བསྟན་འཛིན་རང་གྲོལ།
འཛིན་གྲྭ་བཅུ་པ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།
དཔར་འགྲེམས་ཞུ་མཁན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས།
དེབ་ཀྱི་ནང་དོན་སྙིང་བསྡུས། ལོ་རྒྱུས་ཐོག་བོད་དེ་རྒྱ་མིའི་ཆ་ཤས་མིན་པ་ནི་བོད་མིས་བཤད་པ་ཙམ་མིན་པར། རྒྱ་ནག་གི་ལོ་རྒྱུས་ཡིག་ཚགས་ལས་ཀྱང་གསལ་རྟོགས་ཐུབ་ཀྱི་ཡོད། རྒྱ་ནག་གིས་བོད་ཡུལ་བཙན་བཟུང་བྱས་པ་ནས་བཟུང་། ད་ལྟ་བར་གཞིས་ལུས་བོད་མི་རྣམས་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་ཉིན་མཚན་མེད་པར་དཀའ་སྡུག་གིས་མནར་བཞིན་ཡོད། བོད་མིས་རྒྱ་ནག་མཉམ་དམག་འཐབ་བྱེད་མ་ཐུབ་པ་ནི་གཙོ་བོ་མི་འབོར་དང་དམག་འཐབ་མཚོན་ཆ་ལེགས་ཉེས་ཀྱི་ཧེ་བག་ཡིན། འོན་ཀྱང་། བདེན་པ་ནི་བོད་མིར་ཡོད་པས་བདེན་པའི་ཐབས་ཇུས་ལ་བརྟེན་ནས་བོད་མིའི་རང་དབང་རྩོད་ལེན་བྱེད་དགོས་པ་རེད། དེ་ནི་དབུ་མའི་ལམ་གྱི་སྲིད་ཇུས་སམ་ཐབས་ཇུས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་ཐབས་ལམ་བསྟན་འདུག
དེབ་བཀླགས་པའི་མྱོང་ཚོར། དེབ་འདིའི་ནང་བོད་ཀྱི་ལོ་རྒྱུས་དང་། ས་ཆའི་གནས་སྟངས་སོགས་ངོ་སྤྲོད་བྱས་འདུག་པས་བོད་ཡུལ་སྐོར་ཤེས་འདོད་ཡོད་ན་དངོས་གནས་ཕན་ཐོགས་ཆེན་པོ་འདུག ལྷག་དོན་དུ་“འབར་བཞིན་པའི་བོད།”ཅེས་པའི་ལེའུ་དེའི་ནང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རང་ལུས་མེར་སྲེག་གཏོང་མཁན་བརྒྱ་དང་ལྔ་བཅུ་ལྷག་བྱུང་འདུག་པ་དེ་དག་ནི་ང་ཚོའི་དཔའ་བོ་རེད་ལ། བོད་སྲུང་སྐྱོབ་བྱེད་མཁན་གྱི་བློ་སྟོབས་ཅན་གྱི་དཔའ་བོ་རེད། ང་ལ་ཁོ་ཚོ་ནང་བཞིན་རང་ལུས་མེར་སྲེག་གཏོང་ཐུབ་པའི་སྙིང་སྟོབས་དང་བློ་ཁོག་དེ་མེད་ལ། དེ་དག་བརྙན་འཕྲིན་སོགས་ནས་མཐོང་དུས་ང་རང་གང་ཡང་བྱེད་མ་ཐུབ་པའི་སློབ་མ་ཕལ་བ་ཞིག་ཡིན་པ་ཚོར་བྱུང་།
ཚིག་གསར། ཡུལ་གྲུ སྲོག་བསྡོས། སྒྲོ་སྐུར། ཞིང་གཤེགས། ཁྲིམས་བཤེར།
འཁྲབ་སྟོན་པ་ཆར་ལིས་ཆབ་ལིན།
རྩོམ་པ་པོ། པཱཐི་ཁཱ་བྷིརན་ཌི་མཱཐ། (Patricia Brennan Demuth) བོད་སྒྱུར་བ། བསྟན་འཛིན་གངས་དཀར། ཉི་མ་འཚོ།
