བསྟན་འཛིན་སྐལ་ལྡན།

སྤྱིར་སྐད་ཡིག་ནི་མིའི་སྤྱི་ཚོགས་ཁྲོད་དུ་འཚོ་གནས་འཕེལ་རྒྱས་གཏོང་བའི་ལག་ཆ་གལ་ཆེན་ཞིག་རེད། གངས་ཅན་མི་རིགས་1སེར་སྐྱ་ཕོ་མོ་ཀུན་གྱི་འཚོ་གནས་དང་འབྲེལ་བའི་སྐད་ཡིག་ནི་བོད་ཡིག་འདི་ཉིད་ལས་གྲུབ་ཡོད། མ་འོངས་པར་ང་ཚོས་འཚོ་བ་དང་འབྲེལ་བ་གཏིང་ཟབ་ཏུ་བསྒྱུར་རྒྱུ་ནི་གནད་ལ་ཁེལ་ཞིང་། དུས་ལ་བབ་པའི་གལ་ཆེའི་གནད་དོན་ཞིག་དང་། ན་གཞོན་ཕོ་མོ་ཚོར་འཁྲི་བའི་འགན་བབ་གལ་ཆེན་ཞིག་ཏུ་མཐོང་བཞིན་ཡོད། དེའི་ཕྱིར། ང་ཚོས་སོ་སོའི་རྒྱལ་ཁབ། སོ་སོའི་མི་རིགས་ཡར་རྒྱས་ལ་འབད་དགོས་པ་དང་། སྐད་ཡིག་འདི་ཉིད་འཐུས་སྒོ་ཚང་བའི་བེད་སྤྱོད་དང་། གཅིག་གྱུར་གྱི་ནུས་ཤུགས་གོང་འཕེལ་གཏོང་རྒྱུ་ནི་འདི་ཉིད་ལས་འདས་མེད།
ང་ཚོས་མ་འོངས་བྱིས་པ་ཚོ་ལ་ཡང་དག་པའི་རིག་གཞུང་ངོ་སྤྲོད་དགོས་པ་དང་། སྐད་ཡིག་རྒྱུན་སྤེལ་དགོས་པ་ནི་མ་འོངས་པའི་ནུས་ཤུགས་དང་གནད་ལ་ཁེལ་བའི་དོན་ཞིག་ཡིན་པར་བརྟེན། ཕྲུ་གུ་ཞིག་སྐྱེས་ནས་ལོ་བརྒྱད་བར་བོད་ཀྱི་སྐད་ཡིག་རྨང་གཞི་འདིང་སྟངས་སྐོར་ལ་རགས་རིམ་ཞིག་འབྲི་རྒྱུའི་དམིགས་ཡུལ་བཟུང་ཡོད།

རྩོམ་ཡིག་དངོས།

བོད་མིའི་ལྟ་བའི་མིག་ཏུ་གྱུར་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཕྱི་ལོ་༡༩༦༤།༡༡།༢༤ ཉིན་པན་ཇབ་མངའ་ཁུལ་གྱི་ལམ་བཟོ་བ་དང་། དྷ་སའི་སེར་སྐྱ་མི་དམངས་བཅས་ལ་གནང་བའི་བཀའ་སློབ་ནང་གལ་འགངས་ཅན་གྱི་ཚིག་འགའ་འདྲེན་རྒྱུ་ཡིན། ཁོང་གིས་”ང་ཚོས་ནུབ་ཕྱོགས་པའི་སྐད་ཡིག་མ་ཤེས་ན་ངོ་ཚ་རྒྱུ་དང་། སྤམ་ཤོར་རྒྱུ་གང་ཡང་མེད་ཀྱང་། བོད་པས་བོད་ཡིག་མ་ཤེས་ན་དངོས་གནས་ངོ་ཚ་པོ་རེད། དེར་བརྟེན་ངས་བཏང་བའི་ཡི་གེ་དང་དྲིལ་བསྒྲགས་ཀྱི་ཡིག་ཆ་སོགས་ཀློག་སྟེ་སློབ་སྦྱོང་བྱེད་དགོས།”2ཞེས་བོད་པས་བོད་ཡིག་སློབ་སྦྱོང་བྱེད་རྒྱུ་ནི་ཨིན་ཡིག་སོགས་ལས་གལ་ཆེ་བར་གསུངས་པ་ནི་བོད་ཀྱི་སྐད་ཡིག་བོད་མིའི་སྲོག་རྩར་དངོས་སུ་བསྟན་པ་རེད། དེའི་ཕྱིར་ང་ཚོས་༸གོང་ས་མཆོག་གིས་གསུང་ལ་ཡིད་ཆེས་ཡོད་ན་བོད་ཀྱི་སྐད་ཡིག་སྦྱང་དགོས་པ་དང་བཀོལ་སྤྱོད་ལེགས་པར་བྱ་རྒྱུ་ནི་གནད་དུ་བབས་ཡོད།

