་རྩོམ་དང་སྒྲུང་སོགས་མང་པོ་འབྲི་དགོས་པ་དང་། ཉིན་ཐོ་ཉིན་ལྟར་འབྲི་དགོས། དེ་བཞིན་འཆད་རྩལ་ཡར་རྒྱས་བཏོང་བ་ལ་གཏམ་དཔེ་དང་སྒྲུང་། གསར་འགྱུར་སོགས་མང་ཚོགས་ལ་ཡང་ཡང་བཤད་དགོས། ཡང་ཉན་རྩལ་ཡར་རྒྱས་འགྲོ་བ་ལ་བཀའ་སློབ་དང་། གསུང་བཤད། སྒྲུང་། གནས་ཚུལ་སོགས་གང་མང་ཉན་དགོས། དག་ཆ་ལ་ཡང་དོ་སྣང་དང་ཡར་རྒྱས་གཏོང་བ་ལ་རྩོམ་དང་ཉིན་ཐོ། སྒྲུང་སོགས་མང་པོ་བྲིས་ནས་དག་ཆ་ལ་ངེས་རྙེད་ཡོང་བའི་ཆེད་དུ་ཚིག་མཛོད་བེད་སྤྱོད་གཏོང་དགོས། ཀློག་རྩལ་དང་། འབྲི་རྩལ། འཆད་རྩལ། ཉན་རྩལ། དག་ཆ་བཅས་ལ་རྩལ་ལེགས་ཀྱང་ཡིག་གཟུགས་ལ་དོ་སྣང་དང་ཡར་རྒྱས་མ་བཏང་ན། རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །ཞེས་གསུངས་པ་ལྟར་རོ། །
ང་ཚོ་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སྲུང་སྐྱོབ་བྱེད་དགོས་ཞེས་པ་ནི། ངག་ནས་བཤད་ཐུབ་ཙམ་གྱིས་འགྲིག་གི་མེད། ཁ་ཡོད་ལག་ཡོད་བོད་རྒྱལ་ཁབ་ལ་ཤ་ཚ་དང་། ཞེན་ཁོག་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་འདོད་ཡོད་ཚེ་ཀློག་རྩལ་དང་། འབྲི་རྩལ། འཆད་རྩལ། ཉན་རྩལ། དག་ཆ། ཡིག་གཟུགས་བཅས་ངེས་པར་དུ་ཡར་རྒྱས་གཏོང་དགོས།
༧རྒྱལ་དབང་མཆོག་བཙན་བྱོལ་ལ་ཕེབས་པ་དང་མགོན་པོ་གང་ཉིད་ཀྱིས་བོད་པའི་ཕྲུ་གུ་རྣམས་ལ་དམིགས་བསལ་ཟུར་དུ་སློབ་གྲྭ་གསར་བཙུགས་གནང་བ་ནི། བོད་པའི་ཆོས་དང་། བཟང་སྤྱོད། མི་རིགས། རིག་གཞུང་། སྐད་ཡིག་སོགས་མི་ཉམས་གོང་འཕེལ་དང་། ཡི་གེ་འབྲི་ཀློག་གཅིག་པོ་མ་ཡིན་པར་སྤྱི་ཚོགས་དང་། ཆབ་འབངས་རང་བཞིན་གྱི་འཇོན་ཐང་ལྡན་པ་ཡོང་རྒྱུ་ནི་དགོངས་གཞི་གཙོ་བོ་དེ་ཡིན།
ང་ཚོ་དགེ་རྒན་དང་། ཕ་མ། མི་རྒན་པ་རྣམས་ནས་སློབ་གྲྭ་ཁག་དང་རང་ཁྱིམ། སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་རིམ་མང་ཙམ་སྤེལ་དགོས་པ་དང་། གཞོན་སྐྱེས་རྣམས་ལ་སྐུལ་མ་གཏོང་རྒྱུ། རང་ཁྱིམ་ནང་རྒྱུན་དུ་བཀའ་མོལ་གནང་སྐབས་བོད་སྐད་གཙང་མ་རྒྱག་དགོས་པ། བོད་ཡིག་གི་ཐ་སྙད་རྣམས་བེད་སྤྱོད་བྱེད་རྒྱུ། བོད་ཆས་གཙང་མ་འཆར་ཅན་གྱོན་དགོས། རང་ཕྲུག་དང་གྲོགས་པོའི་ལྷན་དུ་སྐད་མཉམ་བསྲེས་མེད་པའི་ཐོག་བོད་སྐད་གཙང་མ་རྒྱག་རྒྱུ་སྦྱོང་བརྡར་བྱེད་རྒྱུ་ནི། ཉི་མ་རེ་རེར་བོད་ཀྱི་སྐད་ཡིག་སྲུང་རྩི་བྱེད་པ་དང་གཅིག་མཚུངས་ཡིན།
དེང་སང་ཕྱི་རྒྱལ་མི་རིགས་དང་། རྒྱ་མི་སློབ་སྦྱོང་ཡོད་མཁན་གྱིས་ང་ཚོའི་སྐད་ཡིག་སྦྱོང་གི་ཡོད་དེ་འདྲ་མཐོང་སྐབས། ང་ཚོ་བོད་པ་རྣམས་མི་རེ་ངོ་རེས་སེམས་ཁུར་དང་དོ་སྣང་བྱས་ནས། རྒྱུན་ལྡན་འཚོ་བའི་ནང་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་རྒྱུ་དང་སྲུང་རྩི་སོགས་བྱེད་དགོས་པ་ནི་གལ་ཆེན་པོ་ཡིན། བོད་ཀྱི་སྐད་ཡིག་ཉམས་ན་བོད་ཀྱི་མི་རིགས་ཉམས་པ་དང་མཚུངས་ཤིང་། བོད་ཀྱི་སྐད་ཡིག་གནས་པ་ན་བོད་མི་རིགས་ཀྱི་ཚེ་སྲོག་ཀྱང་གནས་པ་མ་ཟད། རིག་གནས་ཀུན་ལ་ཡར་རྒྱས་ཆེའོ། །
ང་ཚོ་བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་དོན་གཙོ་བོ་དང་བླ་སྲོག་ལྟ་བུ་ཡིན། སྐད་ཡིག་དང་མི་རིགས་གཉིས་གསོན་ན་གསོན་མཉམ་དང་འཆི་ན་འཆི་མཉམ་ཡིན་ནོ།།