སྒྲུང་གི་ནང་དོན་སྙིང་བསྡུས། ཆར་ལིས་ཆབ་ལིན་ནི་ལོན་ཌོན་དུ་སྐྱེས་ཤིང་། ཕ་མ་གཉིས་ཀ་གཞས་དང་འཁྲབ་སྟོན་པ་དེ་འདྲ་ཡིན་པའི་ཁྱིམ་ཚང་གི་བུ་ཕྲུག་ཞིག་རེད། ཁོའི་ཨ་མ་གཞས་གཏོང་མཁན་དང་། པཱ་ལགས་ནི་གཞས་ཚིག་རྩོམ་མཁན་དང་འཁྲབ་སྟོན་པ་སྐད་གྲགས་ཅན་ཞིག་རེད། རྗེས་སུ་པཱ་ལགས་གྲོངས་ནས་ཨ་མས་གཞས་གཏོང་མཚམས་བཞག་ནས་བུ་ཕྲུག་རྣམས་གསོ་དགོས་པའི་དཀའ་ངལ་ཅན་གྱི་ཁྱིམ་ཚང་ཞིག་ཏུ་གྱུར། ཉིན་ཞིག་མི་ཞིག་གིས་ཆར་ལིས་ཆབ་ལིན་ལ་འཁྲབ་སྟོན་འཁྲབ་རྒྱུའི་གོ་སྐབས་ཤིག་སྤྲད་པས་ཁོས་མི་མང་རྣམས་ཧང་སང་དགོས་པ་བཟོས། དེ་ནས་བཟུང་ཉི་མ་དང་ཟླ་བ་བྱས་ནས་འཁྲབ་སྟོན་བྱས་པས་སྙན་གྲགས་ཆེན་པོ་ཞིག་ཏུ་གྱུར།
སྒྲུང་དེབ་བཀླགས་པའི་མྱོང་ཚོར། ཆར་ལི་ཆབ་ལིན་གྱི་ནང་མིའི་འཚོ་བ་ཇེ་སྐྱོ་ནས་ཇེ་སྐྱོར་འགྲོ་དུས་ཁོས་སློབ་གྲྭར་འགྲོ་མཚམས་བཞག་ནས་རང་གི་ནུས་རྩལ་སྟོན་ནས་འཁྲབ་སྟོན་བྱས། ཁོའི་འཁྲབ་སྟོན་ག་རེ་བལྟས་ཀྱང་གད་མོ་མ་ཤོར་བ་ཞིག་མེད་པས་ང་རང་ཁོའི་འཁྲབ་སྟོན་བལྟ་རྒྱུར་དགའ་བོ་ཡོད། བྱས་ཙང་། མི་སོ་སོ་ལ་རང་བཞིན་གྱི་འཇོན་ཐང་ཞིག་དང་ཡང་ན་སྦྱངས་ནས་མཁས་པོ་ཆགས་པའི་འཇོན་ཐང་རེ་ཡོད། ང་ཚོས་སོ་སོའི་ནུས་པ་དང་འཇོན་ཐང་སྟོན་དགོས་དུས་ངེས་པར་དུ་སྟོན་དགོས། ངོ་ཚ་ནས་བསྡད་ན་དེ་ནི་མི་ཚེའི་ནང་གི་གྱོང་གུད་ཆེན་པོ་ཞིག་ཏུ་འགྱུར་གྱི་རེད་སྙམ་བྱུང་ངོ་།
རྒྱབ་གཟུགས།
རྩོམ་པ་པོ། ཀྲུའུ་ཙེ་ཆིང་།
སྒྲུང་གི་ནང་དོན་སྙིང་བསྡུས། ལོ་དེའི་དགུན་ཁ་རྨོ་མོ་ཚེ་ལས་འདས་ནས་ཕ་བུ་མཉམ་འཛོམས་ཀྱིས་ཁྱིམ་ནོར་བཙོངས་ནས་རྨོ་མོའི་འདས་མཆོད་བྱས་པ་དང་། འདས་མཆོད་བསྒྲུབས་རྗེས་པཱ་ལགས་ཡུལ་གཞན་དུ་ལས་ཀ་འཚོལ་བར་འགྲོ་བ་དང་། བུ་རང་ཉིད་སློབ་གཉེར་ཆེད་འགྲོ་དགོས་པས་མཉམ་དུ་ལམ་ལ་ཕྱིན་པའི་སྐབས། པཱ་ལགས་ཀྱིས་བུ་ལ་མེ་འཁོར་འབབ་ཚུགས་སུ་སྐྱེལ་སྐབས་བུས་པཱ་ཕའི་བརྩེ་སེམས་དང་། སེམས་ཁྲལ་གྱི་རྣམ་འགྱུར་སོགས་དྲན་པར་བྱས་འདུག་ལ། ལྷག་དོན་དུ་གཟུགས་སྟོབས་ཆེ་བའི་པཱ་ལགས་ཀྱི་རྒྱབ་གཟུགས་དེ་མིག་ལམ་དུ་གསལ་པོར་དྲན་པར་བྱས་འདུག