སྡེ་ཚན་དང་པོ།

སྐད་ཡིག་འདིའི་ད་ལྟའི་གནས་བབ་སྐོར་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། སྤྱིར་བོད་ཀྱི་ཡི་གེའི་བྱུང་རིམ་ལ་བཤད་ཚུལ་མང་པོ་འདུག་ཀྱང་། བཤད་ཚུལ་འདི་ཡང་དག་པ་དང་། དེ་ཡང་མ་དག་པ་རེད་ཟེར་ནས་དབྱེ་འབྱེད་གང་ཡང་ཤེས་ཀྱི་མེད། ཡི་གེ་འདི་ཉིད་ནི་ལོ་ངོ་སྟོང་ཕྲག་གཅིག་ལྷག་གི་ལོ་རྒྱུས་ཡོད་པ་ཞིག་ཡིན་ཀྱང་ད་ལྟ་བཙན་བྱོལ་ཁྲོད་དུ་སྐད་ཡིག་འདིའི་སྤྱོད་སྒོ་ཉུང་བ་དང་། ཐོན་རྫས་གསར་པ་ཡོད་ཚད་མི་རིགས་གཞན་གྱིས་བཟོས་ཏེ་མིང་ཚིག་གསར་པའི་བཀོལ་སྤྱོད་དཀོན་པ་དང་། ན་གཞོན་ཚོའི་སེམས་སུ་གཞན་སྐད་ཀྱིས་བཙན་འཛུལ་མང་བ་སོགས་འཆི་རྐྱེན་འདྲ་མིན་བྱུང་དང་འབྱུང་བཞིན་པའི་དུས་འདིར། ང་ཚོས་སྔོན་འགོག་དང་དར་སྤེལ་གཏོང་ཐབས་ལ་འབད་དགོས་པ་གལ་ཆེ།
ཡི་གེ་འདིའི་ནང་དུ་གཏིང་ཟབ་པའི་ལྟ་གྲུབ་དང་། གཞུང་ལུགས། བཟོ་ལས། བསམ་བློ་གསར་རྙིང་། མཛེས་དཔྱོད་ལྟ་སྟངས། རྩོམ་རིག ལོ་རྒྱུས། ཆོས་ལུགས་སོགས་བོད་མིའི་སེམས་ཁམས་ལས་བྱུང་བའི་རིག་ཚན་མང་པོའི་གནས་གཞིར་གྱུར་པ་འདི་ཉིད་ཉམས་པར་གྱུར་ན། སྤྱིར་འཛམ་གླིང་དང་། སྒོས་སུ་ཨེ་ཤེ་ཡ་ལ་གྱོང་གུན་ཆེ་བ་མ་ཟད། ལྷག་པར་གངས་ཅན་མི་རིགས་འདིའི་སྙིང་ཁྲག་མེད་པར་གྱུར་སོང་བ་དང་ཁྱད་པར་ཅི། དེའི་ཕྱིར་ཡི་གེ་འདི་ཉིད་འཛམ་གླིང་གི་སྐད་ཡིག་གཞན་དང་གཅིག་མཚུངས་ཀྱི་(google) གྷོ་གྷལ་སོགས་མཉེན་ཆས་སམ་དྲ་འཕྲིན་གྱི་སྐད་ཡིག་ཅིག་ཏུ་དགེ་བཤེས་སྨོན་ལམ་སོགས་ཀྱིས་སྒྱུར་བཞིན་པ་ལྟར། མ་འོངས་པར་ཡང་དག་པ་ཞིག་བསྒྱུར་ཐུབ་རྒྱུ་ནི་ཤེས་ཡོན་སྡེ་ཚན་ཁག་དང་ན་གཞོན་ཚོའི་འགན་བབ་གལ་ཆེན་ཞིག་རེད།
ལོ་འདིར་ཐེམ་སྤང་བཀའ་རྒྱ་དང་འབྲེལ་ཏེ་ཤེས་རིག་ལས་ཁུངས་ཀྱིས་སྐད་ཡིག་འདི་ཡར་རྒྱས་ཡོང་ཆེད་བོད་སློབ་དགེ་རྒན་ཚོས་སོ་སོའི་དུང་ཞེན་དང་ཉམས་མྱོང་རྣམས་”ཆེད་བརྗོད་རྩོམ་ཡིག་”3ཐོག་འབྲི་དགོས་ཞེས་བཀའ་ཕེབས་པ་དང་། སོ་སོས་གང་ནུས་ཀྱིས་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་དང་མ་འོངས་པར་གང་བྱེད་དགོས་མིན་སྐོར་ལ་འབྲི་རྒྱུ་ཡིན།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༩།༡༡།༤ ཉིན་མ་སུ་རི་འུ་སི་ཀྲོག་སློབ་གྲྭར་བོད་ཕྲུག་ཚོར་བསྩལ་བའི་བཀའ་སློབ་ནང་”སློབ་སྦྱོང་བྱ་རྒྱུ་ནི་མི་རྣམས་ཀྱི་འཚོ་བའི་ནང་དོན་གལ་ཆེན་པོ་ཞིག་ཡིན་པར་བརྟེན་་་”4ཞེས་ཤེས་ཡོན་ནི་སྦྱངས་པ་ཙམ་མིན་པར་སོ་སོའི་མི་ཚེའི་འཚོ་བའི་ནང་དོན་ནམ་འཚོ་བའི་སྙིང་བཅུད་ཅིག་ཏུ་ངོས་འཛིན་དགོས་པར་གསུངས་པ་ལྟར། མ་འོངས་པར་འཚོ་གནས་བྱ་འདོད་པའི་མི་བུ་ཡོངས་རྫོགས་ཀྱིས་སློབ་སྦྱོང་བྱས་པ་དེ་སོ་སོའི་མི་ཚེ་ལ་ཕན་པ་ཞིག་དང་། སྤྱི་ཚོགས་ལ་ཕན་འབྲས་ལྡན་པར་བྱ་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་ཐུན་མིན་རྣམ་དཔྱོད་ཅིག་རེད། དེ་ཉིད་ཡར་རྒྱས་གཏོང་བྱེད་ཀྱི་སྐད་ཡིག་སྲོག་ལྟར་གཅེས་པར་བྱ་རྒྱུ་ནི། རང་མི་རིགས་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཆགས་ཡོད།
དེ་སྔོན་བཙན་བྱོལ་ནང་རང་མི་རིགས་ཀྱི་ཤེས་ཡོན་ཡར་རྒྱས་མི་འགྲོ་བའི་སྐྱོན་ཆ་འགའ་ཡོད་པར་དོགས། དེ་ཡང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཕྱི་ལོ་ ༢༠༠༥།༥།༡༠ ཉིན་དམིགས་བསལ་དགེ་རྒན་འོས་སྦྱོང་ཐེངས་དང་པོའི་མཛད་སྒོར་བསྩལ་བའི་བཀའ་སློབ་ནང་སྔོན་རྒྱ་གར་ཨིན་ཇིས་དབང་སྒྱུར་སྐབས་ཨིན་ཇིའི་ཆབ་སྲིད་པ་མེ་ཀོ་ལེ་ (Macaulay) (༡༨༠༠-༡༨༥༩) ཡིས་ཨིན་ཇིའི་གྲོས་ཚོགས་ནང་གནང་བའི་གཏམ་བཤད་མང་པོ་ཞིག་བོད་བསྒྱུར་བྱས་པ་ལས་ཚིག་འགའ་ཤས་ཤིག་འདྲེན་རྒྱུ་ཡིན། མེ་ཀོ་ལེ་ཡིས་བཤད་དོན་”རྒྱ་གར་མི་མང་ཡོངས་རྫོགས་ཡི་གེ་འབྲི་ཀློག་ཤེས་པ་དང་སློབ་སྦྱོང་ཡོད་པ་མིན་ཡང་། གྲལ་རིམ་དམིགས་བསལ་བ་ཉུང་ཤས་ཤིག་གི་ཤེས་ཡོན་དང་བསམ་བློའི་གནས་ཚད་ཧ་ཅང་མཐོ་པོ་འདུག གནས་བབ་དེ་ལ་སྐྱོན་ནམ་འགྱུར་བ་ཞིག་གཏང་མ་ཐུབ་ན། རྒྱ་གར་ཐོག་ཨིན་གཞུང་གི་དབང་སྒྱུར་རྒྱུན་རིང་གནས་ཐུབ་ཐབས་མི་འདུག གལ་སྲིད་རྒྱ་གར་ཐོག་ང་ཚོའི་དབང་སྒྱུར་རྒྱུན་རིང་བསྡད་དགོས་ན། རྒྱ་གར་གྱི་ན་གཞོན་ཚོར་ང་ཚོའི་འདོད་པ་དང་མཐུན་པའི་ཤེས་ཡོན་སྤྲད་དེ་རྗེས་མ་ང་ཚོ་ལ་རྟག་ཏུ་ཡིད་ཆེས་བློས་འགེལ་དང་ཅི་གསུང་བཀའ་སྒྲུབ་བྱེད་མཁན་ཞིག་བཟོ་དགོས། དེ་འདྲ་བཟོ་མ་ཐུབ་ན་ང་ཚོའི་དབང་སྒྱུར་རྒྱ་གར་ནང་ལོའི་གྲངས་ཀ་བརྒྱབ་ཆོག་པ་ཞིག་རེད།”5 ཅེས་དང་། ཡང་”ང་ཚོས་རྒྱ་གར་གྱི་པགས་པའི་ཚོས་གཞི་བརྗེ་པོ་བརྒྱབས་ཏེ་དཀར་པོ་བཟོ་མི་ཐུབ།་་ པགས་པ་ལས་གཞན་པ་བསམ་བློ་དང་། མངོན་འདོད། འབྲེལ་བ་བྱེད་སྟངས་ཚང་མ་ཨིན་ཇི་མི་དཀར་པོ་དང་མཐུན་པ་བཟོ་ཐུབ་ན་ང་ཚོས་དབང་སྒྱུར་དེ་བརྟན་པོ་གནས་ཐུབ་”6ཅེས་ཨིན་ཇིས་རྒྱ་གར་གི་གཞོན་སྐྱེས་ཚོར་བསམ་བློ་སྒྱུར་ཆེད་དུ་སློབ་སྦྱོང་སྤྲད་དེ། ཁོ་རང་ཚོའི་འདོད་པ་དང་མཐུན་པར་གཞོན་སྐྱེས་ཚོར་མི་རིགས་ཀྱི་སྙིང་སྟོབས་དང་། ལ་རྒྱ། བསམ་བློ། ཐུན་མིན་གྱི་ཁྱད་ཆོས་སོགས་སྲུང་སྐྱོབ་བྱེད་མཁན་གྱི་ཤེས་ལྡན་ཞིག་ཏུ་མ་སྐྲུན་པར། ཨིན་ཇིའི་འདོད་དོན་སྒྲུབ་མཁན་ཞིག་ཏུ་སྒྱུར་རྒྱུའི་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་ཡོད་འདུག དེ་ཉིད་རྒྱ་གར་སློབ་གྲྭ་ཁག་ཏུ་ལག་བསྟར་བྱས་འབྲས་སུ་རྒྱ་གར་ན་གཞོན་ཚོའི་སེམས་ལ་རང་ཉིད་ཀྱིས་རང་ཉིད་ལ་གཡོག་ཏུ་སྐུལ་མཁན་ཞིག་རག་ཐབས་བྱས་པ་ལས། སོ་སོས་འཆར་གཞི་དང་། དམིགས་ཡུལ། བསམ་བློའི་ནུས་པ་ལྡན་པའི་ཤེས་ལྡན་མི་སྣ་ཞིག་བྱ་རྒྱུར་སྤོབས་པ་དང་། བསམ་བློ་མེད་པར་ན་གཞོན་ཕལ་མོ་ཆེ་ཨིན་ཇིས་དབང་སྒྱུར་ལ་དགའ་བསུ་ཞུ་མཁན་ཞིག་ཏུ་གྱུར་ནས། རྒྱ་གར་འདི་མི་ལོ་ཉིས་བརྒྱར་ཉེ་བ་ཞིག་ཨིན་ཇིས་བཙན་འོག་ཏུ་གནས་དགོས་བྱུང་ཡོད། བསམ་བློའི་དབང་སྒྱུར་དེའི་དངོས་རྟགས་ད་ལྟ་ཡང་དངོས་སུ་མཐོང་རྒྱུ་ཡོད་པར་བརྟག་ཞིབ་ཅུང་ཙམ་བྱས་ན་ཤེས་ཐུབ་པར་སྣང་།
ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་རྒྱ་གར་དང་། བལ་ཡུལ་བཅས་སུ་གནས་པའི་མི་སྣ་དག་དང་། ལྷག་པར་རྒྱ་བལ་གཉིས་སུ་གནས་པའི་སློབ་གྲྭ་ཕལ་ཆེར་ཤེས་ཡོན་སྲིད་བྱུས་འདིས་ཤུགས་རྐྱེན་ལས་བྱུང་བ་དང་། སློབ་གྲྭ་ཐོན་ཟིན་པ་དང་། འགྲོ་བཞིན་པ་ཕལ་ཆེར་བསམ་བློ་འདིའི་འོག་ནས་འཚར་ལོངས་བྱུང་བས། ཨིན་ཇིའི་རིག་གཞུང་ལས་གཞན་པའི་མི་རིགས་དང་སྐད་ཡིག གོམས་གཤིས། ལ་རྒྱ། རྒྱལ་ཞེན། བསམ་བློའི་འདུ་ཤེས་འཛིན་སྟངས་སོགས་ལ་གཅེས་འཛིན་བྱ་རྒྱུར་འགངས་ཆེན་མི་མཐོང་པར། དེ་ལ་སྦྱངས་པ་ཤུགས་ཆེན་བྱས་ན་སྐྱོན་ཆར་མཐོང་མཁན་མང་པོ་ཡོད་སྲིད། དེའི་ཕྱིར་ང་ཚོས་ན་གཞོན་གྱི་སེམས་ཁམས་ལ་དཔྱད་ཞིབ་བྱེད་དགོས་པ་དང་། ནོར་བ་དག་ལས་ལྡོག་ཐབས་དགོས་པ་ནི་ཤེས་ཡོན་སྡེ་ཚན་ཁག་དང་། དགེ་རྒན། ཕ་མ་སོགས་བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཆགས་ཡོད། ཡིན་ཡང་། བོད་ཀྱི་ཤེས་ལྡན་པ་དང་སྒྲིག་འཛུགས་སོགས་མང་པོས་སྐྱོན་དུ་མཐོང་སྟེ། ཕྱི་ལོ་ ༡༩༨༦ ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭ་སོགས་ནས་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་བོད་ཡིག་ཁོ་ནའི་ལམ་ནས་སློབ་སྦྱོང་སྤྲད་པ་དང་། ལྷག་པར་རང་གཞུང་གིས་ཕྱི་ལོ་ ༢༠༠༤ ལོ་ནས་བཟུང་བོད་ཀྱི་ཤེས་ཡོན་སྲིད་བྱུས་གསར་པ་གཏན་ལ་ཕབ་པ་དང་། སོ་སོའི་སྐད་ཡིག་སྲུང་སྐྱོབ་དང་མི་རིགས་ཀྱི་གོམས་གཤིས་སོགས་ལ་གཅེས་འཛིན་བྱེད་ཐབས་ལ་འབད་བརྩོན་གང་ལེགས་གནང་བཞིན་པར་སྤྱི་སྒེར་གཉིས་ཀྱིས་རྒྱབ་སྐྱོར་བྱེད་པའི་དུས་ལ་བབ་ཡོད།
མ་འོངས་བོད་ཀྱི་ན་གཞོན་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ངོས་འཛིན་ཡང་དག་པ་ཐུབ་མཁན་ཞིག་དང་། ཨིན་ཡིག་སོགས་རྒྱལ་ཁབ་གཞན་གྱི་སྐད་ཡིག་གང་ཤེས་ཀྱང་སོ་སོའི་སྐད་ཡིག་དང་། གོམས་གཤིས། རྒྱལ་ཞེན་སོགས་ལ་རིན་ཐང་མེད་པར་ལྟ་བ་དང་། ཁྱད་གསོད་བྱེད་པ་སོགས་ལས་ལྡོག་སྟེ་དེ་དག་ལ་ཡོན་ཏན་མཐོང་མཁན་ཞིག་བཟོ་རྒྱུ་འདི་གལ་ཆེར་མཐོང་། ངས་སློབ་གྲྭ་འགྲོ་མྱོང་མཁན་དང་། འགྲོ་བཞིན་པ་དག་གིས་འདི་དག་ལ་ཁྱད་གསོད་བྱེད་བཞིན་འདུག་ཅེས་ཚང་མ་ལ་བཤད་ཀྱི་མེད་ཀྱང་། ད་ལྟ་ང་ཚོའི་སྤྱི་ཚོགས་དང་སློབ་གྲྭ་ཁག་གི་ནང་འདི་དག་ལ་ཁ་ནས་ཡག་པོ་བྱེད་དགོས་ཞེས་བཤད་པ་ལས་སེམས་གཏིང་ནས་བོད་ཀྱི་རིག་གཞུང་ལ་དགའ་ཞེན་མེད་པ་དང་། སོ་སོའི་མི་ཚེའི་ནང་བེད་མེད་ལྟ་བུར་ངོས་འཛིན་པ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པར་ངོ་ཚར་ལྟ་བ། བོད་ཡིག་ཐོག་འཕྲིན་ཡིག་ཕན་ཚུན་བསྐུར་ན་སློབ་སྦྱོང་མེད་པ་ལྟ་བུར་ངོས་འཛིན་པ། བོད་པ་ནང་ཁུལ་བོད་སྐད་གཙང་མ་མ་བཤད་པར་རྫིག་རྫིག་གིས་ཨིན་སྐད་དང་། རྒྱ་བལ་གྱི་སྐད་ཡིག་བསྲེས་ནས་བཤད་པ། མང་པོ་ཞིག་གིས་མི་གཞན་གྱི་བོད་སྐད་གཙང་མ་བཤད་པར་མ་གོ་པའི་རྣམ་འགྱུར་སྟོན་ཏེ་ཨ་ ག་རེ་ ག་རེ་ལབ་ཡིན་ཟེར་བ་སོགས་དྲི་བ་ཡང་ཡང་དྲིས་རྗེས། ཨིན་སྐད་དང་། ཡང་ན་རྒྱ་བལ་གྱི་ཚིག་ཅིག་བཤད་དེ་དེ་འདྲ་ལབ་གདའ། སྨྱོན་པའི་སྐད་ཆ་འདྲ་བཤད་ན་སུས་གོ་གི་རེད་ཟེར་ནས་རྣམ་འགྱུར་སྟོན་པ་སོགས་རེ་གཉིས་ཙམ་མིན་པར་ཡང་ནས་ཡང་དུ་མཐོང་རྒྱུ་ཡོད་པ་ཞིག་རེད། རྣམ་པ་ཚོས་མི་རྒན་པ་ནང་ཕན་ཚུན་དབར་སྐད་ཆ་འདི་འདྲ་བཤད་པར་ངས་གང་ཡང་བཤད་རྒྱུ་མེད། རྒྱུ་མཚན་ནི། ཁྱེད་རྣམས་ནི་ནོར་བ་དེ་ལ་ཤིན་ཏུ་བྱང་ཚར་བས་སོ།།
ཡིན་ཡང་། ཁྱོད་ཀྱི་བུ་ཕྲུག་དང་། ཁྱོད་ཀྱི་ཉེ་འགྲམ་དུ་ཡོད་པའི་ཕྲུ་གུ་རྣམས་ལ་རང་འགན་རང་ཁུར་གྱིས་བུ་ཕྲུག་ཚོས་བོད་སྐད་བཤད་ན་ཁྱོད་ཀྱིས་བོད་སྐད་གཙང་མ་ཞིག་དང་། ཕྲུ་གུས་ཨིན་སྐད་སོགས་བཤད་ན་ཁྱོད་ཀྱིས་ཀྱང་ཨིན་སྐད་གཙང་མ་ཞིག་ཤོད་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན། གོང་དུ་བཤད་པའི་ནོར་བ་བྱེད་མཁན་གྱི་གྲལ་དུ་དགེ་རྒན་ཡང་མི་ཉུང་བ་ཚུད་ཡོད་པ་ཤེས་དགོས། འདི་ནི་ཧ་ཅང་གི་བློ་ཕམ་པ་ཞིག་དང་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད།
གཞན་ཡང་བཤད་འདོད་པ་ནི། ད་ལྟ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཨ་རི་གནས་སྡོད་གཙོས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་མི་དམངས་རྣམས་ཀྱིས་རང་རེའི་ཆོས་དང་རིག་གཞུང་ལ་དོ་སྣང་གསར་པ་ཞིག་དང་འབྲེལ་ནས་ཐུགས་ཁུར་ཆེ་བཞེས་གནང་བས། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མིའི་སེམས་ལ་བོད་ཀྱི་སྐད་ཡིག་ནི་སོ་སོའི་འཚོ་བའི་ཁྲོད་དུ་ཕན་འབྲས་ལྡན་པའི་སྐད་ཡིག་ཅིག་ཏུ་ངོས་འཛིན་པའི་སྣང་བ་གསར་པ་ཞིག་སྦྱིན་བཞིན་པར་སྣང་། འདི་ནི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་རང་མི་རིགས་ཀྱི་ཁྱད་ཆོས་མི་མཐོང་བའི་མི་དག་ལ། མི་རིགས་ཀྱི་ལ་རྒྱ་དང་། རིག་གཞུང་གི་རིན་ཐང་། སྐད་ཡིག་བཀོལ་སྤྱོད་བཅས་དངོས་སུ་མཐོང་དུ་བཅུག་ནས་རང་གཞུང་གིས་གསར་དུ་གཏན་ལ་ཕབ་པའི་བོད་ཀྱི་ཤེས་ཡོན་སྲིད་བྱུས་དང་། བོད་ཀྱི་སྐད་ཡིག་ལ་དུང་བའི་བོད་མི་རྣམས་ལ་མི་མངོན་བའི་སྟོབས་ཤུགས་ཆེན་པོ་ཞིག་སྦྱིན་བཞིན་ཡོད། དེ་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པའི་བོད་མི་ཚོའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཆགས་པར་ངེས་ལ། བགྱི་བ་འདི་དག་གི་ཕྱོགས་སུ་བརྩོན་པ་བྱེད་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྡེ་ཚན་གཉིས་པ། ཕ་མའི་སྐོར།

དོན་གནད་འདིའི་ཐད་ཕྲུ་གུ་སྐྱེས་ནས་ལོ་ན་བརྒྱད་ལ་མ་སླེབས་བར་ཕ་མས་གང་བྱེད་དགོས་མིན་སྐོར་གང་ཤེས་ཤིག་བྲི་རྒྱུ་ཡིན།
༠༡ དེ་ཡང་བོད་ཀྱི་ན་གཞོན་བུད་མེད་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ལོར་ཨ་རིར་མེ་ནི་སོ་ཊར་གནང་བའི་གཏམ་བཤད་ནང་། ང་ཚོ་བོད་པའི་བསམ་བློའི་ནང་གཞན་ཕན་དང་བཟང་སྤྱོད་སོགས་མང་པོ་ཞིག་ཡོད་པ་དེ། ཕྲུ་གུ་ཚོ་ལ་སློབ་རྒྱུ་ནི་ཕ་མ་ཚོའི་འགན་འཁྲི་ཞིག་མིན་འགྲོ་བསམ་གྱིན་འདུག ་་་ ཕ་མའི་ནང་ནས་ཡང་གཙོ་བོ་ཨ་མ་ཚོ་ལ་འགན་ཡོད། དེ་དྲང་པོ་ཞིག་མི་འདུག་ཀྱང་། ་་་ ང་ཚོ་བུད་མེད་ཚོའི་སྤོབས་པ་ཞིག་ཀྱང་རེད་བསམས་སོང་། གང་ཡིན་ཞེ་ན། ཕྲུ་གུ་ཚོ་གང་འདྲ་ཞིག་བཟོ་དང་མི་བཟོའི་ལག་ཆ་ལྟར་བྱས་ཏེ། ཡ་རབས་སྤྱོད་བཟང་དང་། སྐད་ཡིག་སློབ་གསོ་སོགས་འགན་གཙོ་བོའི་ནང་ནས་ཁུར་དགོས་ཀྱི་ཡོད། ་་་ ཕ་མས་བཤད་པ་ཙམ་མིན་པར་ཕྲུ་གུའི་མིག་གིས་ལྟ་ས་དེ་ཡང་ཕ་མར་ཆགས་ཡོད། ཅེས་གསུངས་པ་ནི་དོན་ལ་གནས་པའི་སྐད་ཆ་ཞིག་རེད། གང་ཡིན་ཟེར་ན། ཕྲུ་གུའི་སེམས་ཁམས་ཡར་རྒྱས་འགྲོ་བའི་སྣེ་ཁྲིད་གལ་ཆེ་ཤོས་ནི་ཕ་མ་ཡིན་ལ། ཕྲུ་གུ་ཚོས་མི་སྐད་གོ་བ་ནས་བཟུང་། ལོ་ན་བདུན་བརྒྱད་བར་ཡིད་ཆེས་བྱེད་ས་དང་། སེམས་ཁམས་ལ་བག་ཆགས་བཟང་ངན་གང་ཡིན་ཡང་གཏིང་ཟབ་ཅིག་འཇོག་མཁན་ནི་ཕ་མ་ཚོ་ཆགས་ཡོད། འདིའི་ཐད་མཁས་པ་དང་དགོངས་ཚུལ་གསུང་མཁན་མང་དག་གིས་ཕྲུ་གུའི་མི་ཚེའི་ནང་ཕ་མ་དང་། སྤུན་མཆེད་སོགས་ཡིད་ཆེས་བྱེད་སའི་མི་ལ་མིག་དཔེ་བལྟས་ཏེ་ཕྲུ་གུའི་བསམ་བློའི་སྒོ་མོ་འབྱེད་བཞིན་ཡོད་པར་མགྲིན་དབྱངས་གཅིག་གྱུར་ལྟར་མཐོང་ཆོས་སུ་གྱུར་ཡོད།
དེའི་ཕྱིར་ལོ་ཚད་འདིར་ཕྲུ་གུ་རྣམས་ཀྱི་སྐད་ཆའི་གོ་རིམ་དང་། བསམ་བློ་གཏོང་སྟངས། ཤེས་ཡོན་ལ་རིན་ཐང་། སོ་སོའི་ཕ་ཡུལ། ཕ་སྐད་སོགས་ལ་དགའ་ཞེན་དང་སྤྲོ་སྣང་སླེབས་མི་སླེབས་ཀྱི་བར་མཚམས་ཤིག་དང་། སོ་སོའི་མི་ཚེའི་ནང་རང་དབང་དང་སྙིང་སྟོབས་ཡོད་ཚད་ཕ་མ་དང་དགེ་རྒན་ལ་བརྟེན་ནས་བློ་གྲོས་རྒྱས་པའི་དུས་ཤིག་ལ་ཁེལ་ཡོད་སྟབས། སྐབས་འདིར་ཕ་མ་ཚོས་སོ་སོའི་ཕྲུ་གུ་རྣམས་འཛམ་གླིང་སྤྱི་ཚོགས་ཁྲོད་ཤེས་རིག་མེད་པའི་ཤིང་ནགས་ཁྲོད་དུ་གནས་སྡོད་བྱེད་མཁན་ཚོའི་ཕྲུ་གུ་ལྟར་ཕ་ས་དང་མ་ཁོངས་གང་ཡང་མི་ཤེས་པ། མི་གཞན་གྱི་མདུན་དུ་ཕ་མའི་ཡུལ་ལུང་དང་། དེའི་གོམས་གཤིས། རི་ཆུའི་མཛེས་སྡུག དུས་བཞིའི་འགྱུར་འགྲོས། མི་རྒྱུད་དང་རུས་ཁོངས་སོགས་ཀྱི་མིང་དང་། ལེགས་བྱང་། དེ་དག་གི་གནའ་སྒྲུང་སོགས་གང་མང་བཤད་རྒྱུ་ཡོད་པ་དང་། ཕྲུ་གུ་སོ་སོར་དགའ་བའི་རྩེད་ཆས་དང་། གྱོན་ཆས། ཟས་རིགས། ཁ་དོག་སྣ་ཚོགས། རི་མོའི་མཛེས་རིས་སོགས་ལ་རང་ངོས་ནས་བསམ་བློ་བཏང་སྟེ་རང་མི་རིགས་ཀྱི་ཁྱད་ཆོས་ཤོད་རྒྱུ་ཡོད་མཁན་ཞིག་དང་། ཡང་ན་གང་ཡང་མི་ཤེས་ཤིང་། རིགས་སུ་གཏོགས་ཀྱང་རིགས་ཀྱི་ཁྱད་ཆོས་བཤད་རྒྱུ་མེད་པ་ཞིག་བཟོ་དང་མི་བཟོ་ནི་གཙོ་བོ་ཕ་མ་ལ་རག་ལས་པ་ལས་དགེ་རྒན་དང་སློབ་གྲྭ་གཅིག་པུས་བྱེད་ཐབས་བྲལ། ཕ་མས་འགན་ཁུར་ཏེ་གོང་སྨྲས་དག་གི་སྐོར་ལ་སྐད་ཆ་སྣ་མང་ཞིག་སྒྲུང་གཏམ་གྱི་རྣམ་པའི་ཐོག་ནས་བཤད་ཡོད་ཚེ་ཕྲུ་གུའི་སེམས་ལ་སྐད་ཡིག་གི་བག་ཆགས་གཏིང་ཟབ་ཅིག་གནས་པ་མ་ཟད། ཕྲུ་གུའི་མི་ཚེའི་ནང་སློབ་སྦྱོང་བྱ་རྒྱུར་ཕན་འབྲས་མི་ཉུང་བ་ཐོན་ངེས་པས་སོ།།
འདིའི་སྐོར་ཕྱི་ལོ་ ༢༠༡༧ ལོར་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས་གོ་སྒྲིག་འོག་བྱིས་པའི་འབྲི་ཀློག་ཡར་རྒྱས་གཏོང་ཐབས་སྐོར་ཕ་མར་ཟབ་སྦྱོང་གནང་མཁན་བུ་མོ་ཞིག་གིས་ (Self-talk) (parallel talk) (wait and see) (modeling) (expansion and recasting) བཅས་ཐབས་ལམ་ལྔ་གསུངས་ཡོད།7 ཐབས་ལམ་འདི་དག་འཐད་པོ་བྱུང་། ཡིན་ཡང་། འདི་དག་བོད་དུ་མེད་པ་ཞིག་གཏན་ནས་མ་རེད་ལ། ཕལ་ཆེར་ཞིང་འབྲོག་ཕ་མ་ཚོས་ཡང་ཡང་ཤོད་བཞིན་པ་ཤ་སྟག་རེད་འདུག འདི་དག་ནི་ཤེས་ཡོན་གྱི་ངོ་བོ་ཞིག་ཏུ་ངོས་འཛིན་བྱས་ཏེ་བཤད་པ་ཞིག་གཏན་ནས་མིན་ཡང་། ཤོད་སྟངས་འདི་དག་ལ་གཞི་གཙོ་བོ་བྱས་ནས་ཞུ་རྒྱུ་ཡིན། བོད་ཀྱི་ཞིང་འབྲོག་ཁུལ་དུ་ཕྲུ་གུས་མི་སྐད་ཅུང་གོ་བ་ནས་བཟུང་ཕ་མས་སྐད་ཆའི་ལན་ལ་མ་རེ་བར། བྱམས་བརྩེའི་རྣམ་འགྱུར་སྟོན་བཞིན། རང་ག་རེ་བྱེད་ཀྱི་ཡོད་ཟེར་བ་དང་། རྔན་པ་དགོས་སམ་ཟེར་བ། གད་མོ་དགོད་དང་ཟེར་བ་སོགས་མང་པོ་ཞིག་ཤོད་བཞིན་པ་ལྟར། བཤད་སྟངས་འདི་དག་དང་གཅིག་མཚུངས་ཀྱི་སྐད་ཆ་མང་དུ་བཏང་བ་དང་བཤད་ཐབས་གོང་འཕེལ་བཏང་སྟེ་ཡང་ནས་བསྐྱར་དུ་ཤོད་དགོས་པ་འདི་གནད་གཅིག་ཡིན།
ཡང་ཕྲུ་གུས་གང་བྱས་པ་དག་ལ་བསྟོད་བསྔགས་དང་འབྲེལ་ནས་འགྲེལ་བཤད་བྱེད་ཀྱི་འདུག དཔེར་ན། ཕྲུ་གུར་བལྟས་ཏེ་ཁྱོད་ཀྱིས་རྩེད་མོ་ཡག་པོ་རྩེ་བཞིན་འདུག་ཟེར་བ་དང་། རི་མོ་སྙིང་རྗེ་མོ་དེ་འདྲ་བྲིས་འདུག་ཟེར་བ། དེའི་དོན་ངས་ཤེས་ཀྱི་མེད་ཁྱོད་ཀྱིས་ང་ལ་སློབས་དང་ཟེར་བ་སོགས་བརྗོད་བྱ་འདྲ་མིན་བཤད་ཀྱི་འདུག འདི་ལྟར་བཤད་པ་ནི་ཕྲུ་གུའི་སེམས་ཁམས་ཀྱི་འཚར་ལོངས་ལ་ཕན་པ་ངེས་ཅན་ཞིག་ཡོད་ངེས་པ་རེད། གང་ཡིན་ཟེར་ན། ཕྲུ་གུའི་སེམས་སུ་མིང་ཚིག་མང་པོའི་བག་ཆགས་འཇོག་ཏུ་བཅུག་པས་སློབ་གྲྭར་ཏན་ཏན་སྐད་ཡིག་ཤེས་སླ་བར་ངེས་ཡོད།
ཡང་གཅིག་བཤད་ན། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་ཕྲུ་གུས་༸གོང་ས་མཆོག་གི་གཙོས་བླ་མའི་སྐུ་པར་སོགས་ལ་ཕྱག་རྒྱ་བཅའ་བ་དང་། མི་ཕན་ཚུན་གྱེས་ཁར་ཨིན་སྐད་ཐོག་བྷ་བྷའི་ (bye bye) ཞེས་པ་སོགས་བཤད་དེ་ཕེབས་སྐྱེལ་ཞུ་སྐབས་ཕྲུ་གུས་ལག་ཆུང་ཁ་རུ་སྦྱར་ནས་འོ་བྱས་པའི་རྣམ་པ་སྟོན་དུས། ཕ་མས་གད་མོ་དགོད་པ་སོགས་དགའ་བའི་རྣམ་འགྱུར་བསྟན་པ་དང་། བསྟོད་བསྔགས་སོགས་བགྱིས་ན། ཕྲུ་གུའི་སེམས་ལ་སོ་སོས་བྱ་བ་བྱས་པར་ཕ་མས་རྒྱབ་སྐྱོར་དང་མཐོང་ཆེན་གནང་བར་རློམ་སྟེ། དེ་དག་ཡང་ཡང་བྱ་རྒྱུར་སྤྲོ་སྣང་བྱིན་པ་དངོས་སུ་མཐོང་རྒྱུ་ཡོད་པ་ལྟར། ཕྲུ་གུས་དགའ་ཕྱོགས་ཀྱི་བྱ་བ་གང་བྱས་ཀྱང་གོང་དུ་བཤད་པ་ལྟར། ཕ་མས་དགའ་བའི་རྣམ་འགྱུར་སྟོན་རྒྱུ་དང་། བསྔགས་བརྗོད་བྱེད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བར་མཐོང་།