སྒྲུང་དེབ་བཀླགས་པའི་མྱོང་ཚོར། ཕ་མས་བུ་ཕྲུག་ལ་བྱམས་བརྩེ་ཆེ་བ་ནི་ཕ་མའི་རང་གཤིས་དང་། ལས་འགན་ཞིག་ཡིན་པས་རང་ཉིས་ཀྱི་བུ་ཕྲུག་ཆུང་ནས་ཆེན་པོ་མ་ཆགས་བར་དུ་ཕ་མས་སེམས་ཁྲལ་བྱས་ནས་བསྡད་ཀྱི་ཡོད། དེ་བཞིན་བུ་ཕྲུག་གིས་ཀྱང་ཆེན་པོ་ཆགས་དུས་ཕ་མའི་དྲིན་ལན་འཇལ་བ་དང་། བཀའ་དྲིན་ལ་བསམ་ཤེས་བྱེད་རྒྱུ་གལ་ཆེན་པོ་རེད། སྒྲུང་འདིའི་ནང་ཕ་དང་བུ་གཉིས་ཀྱི་བརྩེ་སེམས་དེ་རྒྱུ་ནོར་མང་ལོད་དང་། ཁྱིམ་ཚང་ཕྱུག་ལོད་མ་ཡིན་པར་དཀའ་ངལ་ལ་མཉམ་དུ་སེམས་འཁུར་བྱས་ཏེ་ཕ་བུའི་བརྩེ་སེམས་དེ་མཚོན་པར་བྱས་འདུག “ལུས་པོ་བདེ་ཐང་ཡིན་མོད། དཔུང་པ་ན་བས་ཐུར་མ་དང་སྨྱུ་གུ་འཛིན་མི་ཐུབ་པ་དང་། ཕལ་ཆེར་མི་ཚེ་མི་རིང་” ཞེས་པའི་པཱ་ལགས་ཀྱི་ཡི་གེ་ཀློག་སྐབས་བརྩེ་སེམས་ཀྱི་མིག་ཆུ་དབང་མེད་དུ་ཤོར་བ་དང་། པཱ་ལགས་ཀྱི་རྒྱབ་གཟུགས་དེ་ཡང་གསལ་ལྷང་ངེར་དྲན་འདུག
ཚིག་གསར། ཉམ་ཉེས། གཏའ་མ། སོམ་ཉི། བག་ཟོན། མངོན་ཆུང་། ཆུ་ཤེལ།
སའི་གོ་ལ་གཅིག་མ་གཏོགས་མེད།
ང་ཚོས་ཀློག་མྱོང་བའི་བོད་ཡིག་སློབ་ཚན་ཞེས་པ་ནས་བདམས།
སྒྲུང་གི་ནང་དོན་སྙིང་བསྡུས། སའི་གོ་ལ། མིའི་རིགས་ཀྱི་མ་ཡུམ་སྟེ་ཚེ་སྲོག་གི་འབྱུང་གནས་འདི་དེ་འདྲའི་མཛེས་སྡུག་ལྡན་ཞིང་བརྗིད་ཉམས་ཆེ་བ་དང་། རང་གཤིས་འཇམ་པོ་ཞིག་རེད། ང་ཚོའི་སའི་གོ་ལ་འདི་ཤིན་ཏུ་གཅེས་སུ་འོས་པ་ཞིག་ཡིན་ལ། གཏོར་སྐྱོན་འཕོག་སླ་བ་ཞིག་རེད། གལ་ཏེ་གཏོར་བཤིག་བཏང་ཚེ། ང་ཚོར་འགྲོ་ས་གཅིག་ཀྱང་མེད། གལ་ཏེ་སའི་གོ་ལའི་ཐོན་ཁུངས་སྣ་ཚོགས་ཟད་ཚེ། ང་ཚོས་གནས་གཞན་ཞིག་ནས་བླངས་ཏེ་ཁ་གསབ་བྱེད་ཐབས་མེད། བྱས་ཙང་། ང་ཚོས་ཐབས་ཤེས་གང་དྲགས་ཀྱིས་སའི་གོ་ལར་སྲུང་སྐྱོབ་བྱེད་དགོས་པ་དང་། སའི་གོ་སའི་སྟེང་གི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་བཤད་ཡོད།
སྒྲུང་དེབ་བཀླགས་པའི་མྱོང་ཚོར། ང་ཚོ་ཚང་མ་སའི་གོ་ལའི་སྟེང་དུ་འཚོ་ཞིང་གནས་པས་སའི་གོ་ལའི་མ་འོངས་པ་དེ་ང་ཚོའི་ལས་དབང་དང་དམ་དུ་འབྲེལ་ཡོད། ང་ཚོས་སའི་གོ་ལར་བདག་གཅེས་བྱེད་དགོས་པ་ལོས་ཡིན། སའི་གོ་ལ་གཅིག་མ་གཏོགས་མེད་པས་དེ་ལ་འབག་བཙོག་བཟོས་ནས་འཕྲོ་བརླག་བཏང་ན་ང་ཚོའི་ཁྱིམ་ཚང་གཏོར་བར་ལག་བཏང་དང་ཆ་རེད། བྱས་ཙང་། ཁ་དབུགས་གཙང་མ་དང་། ཚ་དྲོད་སྙོམ་པ། འབག་བཙོག་མེད་པའི་སའི་གོ་ལ་གཅིག་པོ་དེ་ང་ཚོའི་ཁྱིམ་ཚང་ལྟར་སྲུང་སྐྱོབ་བྱ་དགོས།
ཚིག་གསར། བསྣོལ། བརྗིད་ཉམས། གཏེར་རྫས། གནམ་བདག འཆར་ཡན།
ད་བར་དཔྱད་མཆན་མེད།