དོན་གཞན་ཞིག་ནི་ཕ་མ་སོ་སོས་ལས་ཀ་བྱེད་སྐབས་ཁ་བཙུམ་ནས་མི་བྱེད་པར། ལས་ཀ་གང་བྱས་ཀྱང་ངག་ནས་ལབ་དགོས། དཔེར་ན། ཞིང་འབྲོག་གི་ཕ་མ་མང་པོས། ངས་ཁ་ལག་ཞིམ་པོ་ཞིག་བཟོ་དགོས་ཟེར་བ་དང་། ང་ཚོ་ཕྱི་ལ་འགྲོ་ཟེར་བ། ཨ་མ་ངལ་གསོ་བྱེད་དགོས་ཟེར་བ། ངས་འབྲི་མོ་བཞོས་ནས་འོ་མ་འཐུང་དགོས་ཟེར་བ། ངས་ཞིང་རྨོ་དགོས་ཟེར་བ་སོགས་གང་བྱས་པ་དག་ལ་ངག་ནས་འགྲེལ་བརྗོད་ཡང་ཡང་བྱེད་པ་མ་ཟད། མཐོང་བཞིན་པའི་བྱ་བ་དག་ལ་འགྲེལ་བཤད་འདྲ་མིན་བརྒྱབས་ཏེ། བྱ་འཕུར་སོང་དང་། ཞིང་ཁ་རྨོ་དགོས། ཆར་པ་འབེབས་བཞིན་འདུག་སོགས་ཐ་སྙད་བཀོལ་སྤྱོད་ཀྱི་ལམ་ནས་བྱིས་པའི་སེམས་ཁམས་འཚར་ལོངས་ལ་རོགས་འདེགས་བྱེད་སྲོལ་ཡོད་པ་འདི་ཙམ་གྱིས་བློ་ཁ་ཚིམས་ནས་མི་སྡོད་པར་ཚིག་སྒྲུབ་དང་བྱ་ཚིག་མང་པོ་བཀོལ་སྤྱོད་བྱས་ཏེ། གོ་རིམ་ལྡན་པའི་སྐད་ཆའི་རིགས་འདྲ་མིན་ཤོད་ཐབས་བྱས་ན་ཕྲུ་གུས་སྐད་ཡིག་སྦྱོང་བའི་རྨང་གཞི་ཆེན་པོ་ཞིག་འཛུགས་ཐུབ་པར་ཐེ་ཚོམ་མེད།
ཡང་བྱིས་པ་ཆུང་ཆུང་སྐབས་དྲི་བ་ཆ་ཚང་ཞིག་འདྲི་མ་ཐུབ་པར་དེ་དེ་ཟེར་བ་སོགས་དྲི་བ་ཕྱེད་ཀ་ཙམ་གཏོང་སྐབས། དེ་ཁྱི་རེད་ཟེར་བ། གཡག་དེ་ཡག་ག་ལ་ཟེར་བ། དེ་ལ་འགྲོ་ཡོད་དམ་ཟེར་བ་ལྟ་བུའི་སྐད་ཆ་མང་པོ་ཤོད་བཞིན་པ་ལྟར། དྲི་བའི་ལན་དུ་ཚིག་སྒྲུབ་ཀྱི་གོ་རིམ་ལྡན་པར་ལན་བྱེད་དགོས་པ་ནི་ཕྲུ་གུའི་སྐད་ཡིག་རྨང་གཞི་ཤེས་པའི་གཞི་ཆེན་པོ་ཞིག་ཡིན་པ་ཤེས་དགོས། དེའི་ཐད་བལ་ཡུལ་ཏཱིན་གཅོད་གླིང་དུ་རྟེན་གཞི་བྱས་པའི་མཆོད་འཇོར་བོད་མིའི་བུ་གསོ་ཁང་ཨ་མའི་བུ་བཅོལ་ཁང་(Mother’s daycare) ཞེས་པ་གསར་འཛུགས་གནང་མཁན་དང་དགེ་རྒན་གཉིས་ཀའི་འགན་ཁུར་མ་བསྟན་འཛིན་དབྱངས་ཅན་དང་བསོད་ནམས་མཚོ་མོ་གཉིས་ལ་དྲི་བ་ཞུས་པའི་ལན་དུ་”ཕ་མ་རྒྱུ་ཆེ་ཆུང་དང་། སློབ་སྦྱོང་ཆེ་ཆུང་ཁོ་ན་མིན་པར་ཕྲུ་གུ་ལ་དུས་ཚོད་གཏོང་དགོས་པ་དང་། ་་་ ཕྲུ་གུར་སྐད་ཆ་བཤད་ཐབས་ཡག་ཤོས་ནི་རྔན་པ་སྤྲད་རྒྱུ་དེ་མིན་པར་བསྟོད་བསྔགས་བྱེད་དགོས་པ་དང་། འགའ་ཤས་ལ་འཇམ་པོ་ཁོ་ན་མིན་པར་རྩུབ་པོ་ཅུང་ཙམ་བྱས་ན་ཡག་པོ་ཆགས་མཁན་ཡང་ཡོང་གི་འདུག་”8ཅེས་གསུངས་པ་དག་དཔྱད་ཞིབ་ཙམ་མིན་པར་ཉམས་མྱོང་དངོས་ཀྱི་གཟུགས་བརྙན་འདི་བཞིན་ཕྲུ་གུས་རི་མོ་འབྲི་བ་དང་། དེབ་ཀློག་པ། རི་མོ་དང་པར་རིས་འདྲ་མིན་ལ་ལྟ་བ་སོགས་བྱས་ཚེ་ཕ་མས་སྣང་ཆུང་མི་གཏོང་བར་བསྟོད་བསྔགས་བྱེད་པ་དང་། དགའ་བའི་རྣམ་འགྱུར་སྟོན་པ། བྱམས་པོ་བྱེད་པ། མཚམས་རེ་བྱ་བ་དེ་ལ་ཆེད་དུ་དམིགས་ཏེ་རྔན་པ་སྤྲོད་རྒྱུ་སོགས་ཕྲུ་གུའི་སེམས་ཁམས་དང་མཐུན་པར་གནང་ཐུབ་རྒྱུ་ནི་ཤིན་ཏུ་ནས་གནད་དམ་པའོ།།
༠༢ ཕྲུ་གུར་སྐད་ཆ་ཤོད་སྐབས་ཡོད་ཚད་ཁོ་རང་གིས་མཐོང་བཞིན་པ་དང་མྱོང་བཞིན་པའི་ཅ་དངོས་སོགས་ཡོད་སར་ཁྲིད་དེ་ཤོད་ཐབས་བྱ་དགོས་པ་འདི་ཡིན། དཔེར་ན། ཁ་དོག་དང་། པར་རིས། རྩེད་ཆས། བཟའ་ཆས། ཁྱིམ་ཆས། ཐབ་ཆས། གྱོན་ཆས། གཟུགས་དབྱིབས་སོགས་ལ་བལྟས་ཏེ་འགྲེལ་བརྗོད་གཙོ་བོ་བྱེད་དགོས་པ་གལ་ཆེ་ཡོད། དེ་ལྟར་བྱུང་ཚེ། ཕ་མ་ཚོས་འགན་བབས་གཙོ་བོ་ཞིག་བསྒྲུབས་ཟིན་པ་རེད་ལ། དེ་དག་ངོ་སྤྲོད་ཐུབ་པའི་ཕྲུ་གུ་རྣམས་ལ་སློབ་གྲྭའི་ནང་སྐད་ཡིག་སློབ་སྦྱོང་ལ་དཀའ་ངལ་མེད་པར་ཚིག་དོན་གོ་སླ་བ་དང་། དགེ་རྒན་གྱིས་སློབ་ཁྲིད་ཁོ་ནར་མི་བརྟེན་པར་ཕྲུ་གུ་རང་ངོས་ནས་སོ་སོའི་སློབ་སྦྱོང་བྱེད་ཚུལ་དང་། སྐད་ཆ་ཤོད་ལུགས། ལན་འདེབས་སྟངས། ཚིག་སྒྲུབ་འབྲི་ཐབས། དེབ་ཀློག་པ་སོགས་ལ་དོ་སྣང་དང་དགའ་ཞེན་འཕེལ་བ་སོགས་ལེགས་ཆ་གང་མང་ལྡན་ངེས་པ་མ་ཟད། གཞན་གྱིས་བསྐུལ་མི་དགོས་པར་རང་ངོས་ནས་བོད་ཀྱི་རིག་གཞུང་ལ་དོ་སྣང་དང་བོད་ཀྱི་སྐད་ཡིག་སྦྱོང་པར་སྤྲོ་བ་མི་ཆུང་བ་སླེབས་ཏེ། སོ་སོའི་མི་ཚེའི་ནང་བོད་ཀྱི་ན་གཞོན་ཚད་ལྡན་ཞིག་དང་། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུར་སྤོབས་པ་ཞུམ་མི་དགོས་པར་གཞན་དང་འདྲ་མཉམ་དུ་འགྲོ་ཐུབ་མཁན་གྱི་ན་གཞོན་ནུས་ལྡན་ཞིག་ཆགས་རྒྱུར་ལམ་ཐག་ཉེ་བར་བསྒྱུར་ཐུབ།
ཕ་མས་དེ་ལྟར་ངོ་སྤྲོད་བྱས་མེད་ཚེ། ཕྲུ་གུར་སྣ་མང་ཚིག་གི་བག་ཆགས་མེད་པས། སློབ་སྦྱོང་ཤེས་ཁག་པ་དང་བསླབ་དོན་གོ་ཁག་པར་ཆགས་ཏེ། བོད་ཀྱི་སྐད་ཡིག་ལ་འབྲི་བཤད་ཀློག་གསུམ་གྱི་སྤོབས་པ་མེད་པར་འགྱུར་ངེས། དཔེར་ན། སློབ་གྲྭ་ཐོན་ཟིན་པ་དང་། འགྲོ་བཞིན་པའི་སློབ་མ་མང་པོས་མི་གཞན་གྱིས་ངའི་ལུང་པ་དང་། ངའི་ཕ་ཡུལ་ཀྱི་ཁྱད་ཆོས་ཞེས་གཏམ་གླེང་སོགས་ཀྱི་སྐབས་སུ། ཁོང་ཚོ་ངོ་ཚ་ཞིང་། ངས་ཕ་ཡུལ་ཤེས་ཀྱི་མེད་ཅེས་པ་དང་། ང་ལ་ཕ་མས་བསླབས་མ་སོང་ཞེས་ཕ་མར་འཁང་ར་བྱེད་པ། གཞན་ལ་མི་དགའ་བའི་རྣམ་འགྱུར་བསྟན་ཏེ་ལུང་པ་དང་ལུང་ཚན་གྱི་སྐད་ཆ་བཤད་མ་ཡོང་། བོད་སྤྱི་ལ་ཕན་པའི་སྐད་ཆ་བཤད་ཤོག་ཟེར་ནས་མི་གཞན་ལ་རྫིག་རྫིག་བཤད་པ། ཡང་འགའ་ཤས་ཀྱིས་མི་ཤེས་ངའི་ཕ་ཡུལ་ཁྱོད་དང་འབྲེལ་བ་མེད་ཟེར་བ། ལ་ལས་སྨྱོན་པའི་སྐད་ཆ་འདྲ་མ་ཤོད། ང་ཚོ་དང་འབྲེལ་བ་ཡོད་པ་བཤད་ཤོག་ཟེར་ནས་སོ་སོའི་ཕ་ཡུལ་དང་སོ་སོ་གཉིས་འབྲེལ་བ་གཅོད་ཐབས་བྱས་པ། ཕྲུ་གུ་ཁ་ཤས་ཀྱིས་སྣང་བ་སྐྱིད་སྐྱིད་ངང་ཕ་ཡུལ་མི་ཤེས། སེམས་པ་སྐྱིད་ན་ཁེ་སང་རེད་ཟེར་ནས་སྐད་ཅོར་རྒྱག་པ་སོགས་མདོར་ན་ཕྲུ་གུ་ཚོ་ངོ་ཚ་སྟེ་གཞན་གྱི་སྐད་ཆ་གཡོལ་ཐབས་ཁོ་ན་བྱེད་བཞིན་པ་ནི། བྱིས་པ་ཆུང་ཆུང་སྐབས་ནས་མིང་ཚིག་མང་པོའི་བག་ཆགས་མེད་པ་དང་། འབྲི་བཤད་ཀློག་གསུམ་ལ་དགའ་ཞེན་གཏན་ནས་མེད་པའི་སྐྱོན་ཆ་ལས་བྱུང་བ་ཞིག་ཡིན་པས། རྗེས་སུ་བོད་ཕྲུག་རྣམས་དེ་ལྟར་མི་ཡོང་བར། གཞན་དང་འདྲ་མཉམ་གྱི་སྐད་ཆ་བཤད་རྒྱུ་ཡོད་པ་ཞིག་བྱུང་ན་ཕྲུ་གུ་ཚོ་ན་ཚོད་ཟིན་རྗེས་སུ་སོ་སོའི་ཕ་ཡུལ་དང་། མི་རིགས། ལ་རྒྱ། རྒྱལ་ཞེན་སོགས་གོང་དུ་འཕེལ་ཏེ། བོད་ཀྱི་སྐད་ཡིག་དང་། སྤྱི་ལས་ཁུར་དུ་ལེན་ཐུབ་པའི་ལྷག་བསམ་བཅས་དགེ་ཚན་ཤིན་ཏུ་ཆེ་བ་མ་ཟད། དོན་གནད་མང་པོའི་ཐད་སྐད་ཆ་ཡང་ཡང་བཤད་རྒྱུའི་སྤོབས་སེམས་ལྡན་པ་སོགས་དགོས་གལ་ཆེ་བའི་བསམ་བློ་ངང་གིས་འཕེལ་རྒྱུ་རེད།
༠༣ ཕ་མའི་ངོས་ནས་ངེས་པར་བྱེད་དགོས་པ་ཞིག་ནི་ཕྲུ་གུ་ཚོ་ལ་རང་དབང་ངམ་རང་འགན་རང་ཁུར་བྱེད་དུ་འཇུག་དགོས་པ་དེ་ཡིན། དཔེར་ན། ཕྲུ་གུ་ཞིག་ལ་སློབ་ཚན་གསུམ་ཡོད་པར་མཚོན་ན། དུས་ཚོད་རིང་པོར་བཀའ་བཀྱོན་གཏོང་བཞིན་སློབ་སྦྱོང་བྱེད་དུ་མི་འཇུག་པར།

  • ཨང་།    སློབ་ཚན་མིང་།        སྐར་མའི་༣༠ རིང་སློབ་སྦྱོང་བྱོས།              བར་སྟོང་བྱེད་སྒོ།
    ༡         བོད་ཡིག              ཞོགས་པ་ ༨:༠༠ ནས་ ༨:༣༠བར།             སྐད་ཆ་བཤད་བྱེད་དགོས་པ།
    ༢        ཨིན་ཡིག              ཞོགས་པ། ༩:༣༠ ནས་ ༡༠:༠༠བར།           དེབ་ཀློག་ཐབས་ལ་འབད་རྒྱུ།

ཞོགས་པའི་བར་སྟོང་།

  • ༣         ཨང་རྩིས།            ཉིན་གུང་། ༡༠:༣༠ ནས་ ༡༡:༠༠བར།            སྐད་ཆ་བཤད་ཐབས་བྱ་རྒྱུ།

ཉིན་གུང་བར་སྟོང་།

  • ༤        བོད་ཡིག་ཀློག         ཉིན་རྒྱབ། ༢:༠༠ ནས་ ༢:༢༠བར།
    ༥         ཨིན་ཇི་ཀློག          དགོང་མོ། ༣:༠༠ ནས་ ༣:༢༠བར།                 སྐད་ཆ་བཤད་ཐབས་ལ་བྱ་རྒྱུ།

དགོང་དྲོའི་བར་སྟོང་།

  • ༦         ཨང་རྩིས།               མཚན་མོ། ༨:༠༠ ནས་ ༨:༣༠                སྐད་ཆ་བཤད་ཐབས་བྱ་རྒྱུ།
རེའུ་མིག་འདི་དཔེ་མཚོན་གྱི་ཆེད་དུ་བྲིས་པ་ཡིན།

ཕ་མས་སོ་སོ་དང་ཕྲུ་གུའི་དུས་ཚོད་འཚམས་པའི་རེའུ་མིག་རེ་བཟོས་ཏེ་ཉིན་ལྟར་ལག་ལེན་དངོས་སུ་བསྟར་དུ་བཅུག་ན་ཟླ་བ་འགའ་ཤས་རྗེས་སུ་ཉིན་རེའི་བྱེད་སྒོ་རྣམས་ཕྲུ་གུའི་གོམས་གཤིས་སུ་ཆགས་ནས་ཉེས་རྡུང་བཏང་བ་དང་། སྡིགས་ར་སྐུལ་བ། བཀའ་བཀྱོན་སོགས་མི་དགོས་པར་ཆུ་ཚོད་ཀྱི་སྐད་སྒྲ་ལ་ཉན་བཞིན་ཕྲུ་གུས་རང་འགན་རང་ཁུར་གང་འཚམས་བྱེད་ཐུབ་པ་ཆགས་ཀྱི་རེད།
༠༤ གོང་བཀོད་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས་གོ་སྒྲིག་འོག་ཕ་མར་ཟབ་སྦྱོང་གནང་མཁན་རྒན་རྒྱལ་མཚན་ལགས་ཀྱིས། ཕྲུ་གུ་ལ་རྨ་གཉིས་བཤད་ཀྱི་ཡོད། གཅིག་དེ་པགས་པའི་རྨ་རེད། དེ་མཐོང་བ་དང་ཕ་མས་དངངས་སྐྲག་དང་བཅས་སྨན་ཁང་དུ་ཁྲིད་ནས་བདུན་ཕྲག་གཅིག་ནང་དྲག་ཐུབ། གཞན་པ་དེ་སེམས་ཀྱི་རྨ་རེད། ཕ་མས་ཚིག་རྩུབ་པོ་བཤད་པ། ཉེས་རྡུང་བཏང་བ། ཕྲུ་གུའི་སྐད་ཆ་ལ་སྣང་མེད་བཏང་བ་ཚང་མ་ཕྲུ་གུར་གསོ་སྐྱོང་བྱེད་སྟངས་ནོར་བ་རེད། ག་ལེ་ག་ལེར་བྱས་ནས་གནོད་སྐྱོན་བྱུང་སྟེ་འདི་ལྟ་བུ་ཞིག་ཆགས་ན་ཚར་བ་རེད། དཔེར་ན། ད་ལྟ་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་དང་། མཐོ་སློབ་ཏུ་སླེབས་སྐབས་ཕ་མས་ཀྱང་གླགས་མ་ཁེལ་བར་སྐད་ཤོར་དགོས་པ་ནི་སློབ་མའི་སྐྱོན་ཁོ་ནར་ངོས་བཟུང་ན་ནོར་བ་རེད། ག་རེ་བྱས་ནས་ཟེར་ན། ཆུང་དུས་ནས་ཕ་མས་འཐུས་ཤོར་ཏན་ཏན་ཕྱིན་ཡོད་ངེས་པ་རེད།”9 ཅེས་སེམས་ཁམས་ལ་རྨ་ཆགས་པ་དེས་ཕྲུ་གུ་ཆེན་པོར་ཆགས་སྐབས་སེམས་ཁམས་སུ་གནོད་པ་ཆེན་པོ་ཡོད་པར་གསུང་པ་འདི་དངོས་བདེན་ཞིག་རེད། དཔེར་ན། ཕྲུ་གུ་ཡོད་པའི་ཕ་མས་ཆང་རག་འཐུང་བ་དང་། འཁྲུག་པ་རྒྱག་པ་སོགས་དང་། ཕ་མ་སློབ་སྦྱོང་མེད་པའི་ཕྲུ་གུས་ཕ་མར་མིག་དཔེ་བལྟས་ཏེ་ཆང་རག་འཐུང་བ་དང་། འཁྲུག་པ་རྒྱག་རྒྱུར་དགའ་བ། སློབ་སྦྱོང་ལ་དོ་སྣང་མི་བྱེད་པ་སོགས་སེམས་ཀྱི་རྨ་ཁ་ཕྱིར་མངོན་པའི་ཕྲུ་གུ་མང་པོ་འབྱུང་བཞིན་པ་མཐོང་ཆོས་སུ་ཡོད་པ་ལྟར། ཕ་མས་རྒྱུན་དུ་དེབ་ཀློག་པ་དང་། སྐད་ཆ་བཤད་སྟངས་སོགས་ཡག་པོ་བསླབ་ན། ཕྲུ་གུས་ཀྱང་ཁ་མིག་ཡར་ལྟ་བྱས་ཏེ་དེབ་ཀློག་པར་དགའ་ཞེན་དང་། སློབ་སྦྱོང་ལ་འབད་བརྩོན་བྱེད་པ་སོགས་འབྱུང་ངེས་པ་ཡིན། འདི་དོན་ལ་འབད་བརྩོན་བྱེད་སྟངས་ཀྱང་དབང་ཤུགས་ཀྱིས་སྡིགས་ར་མ་སྐུལ་བ། བཀའ་བཀྱོན་མི་དགོས་པར་ཕྲུ་གུ་ཚོས་དེབ་ཀློག་སྐབས་ཕ་མས་དགའ་བའི་རྣམ་འགྱུར་སྟོན་པ་དང་། མཉམ་དུ་སོ་སོས་ཀྱང་དེབ་ཀློག་པ། ཕྲུ་གུས་དེབ་བཀླགས་རྗེས་ནང་དོན་རྣམས་ང་ལ་བཤད་རོགས་ཞེས་རེ་བ་འདོན་པ། ཕྲུ་གུས་བཤད་པ་དག་མ་འགྲིག་པ་གང་བྱུང་ཡང་དཔེ་ཡག་པོ་འདུག་ཅེས་བསྔགས་བརྗོད་དང་དགའ་བསུ་གནང་བཞིན་ནོར་བཅོས་ཡོང་ཐབས་བྱེད་པ་དང་། དེབ་བཀླགས་ན་བྱམས་པོ་བྱེད་པ་དང་མ་ཀློག་ན་དུས་ཡུན་རིང་པོར་གདོང་པ་ནག་པོ་བྱས་ཏེ་ཡུན་རིང་བྱམས་པོའི་རིགས་སོགས་མི་མངོན་པ་བྱེད་རྒྱུ་ནི་གནད་འགག་ཅིག་ཡོད་པར་ཕྲུ་གུའི་བསམ་སྤྱོད་ལས་ཤེས་ཐུབ།
གཞན་ཡང་། དེབ་ལ་དགའ་མཁན་ཚོར་བཤད་མི་དགོས་པ་རེད། ཕ་མ་དེབ་ལ་མི་དགའ་མཁན་ཞིག་ཡིན་ཡང་། ཕྲུ་གུ་ཚོ་སྡོད་སའི་ཉེ་འགྲམ་དུ་ཁོང་ཚོའི་སློབ་དེབ་དང་འབྲེལ་བའི་དེབ་ཆུང་རིགས་དང་། རི་མོ་ཅན་གྱི་བྱིས་སྒྲུང་རིགས་འདྲ་མིན་ཉུང་མཐའ་ ༢༠ ནས་ ༣༠ གོང་དུ་འཇོག་ཐབས་བྱ་དགོས་པ་ནི་ཁ་ཙམ་མིན་པར་ལག་ལེན་དངོས་སུ་དགོས་པ་གནད་ཅིག་ཏུ་བབས་ཡོད། འགའ་ཤས་ཀྱིས་ང་ཚོ་སྐྱོ་པོ་ཡིན། དེབ་ཉོ་བའི་དངུལ་མེད་ཅེས་ལབ་བཞིན། ཕྲུ་གུ་ཚོ་ལ་རྔན་པ་ཆོ་མེད་འདྲ་མི་འདྲ་ལ་དངུལ་མང་པོ་སྤྲད་ནས་ཉོ་བ་དང་། ཟ་ཁང་དང་ཚོང་ཁང་རྫིག་སར་ཁྲིད་དེ་ཁ་ལག་དང་གྱོན་ཆས་རིགས་རིན་གོང་ཆེན་པོར་སྤྲོད་པ། སྙན་གྲགས་ཅན་གྱི་ས་ཆར་འཆམ་འཆམ་མང་པོ་ཁྲིད་དེ་འགྲོ་སོང་ཕངས་མེད་གཏོང་བ་སོགས་ནི། གནའ་མི་བོད་ཀྱི་ཁ་དཔེ་ཞིག་ལ། དགོས་ས་ལ་ཆད། མི་དགོས་སར་ལྷག་བྱས་པ་ལྟར་ཆགས་སྲིད་པས་དེ་ལ་དོ་སྣང་བྱས་ཏེ། འདི་དག་གི་རིགས་ཉུང་དུ་བཏང་ནས་དེབ་མང་དུ་གཏོང་བ་དང་། སློབ་མའི་བྱེད་སྒོ་དག་དང་ཉེ་རུ་བཏང་སྟེ་པར་རིས་རིགས་འདྲ་མིན་མང་པོ་ཡོད་པ། སློབ་སྦྱོང་དང་འབྲེལ་བའི་རྩེད་ཆས་རིགས་ཀྱང་ཡོད་པ་ཞིག་བཟོ་ཐུབ་མཁན་ཞིག་བྱུང་ན་ཕ་མ་དེ་ཤིན་ཏུ་ལེགས།
༠༥ དེ་སྔོོན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བོད་ཀྱི་ཤེས་ཡོན་སྲིད་བྱུས་ཐད་ལ་དྲི་བ་དྲིས་པའི་ལན་དུ། དམིགས་བསལ་སློབ་སྦྱོང་འགོ་འཛུགས་སྐབས། དང་པོ་བོད་ཡིག་ནང་འགོ་འཛུགས་པ་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད། གང་ཡིན་ཟེར་ན། ང་རང་ཚོ་ལ་དཀའ་ངལ་ཤུགས་ཆེ་ཤོས་ནི་ག་རེ་རེད་ཟེར་ན། ང་ཚོ་ལ་སྐད་ཡིག་མི་འདུག སྤྱིར་བཏང་ང་ཚོའི་རྩ་བའི་སྐད་ཡིག་དེ་ཕྱུག་པོ་ཡིན་ན་ཡང་། ང་ཚོ་ཕྱི་ལོགས་ལ་སྡོད་མཁན་ཚོ་ལ་དཀའ་ངལ་འཕྲད་བཞིན་པ་དེ་ག་རེ་རེད་ཟེར་ན། སྐད་དང་ཡི་གེ་གཅིག་འདི་ཡིན་ཟེར་ནས། འདིའི་ནང་འབྲི་ཤེས་ཀྱི་ཡོད། ཀློག་ཤེས་ཀྱི་ཡོད། བཤད་ཤེས་ཀྱི་ཡོད། གོ་ཐུབ་ཀྱི་ཡོད་ཅེས་པའི་སྐད་གཅིག་མི་འདུག ང་ཚོ་གང་ཆགས་འདུག་ཅེས་ན་སྐད་ཡིག་འགའ་ཤས་ཤིག་རུག་རུག་བྱས་ན་མ་གཏོགས། སོ་སོའི་བསམ་ཚུལ་ཆ་ཚང་ལབ་ཐུབ་ཀྱི་མེད། ་་་ ང་ཚོ་ལ་ཀློག་རྒྱུ་དང་འབྲི་རྒྱུ་ལ་སྐད་གཅིག་དང་། བཤད་རྒྱུ་ལ་སྐད་གཅིག་བྱས་ཏེ་་་ ང་ཚོའི་ཀླད་པ་ཁྲོན་པར་དཔེ་བཞག་ན་གཏིང་རིང་པོ་གཏན་ནས་མི་འདུག10 ཅེས་ཤར་ཡོ་རོབ་བཅས་ནས་ཡོང་བའི་མི་ཚོ་ལ་དཔེ་བྱས་ཏེ་རྒྱས་པར་བཤད་པ་འདི་དངོས་བདེན་ཞིག་ཏུ་མཐོང་། དེ་ལྟར་ཆགས་དགོས་པའི་རྒྱུ་མཚན་ནི། ཕ་མ་ཚོས་ཕྲུ་གུ་མཉམ་དུ་སྡོད་སྐབས་བོད་སྐད་དང་། ཨིན་སྐད་སོགས་སྐད་ཡིག་ག་འདྲ་བཀོལ་སྤྱོད་བྱས་ཀྱང་སྣང་མེད་ཐོག་མཉམ་བསྲེས་རྐྱང་རྐྱང་བཤད་པ་དང་། སྐད་ཡིག་གཙང་མའི་ལམ་ནས་བཤད་ཐབས་གང་ཡང་མ་བྱས་པ་འདིས། ཁྱོད་ཀྱི་སྙིང་ནས་བརྩེ་བའི་བུ་ཕྲུག་དེ་རྐང་ཚུགས་པའི་སྐད་ཡིག་གང་ཡང་མ་ཤེས་པར། བོད་པར་ཐུག་ན་བོད་སྐད་བཤད་རྒྱུའི་སྤོབས་པ་མི་ལྡན་པ་དང་། གོ་བརྡ་ཡང་མི་འཕྲོད་པར་དགོངས་དག་དང་། དགོངས་དག་ཅེས་ཡང་ཡང་ལབ་དགོས་མཁན་ཞིག་དང་། ཨིན་ཇི་ཞིག་ལ་ཐུག་ན་ཨིན་སྐད་གཙང་མས་གོ་བརྡ་མི་འཕྲོད་པར་འེ་དང་། འེ་ཞེས་ལྷག་མི་དགོས་པ་དང་། ཡང་ན་ (sorry sorry) ཞེས་ལབ་དགོས་པ་ཞིག་ཆགས་དགོས་པའི་རྒྱུ་རྐྱེན་ཆེན་པོ་ཞིག་འདི་ཉིད་ལ་ཐུག་ཡོད། དེའི་ཕྱིར་ཁྱོད་ཀྱིས་སྙིང་ནས་བརྩེ་བའི་བུ་ཕྲུག་དེ་ཉིད་འདི་འདྲར་མི་བསྒྱུར་བ་ནི་ཕ་མས་ཕ་སྐད་གཙང་མ་བཤད་རྒྱུ་ནི་གནད་འགག་དང་འགན་བབ་ཆེ་ཤོས་ཤིག་ཡིན་ལ། ལོ་ན་དགུ་བརྒལ་ཟིན་པ་དག་གིས་སོ་སོས་སྦྱངས་པའམ་ཤེས་པའི་སྐད་ཆ་ལ་ནོར་བཅོས་བྱེད་མི་དགོས་པར་ཕྲུ་གུ་སོ་སོའི་བསམ་པའི་དོན་རྣམས་བོད་སྐད་ཐོག་བཤད་རྒྱུར་དཀའ་ངལ་མེད་པ་ཞིག་བཟོ་རྒྱུ་འདི་བོད་ཀྱི་ཕ་མ་ཞིག་གིས་ཕྲག་ལ་བབས་པའི་གལ་ཆེའི་དོན་ཞིག་ཆགས་ཡོད།

སྡེ་ཚན་གསུམ་པ། དགེ་རྒན་སྐོར།

དགེ་རྒན་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་སློབ་གྲྭར་ཤེས་ཡོན་ཡར་རྒྱས་མི་ཡོང་བའི་སྐྱོན་ཆ་ཡོད་ཚད་འགེལ་ས་ཤིག་དང་། ལྷག་པར་ཕ་མ་དང་། སློབ་མ། འཛིན་སྐྱོང་། སྤྱི་ཚོགས་ཀྱི་མི་སྣ་ཡོད་ཚད་ཀྱིས་ཕྱི་རྒྱལ་དགེ་རྒན་གྱི་ལེགས་ཆ་དང་། བོད་སློབ་དགེ་རྒན་གྱི་ཞན་ཆ་བསྡུར་ཏེ་སྐྱོན་ཆ་རྐྱང་རྐྱང་གླེང་བཞིན་པའི་དུས་འདིར། ང་ཚོ་དགེ་རྒན་དག་ལ་སྤྱི་ཚོགས་ཀྱིས་ལྟ་སྟངས་དམན་པ་དང་། གཞུང་དང་སློབ་གྲྭའི་འཛིན་སྐྱོང་གིས་རྒྱབ་སྐྱོར་ཞན་པ།11 སློབ་མས་སྤྱོད་པ་སློག་ས་ལྟ་བུར་གྱུར་ཏེ། སོ་སོའི་མི་ཚེའི་ནང་ཡོད་ཚད་སྟོང་པར་གྱུར་སོང་བའི་ཚོར་སྣང་སྐྱེ་བ་དང་། དགེ་རྒན་མང་པོ་ཞིག་ལ་ཡིད་མ་རངས་པའི་ངུ་ངག་ཡང་ཡང་འབྱུང་སྲིད་ཀྱང་། སོ་སོར་སྐྱོན་ཆ་མེད་པ་ཞིག་ཏུ་གཏན་ནས་ངོས་འཛིན་མི་རུང་ལ། སོ་སོ་སྤྱི་ཚོགས་ཡར་རྒྱས་ཀྱི་སྣེ་ཁྲིད་པའི་འགན་ཁུར་འདི་དུས་ནམ་ཡང་བརྗེད་མི་རུང་པ་ཡིན། སོ་སོའི་འགན་བབ་དང་སློབ་མའི་གནས་རིམ་མི་འདྲ་བས་འགན་འཁྲི་ཡང་མི་འདྲ་བ་ཡོད་པ་དྲན་དགོས་ལ། ངེས་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ།
༠༡༽ ངས་སྔོན་འགྲོ་དང་པོའི་སློབ་མ་ནས་འཛིན་རིམ་གསུམ་པ་བར་གྱི་དགེ་རྒན་སྐོར་བཤད་རྒྱུ་ཡིན། འདིའི་ཐད་ཕྱི་ལོ་༢༠༠༨།༨།༡༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གཞི་རིམ་འོག་མའི་དགེ་རྒན་སྐོར་གཅིག་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བཞི་པའི་ཐོག་སྩལ་བའི་བཀའ་སློབ་ནང་། སྤྱིར་བཏང་དེང་རབས་ཚན་རིག་གམ་ང་ཚོའི་ཤེས་ཡོན་སྲིད་བྱུས་འདིའི་ནང་སྔོན་འགྲོ་དང་དམའ་རིམ་འཛིན་གྲྭའི་དགེ་རྒན་རྣམས་དགེ་རྒན་གྱི་སྤྱི་ཚོགས་ནང་ནས་གལ་ཆེ་ཤོས་སུ་བརྩི་ཞིང་། དེ་སྐབས་ཀྱི་དགེ་རྒན་རྣམས་གནས་ཚུལ་གསར་པ་ངོ་སྤྲོད་དང་ལན་བསྐྱལ་བ་ཙམ་མིན་པར་ཕྲུ་གུའི་བསམ་བློ་དང་ལུས་ཀྱི་འཚར་ལོངས་གཉིས་ཀར་མཉམ་རུབ་བྱེད་མཁན་གྱི་བློ་མཐུན་པ་ཞིག་ཆགས་ཡོད།12 ཞེས་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་ཚོར་གདེང་འཇོག་དང་འགན་བབ་གསལ་བར་གསུངས་པ་ལྟར། དགེ་རྒན་འདི་དག་ནི་སློབ་མ་ཚོས་སློབ་སྦྱོང་ལ་དགའ་ཞེན་བྱུང་དང་མི་འབྱུང་གི་རྩ་བ་ལྟ་བུ་ཞིག་ཡིན་པས་དགེ་རྒན་ནང་ནས་གལ་ཆེ་ཤོས་ཤིག་ཡིན་པ་མ་ཟད། འགན་བབ་ཀྱང་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། སློབ་ཕྲུག་ཚོ་ལ་མཚོན་ན་ཡང་དགེ་རྒན་འདི་དག་བཀའ་དྲིན་ཆེ་ཤོས་དང་། སོ་སོའི་ཀླད་པ་ཤེས་ཡོན་ཕྱོགས་སུ་བློ་སྒོ་འབྱེད་མཁན་གལ་ཆེན་ཞིག་དང་། ཕ་མ་སློབ་སྦྱོང་མེད་མཁན་ཚོའི་ཕྲུ་གུ་ཡིན་ན་ཀླད་པ་ཤེས་ཡོན་ཕྱོགས་སུ་སྒོ་མོ་འབྱེད་མཁན་དང་པོ་དེ་ཡིན་སྟབས། དགེ་རྒན་འདི་དག་གིས་སློབ་མ་ཚོར་གཙོ་བོ་སྐད་ཡིག་གང་བསླབས་ཀྱང་སྐད་ཡིག་དེ་དག་ཀློག་ཡག་ལ་སེམས་ཁྲལ་མེད་པ་ཞིག་དང་། ཀློག་དོན་གང་མཚམས་གོ་ཐུབ་པ། ཡི་གེ་འབྲི་ཀློག་ལ་དགའ་ཞེན་ཡོད་པ། སློབ་མ་ཚོའི་ཡིད་ལ་དྲན་པ་རྣམས་ནོར་འཕྲུལ་ཤོར་བར་དོགས་ནས་དངངས་སྐྲག་མི་སྐྱེ་བར། གང་བསམ་པ་ངག་ནས་བཤད་ཐུབ་མཁན་དང་། ཡིག་ནོར་ལ་སྐྲག་ནས་མི་སྡོད་པར་ལག་ནས་གང་བསམ་འབྲི་མཁན་ཞིག་བཟོ་རྒྱུ་འདི་ཤིན་ཏུ་ནས་གལ་ཆེ་བ་ཡིན།
འདི་ནི་ཕ་མ་དང་གཞི་རིམ་འོག་མའི་དགེ་རྒན་དག་གི་ཐད་ཀར་འགན་བབ་ཅིག་ཆགས་ཡོད། དེ་ལྟར་མ་བྱུང་ན་སློབ་མ་དེ་དག་གི་མི་ཚེའི་ནང་སོ་སོའི་ཤེས་ཡོན་གྱིས་རང་མགོ་ཐོན་ཐུབ་པའི་མི་ཞིག་ཆགས་རྒྱུར་ཤིན་ཏུ་དཀའ། དཔེར་ན། རྩིག་རྨང་མེད་པའི་ཁང་པར་ཐོག་བརྩེགས་མཐོ་པོར་རྒྱག་འདོད་པ་ལྟར་གྱུར་སོང་བ་རེད། དེ་འདྲའི་སློབ་མ་དེ་ཉིད་འཛིན་རིམ་གོང་ནས་གོང་དུ་སླེབས་སྐབས་ཡི་གེ་འབྲི་ཀློག་གཉིས་ཀ་བསྐྱར་དུ་སྦྱོང་དགོས་པ་མ་ཟད། སོ་སོའི་སྐབས་བབ་སློབ་དེབ་ནང་གི་སློབ་ཚན་མང་པོ་ཡོད་སྟབས། སྦྱོང་ཚན་མང་དྲགས་པ་དང་བསྐྱར་སྦྱོང་བྱེད་མ་ཐུབ་པས་སོ་སོས་སློབ་སྦྱོང་བྱ་རྒྱུར་སྤྲོ་སྣང་དང་དགའ་ཞེན་བརླག་སྟེ་མི་ཚེ་འཕྲོ་བརླག་འགྲོ་བའི་འགོ་ཚུགས་བཞིན་ཡོད།
༠༢༽ སྔོན་གྱི་སློབ་ཁྲིད་བྱེད་སྟངས་དང་ཆ་མཚུངས་པར་ཅུང་ཙམ་བཤད་ཐབས་བྱས་ན། ཕྲུ་གུར་སློབ་ཁྲིད་ཀྱི་ཐོག་མ་ནི་བུ་བཅོལ་ཁང་གི་དགེ་རྒན་ནས་འགོ་འཛུགས་ཀྱི་ཡོད། དེ་ནས་བཟུང་ཐོག་མར་བོད་སྐད་བཤད་སྟངས་དང་། སྔོན་འགྲོ་དང་པོ་ནས་གསལ་བྱེད་ཀ་ནས་ཨ་བར་གྱི་ཡི་གེ་རྣམས་ཀྱི་སྐྱེ་གནས་ཀྱི་རིམ་པ་མ་ནོར་པར་སྒྲ་གདངས་དག་པ་ཞིག་སློབ་དགོས། དེ་ལྟར་མ་བྱུང་ན། ཕྲུ་གུ་དེ་བོད་ཡིག་གི་དག་སྡེབ་ཡག་པོ་ཞིག་འབྲི་མི་ཤེས་པའི་དཀའ་ངལ་གྱི་མགོ་དེ་ནས་བཙུགས་པ་རེད། དེའི་རྗེས་གསལ་བྱེད་རྐྱང་པའི་དོན་སྟོན་མཁན་ར་དང་། ལ། ས། མ་སོགས་ཀྱི་རིགས་དང་། ཡང་། ཀ་བ་དང་། ད་ར། ལ་ཁ། ན་བ་སོགས་ཚིག་གྲོགས་ལྡན་པའི་རྐྱང་པའི་རིགས་རྣམས་གསལ་བྱེད་ཀྱི་གོ་རིམ་དང་འབྲེལ་ནས་དག་པར་བསླབ་པ། དེ་རྗེས་རིམ་བཞིན་གསལ་བྱེད་རྣམས་དབྱངས་དང་འབྲེལ་ནས་ཀློག་སྟངས་དག་པར་བསླབས་པ། འཛིན་རིམ་དང་པོ་ནས་མགོ་ཅན་གསུམ་དང་། འདོགས་ཅན་བཞི་བཅས་སྦྱོར་ཚུལ་ལེགས་པར་བསླབས་ཏེ་སྦྱོར་ཀློག་ཡག་པོར་ཆགས་པའི་གཞི་ཡང་དག་པ་ཞིག་འཛུགས་ཐུབ་པ་བྱེད་དགོས། དེ་ནས་སློབ་མ་ཚོའི་ཡི་གེ་སྦྱོར་ཀློག་ཡང་ཡང་བྱས་ན་ཀློག་དོན་གོ་བ་ལེན་ཐུབ་པས་ཕྲུ་གུའི་བསམ་བློ་ཤེས་ཡོན་ཕྱོགས་སུ་འགྲོ་བའི་ལམ་སྣེ་ཟིན་པ་དང་ཁྱད་ཅི་ཡོད། དུས་འདི་ནས་འཛིན་རིམ་བཞི་པ་བར་ཀློག་པ་དང་གོ་དོན་རག་ཐབས་ལ་གཙོ་བོ་ཤུགས་སྐྱོང་བ་དང་། བོད་ཡིག་ལ་དབུ་ཅན་དང་དབུ་མེད་གཉིས་ཡོད་པ་ལས་འབྲི་ཡག་དབུ་མེད་ཀྱི་ལམ་ནས་འབྲི་རུ་བཅུག་རྒྱུ་དང་། བཀླག་རྒྱུ་དབུ་ཅན་ཁོ་ན་ཀློག་ཏུ་འཇུག་དགོས་པ་ནི་དུས་རབས་དང་མཐུན་པའི་སྐད་ཡིག་སྦྱོང་སྟངས་ཤིག་ཆགས་པར་སྙམ།
འདིའི་ཐད་ང་ཚོ་སློབ་གྲྭའི་སྤྱི་ཚོགས་ནང་བོད་ཡིག་སློབ་རིམ་ཡ་མཚན་པ་ཞིག་ལ། འཛིན་རིམ་གསུམ་པ་མ་སླེབས་པར་དབུ་མེད་ཁོ་ནར་བསླབས་ཏེ། འཛིན་རིམ་གསུམ་པར་བསྐྱར་ཏུ་བོད་ཡིག་གསར་པ་ཞིག་སྦྱོང་དགོས་པ་ལྟར། དབུ་ཅན་སློབ་བཞིན་པ་འདི་སློབ་མ་ཚོར་བོད་ཡིག་སྦྱོང་འདོད་བརླག་པའི་གཞི་ཆེ་ཤོས་ཤིག་ཆགས་ཡོད། ངས་བསམ་ན་ཐབས་ལམ་འདི་ནི་ཤིན་ཏུ་ནས་ནོར་ཚབས་ཆེ་བ་ཞིག་རེད། དཔེར་ན། འཛམ་གླིང་སྐད་ཡིག་དང་པོར་ངོས་འཛིན་པའི་ཨིན་ཇིའི་སྐད་ཡིག་སློབ་སྐབས་ཡིག་ཆེན་དང་ཡིག་ཆུང་མཉམ་ནས་མཉམ་དུ་སློབ་པ་ལས་ལོ་མང་པོར་སོ་སོར་བསླབས་པའི་དཔེ་མཚོན་ཙམ་ཡང་བཀོད་རྒྱུ་དཀའ། དེའི་ཕྱིར། དཔེ་འདི་ལ་བསམ་ནས་དབུ་མེད་དང་དབུ་ཅན་གཉིས་ངོ་སྤྲོད་མཉམ་དུ་བྱས་ཏེ། གོང་ཞུས་ལྟར་སློབ་མ་ཚོར་བཀླག་རྒྱུ་ཡོད་ཚད་དབུ་ཅན་སྟེང་དུ་ཀློག་ཏུ་འཇུག་པ་དང་། བྲི་རྒྱུ་ཡོད་ཚད་དབུ་མེད་ཐོག་ཏུ་འབྲི་རུ་བཅུག་ན་སློབ་མ་ཚོས་ཆུང་ཆུང་སྐབས་ནས་མང་པོར་བཀླགས་ཟིན་པས་ཡི་གེ་ཀློག་བདེ་བ་དང་། བཀླགས་ན་དོན་གོ་བ། ཀློག་རྒྱུར་དགའ་ཞེན་སླེབས་པ་སོགས་ཕན་པ་ངེས་ཅན་ཞིག་ཡོད་པར་སྙམ།
ངས་བཤད་པ་འདི་དག་གཞི་མེད་པར་སྟོང་བཤད་བྱེད་ཀྱི་མེད། དེ་སྔོན་སོ་སོས་འཛིན་རིམ་གསུམ་པར་དབུ་ཅན་གསར་དུ་སློབ་སྐབས་སློབ་མ་བུ་མོ་ཞིག་གིས། བོད་ཡིག་གཉིས་སྦྱང་འདོད་མེད། ང་རང་གིས་ཤེས་པའི་བོད་ཡིག་འདི་རང་བསླབ་རོགས། ཞེས་ངུ་བཞིན་ཨུ་ཚུགས་ཀྱིས་ལབ་བྱུང་། ངས་བོད་ཡིག་གཉིས་མ་རེད་བཟོ་ལྟ་མ་འདྲ་བ་ཙམ་རེད། ཞེས་ཡང་ཡང་ལབ་ཀྱང་ཉན་འདོད་མེད་པས་རྣམ་འགྱུར་བསྟན་སོང་། རྗེས་ནས་བུ་མོ་དེ་སློབ་གྲྭར་མཐོང་རྒྱུ་མེད་པར་ཐོན་ཕྱིན་པ་འདྲ། གཞི་ནས་བསམ་བློ་ཞིག་གཏོང་དུས་དོན་དེར་གོ་རྒྱུ་ཆེན་པོ་དང་སློབ་ཕྲུག་ཚོ་ལ་ཁག་མེད་པར། སློབ་དེབ་ནང་གི་བཤད་རིམ་དེ་ནོར་བ་ཞིག་ཏུ་མཐོང་བཞིན་འདུག དེའི་ཕྱིར་དོན་གནད་འདི་ལ་བསྐྱར་ཞིབ་ཅིག་དགོས་པ་གལ་ཆེན་པོ་ཆགས་འདུག་པས་བསམ་ཚུལ་ཙམ་ཞུས་ཡོད།
གཞན་ཡང་། བོད་ཀྱི་ཡིག་གཟུགས་སློབ་སྐབས་དང་པོ་ཚུགས་རིང་དང་། དེ་ནས་ཚུགས་ཐུང་། ཚུགས་མ་འཁྱུག འཁྱུག་ཡིག་བཅས་རིམ་བཞིན་སྦྱོང་དགོས་པའི་རིམ་པ་འདི་ཉིད་ཡིག་གཟུགས་ལ་ཆེད་ལས་སྦྱོང་མཁན་ཞིག་ལ་སློབ་སྦྱོང་སྤྲོད་སྟངས་ཀྱི་རིམ་པ་ཞིག་ཡིན་སྲིད་པ་ལས། སློབ་མ་ཐམས་ཅད་ལ་སྦྱོང་དུ་བཅུག་པ་ནི་ཏན་ཏན་ནོར་བ་ཞིག་རེད། རྒྱུ་མཚན་ནི། སློབ་མས་བོད་ཀྱི་ཡིག་གཟུགས་སྣ་ཁ་རེ་ལ་ལོ་གསུམ་ནས་བཞིའི་བར་སྦྱངས་རྗེས་བསྐྱར་དུ་ཡིག་གཟུགས་གསར་པ་ཞིག་ལ་འཇུག་དགོས་པས་སློབ་མ་ཚོ་ལ་ཡིག་གཟུགས་ཡག་པོ་ཞིག་གང་ནས་ཡོང་། དེ་ཡོང་དགོས་ན་གོང་དུ་བཤད་པ་བཞིན་བཀླག་རྒྱུ་དབུ་ཅན་ཁོ་ན་དང་། བྲི་རྒྱུ་དང་པོར་ཚུགས་རིང་ལོ་ཤས་རིང་འབྲི་རུ་བཅུག་རྗེས་འཛིན་རིམ་དང་པོ་དང་གཉིས་པ་ནས་ཚུགས་མའཁྱུག་རང་དུ་ལོ་མང་རིང་ཤུགས་རྒྱག་ཏུ་བཅུག་ན་ཡིག་གཟུགས་ཀྱི་དཀའ་ངལ་ཆུང་དུ་གྱུར་ཏེ། འཛིན་རིམ་མཐོ་རུ་ཕྱིན་སྐབས་ཡིག་གཟུགས་སྤུས་ལེགས་རྐྱང་རྐྱང་མ་ཆགས་ཀྱང་ཡིག་ངོ་ཤེས་རྒྱུར་དཀའ་ངལ་མེད་པར་ཀློག་བདེ་བ་ཞིག་འབྲི་ཐུབ་ངེས་ཡིན། འདི་ནི་སློབ་མ་ཚོས་མ་འོངས་པར་བོད་ཡིག་སློབ་སྦྱོང་ལ་དགའ་ཞེན་དང་སྤོབས་པ་རྒྱས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་དགོས་སོ།། ཚིག་ཚོགས་མང་བར་དོགས་ནས་རྩོམ་ཡིག་འདི་ནས་མཇུག་བསྡུས་ཡོད།

མཇུག་བསྡུ་བའི་གཏམ།

༠༡ རྩོམ་ཡིག་འདི་འབྲི་སྐབས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཏོག་དབྱིབས་རིམས་ནད་ཀྱིས་གཞན་དབང་དུ་གྱུར་ཏེ། ཡོད་ཚད་སྒོ་རྒྱ་བསྡམས་པའི་བཀའ་རྒྱའི་འོག་ཏུ་གནས་དགོས་སྟབས་དཔེ་མཛོད་ཁང་དང་། དཔེ་ཁང་ཁག་ཡོད་ཚད་སྒོ་བརྒྱབ་ནས་དཔྱད་དེབ་ཉུང་ཤེས་ཙམ་ལས་མ་རག་པ་དང་། བོད་ཀྱི་བྱིས་པའི་སྡོད་གནས་བུ་གསོ་ཁང་གང་དུ་ཡང་འགྲོ་མི་ཆོག་པ། སྤྱིར་རང་ཉིད་བོད་ཀྱི་སྐད་ཡིག་ལ་སྦྱངས་པ་དམན་པ། སྔོན་དུ་བརྗོད་གཞི་འདིའི་སྐོར་ལ་ཉམས་མྱོང་ཞན་པ། རང་དེབ་ཡོད་ཚད་རྒྱ་གར་དུ་བཞག་སྟེ་བལ་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་སྐབས་སུ་ཁེལ་བ་བཅས་ལ་བརྟེན་ནས་རྩོམ་ཡིག་ཡག་པོ་ཞིག་འབྲི་ཐབས་བྲལ་སོང་བས་ཀློག་པ་པོ་རྣམས་ལ་དགོངས་དག་ཞུ་རྒྱུ་ཡིན།
༠༢ རྩོམ་ཡིག་འདི་འབྲི་སྐབས་དེབ་གཡར་མཁན་རྣམས་ལ་མིང་འདོན་མི་དགོས་པར་ཡོད་ཚད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དྲ་རྒྱའི་མཐུན་སྦྱོར་གནང་མཁན་དང་། རྩོམ་ཡིག་འདིའི་སྐོར་ལ་དགོངས་ཚུལ་གསུང་མཁན་རྣམ་པ་བཅས་གང་ཅིའི་ཐད་ནས་རོགས་པ་གནང་མཁན་གྲོགས་ཕོ་མོ་རྣམས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེང་རྩོམ་ཡིག་འདི་ཉིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་དང་བཅུ་གསུམ་བཞུགས་ཐུབ་པའི་སྨོན་འདུན་དང་བཅས་ཏེ་ཤོག་གྲངས་བཅུ་གསུམ་ལ་མཇུག་བསྡུས་ཡོད། འཛིན་རིམ་བཞི་པ་ནས་བཅུ་གཉིས་བར་གྱི་སློབ་སྦྱོང་སྐོར་སོ་སོའི་བསམ་ཚུལ་ནི་དུས་ཚོད་ཀྱིས་རྐྱེན་པས་འབྲི་ཐབས་བྲལ་སོང་བས་གོ་སྒྲིག་གནང་མཁན་རྣམས་ལ་བཟོད་གསོལ་ཞུ་རྒྱུ་ཡིན།
མཆན།


1 གངས་ཅན་མི་རིགས་ཞེས་པ། བོད་པ་དང་། འབྲུག་པ། རྒྱ་གར་ནང་གི་ཧི་མ་ལ་ཡའི་མི་རིགས། བལ་པོའི་ནང་གི་ཧི་མ་ལ་ཡའི་མི་རིགས། བྷར་དྷིའི་མི་རིགས་སོགས་བོད་དང་ཁྲག་རྒྱུན་གཅིག་པའི་མི་རིགས་སྤྱི་ལ་ཟེར།
2 བཀའ་སློབ་སྙིང་གི་ནོར་བུ་ཚན་པ་༡༠༤ ནང་གསལ།
3 ཆེད་བརྗོད་རྩོམ་ཡིག་ཅེས་པ་རྣ་བར་ཐོས་པ་དང་པོར་ཡིན་པས་རྩོམ་ཡིག་འབྲི་ཐབས་དེའི་ཁྱད་ཆོས་གང་དགོས་གསལ་པོར་མ་ཤེས་ཀྱང་བསམ་པ་དག་ཐད་ཀར་བྲིས་ཡོད།
4 ཤེས་ཡོན་སྐོར་གྱི་བཀའ་སློབ་པོད་ ༡ ཕྱི་ལོ་༢༠༠༠།༤།༥ ཉིན། བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་འགྲེམས་སྤེལ་ཞུས། ཤོག་ངོས་ ༡ ནང་གསལ།
5 ཟམ་གདོང་རིན་པོ་ཆེ་བཀའ་ཤག་སྐབས་བཅུ་གསུམ་པའི་སྐབས་སྩལ་བ་གསུང་བཤད་དང་གསུང་ལན་གལ་ཆེ་ཁག་ཕྱོགས་བསྡུས། VOL 4 བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་། ༢༠༠༨ ཕྱོགས་སྒྲིག་པ་དང་ཞུ་སྒྲིག་པ། བསྟན་འཛིན་དོན་ཡོད། ཤོག་གྲངས་ ༡༠ ནང་གསལ།
6 ཟམ་གདོང་རིན་པོ་ཆེ་བཀའ་ཤག་སྐབས་བཅུ་གསུམ་པའི་སྐབས་སྩལ་བ་གསུང་བཤད་དང་གསུང་ལན་གལ་ཆེ་ཁག་ཕྱོགས་བསྡུས། VOL 4 བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་། ༢༠༠༨ ཕྱོགས་སྒྲིག་པ་དང་ཞུ་སྒྲིག་པ། བསྟན་འཛིན་དོན་ཡོད། ཤོག་གྲངས་ ༡༢ ནང་གསལ།
7 ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས་གོ་སྒྲིག་འོག་ཕྱི་ལོ་༢༠༡༦།༧།༥ ཉིན་བྱིས་པའི་འབྲི་ཀློག་ཡར་རྒྱས་གཏོང་ཐབས་སྐོར་ཕ་མར་ཟབ་སྦྱོང་། སྡེ་ཚན་༢ ནང་གསལ། དྲ་ལམ་ youtube ནས་བཤུས།
8 དོན་འདི་ཁོང་རྣམ་པ་གཉིས་ཀྱི་གསུང་པ་ཚིག་སྒྲུབ་ཀྱི་གོ་རིམ་ལྟར་བྲིས་མེད་ཀྱང་། ཚིག་དོན་ལ་ཕལ་ཆེར་འགྱུར་བ་མེད་པར་བཀོད་ཡོད།
9 ཁོང་གིས་གསུངས་པའི་དོན་རྣམས་བྲིས་པ་ལས་ཚིག་འགྲོས་ལྟར་བྲིས་མེད།
10 ཤེས་ཡོན་ཐད་གཞོན་སྐྱེས། Youth on education A panel discussion ཞེས་པའི་ཁ་བྱང་ཐོག་དྲི་བ་དྲིས་ལན་དེ་ཡུ་ཊུབ་དྲ་བརྙན་ youtobe ནས་དོན་བཤུས་བྱས།
11 གཞུང་དང་སློབ་གྲྭའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཞན་པ་ཞེས་པ་ནི། རྒྱབ་སྐྱོར་གཏན་ནས་མི་འདུག་ཞུ་རྒྱུ་མིན། དེ་ཡང་དགེ་རྒན་སོ་སོའི་སློབ་ཚན་དང་འབྲེལ་བའི་དེབ་ཀྱི་རྒྱབ་སྐྱོར་ཞན་པ་དང་། དགེ་རྒན་དང་སློབ་མའི་བར་དུ་འབྲེལ་ལམ་བཟང་པོར་ཡོང་ཐབས་ཀྱི་རྒྱབ་སྐྱོར་ཞན་པ། ཉིན་རེའི་སློབ་ཚན་གྲ་སྒྲིག་བྱེད་ཕྱོགས་ཐད་དུས་ཚོད་དང་མཐུན་རྐྱེན་གྱི་རྒྱབ་སྐྱོར་ཞན་པ། ཉུང་མཐའ་ནས་ལོ་ངོ་བཅུ་རེའི་བར་དུ་སློབ་གྲྭ་ཡོངས་སུ་སློབ་སྦྱོང་ཡར་རྒྱས་དང་ཉམས་རྒུད་གང་བྱུང་མིན་ཐད་སྙན་ཐོ་མེད་པ། དགེ་རྒན་གྱིས་ཁྲིད་ཐབས་གང་བྱས་ན་བཟང་བ་དང་གང་བྱས་ན་སྐྱོན་ཆ་ཡོད་མེད་ཀྱི་ཞིབ་འཇུག་སྙན་ཐོ་མེད་པ། ཁྲིད་ཐབས་རིག་པའི་གཞུང་ལུགས་སོགས་ཡིག་སྒྱུར་དང་དཔེ་དེབ་མཁོ་སྤྲོད་ཀྱི་རྒྱབ་སྐྱོར་མེད་པ་བཅས་ལ་བཤད་ཀྱི་ཡོད། འདི་དག་ནི་དགེ་རྒན་ཞིག་གིས་སློབ་ཁྲིད་ཡག་པོ་ཆགས་མི་ཆགས་ཀྱི་མིག་དཔེ་ལྟ་ས་གལ་ཆེན་ཞིག་ཡིན་པས་ངེས་པར་ཡོད་དགོས་པ་དང་མེད་ན་མི་འགྲིག་པ་ཞིག་རེད།
12 པ་སངས་ཚེ་རིང་གིས་གོ་སྒྲིག་གནང་བའི་ཤེས་ཡོན་ཐད་སློབ་སྦྱོང་དང་དྲ་ཐོག་གི་བགྲོ་གླེང་ཞེས་པའི་བརྙན་ཐུང་ཞིག་ནང་ནས་བླངས།