དགག་སྒྲུབ་རྩོམ་ཡིག

༡ དགག་སྒྲུབ་རྩོམ་ཡིག་གི་གོ་དོན།

ཇི་བཞིན་བརྗོད་པ་དང་གསལ་བཤད། དགག་སྒྲུབ་རྩོམ་ཡིག་བཅས་ནི་ཚན་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་བྱུང་བ་ཞིག་ཡིན། བོད་ལ་མཚོན་ན་དེང་རབས་རྩོམ་རིག་གི་བརྡ་ཆད་དུ་གཏོགས་པ་ཡིན། དེས་ན། དགག་སྒྲུབ་རྩོམ་ཡིག་ཅེས་པ་ཅི་འདྲ་ཞིག་ཡིན་ནམ་ཞེ་ན། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་ཁོངས་སུ་གཞན་ལུགས་དགག་པ་དང་རང་ལུགས་འཇོག་པ་ཞེས་པའི་རྩོམ་ཐབས་ཤིག་ཡོད་པ་དེ་དང་མཚུངས་པ་ཡིན། དེང་གི་སྐད་ཆ་ལྟར་བཤད་ན། དཔྱད་རྩོམ་ཟེར་བ་དེ་ཡིན། དཔྱད་རྩོམ་ཞིག་ཡིན་ཕྱིན་དགག་པའི་རིགས་ཤིག་མིན་ན་སྒྲུབ་པའི་ཕྱོགས་གཙོ་བོར་བྱེད་པ་དང། མཚམས་རེར་དགག་སྒྲུབ་ཟུང་འབྲེལ་གྱིས་འབྲི་བ་ཡིན། གང་ལྟར་དགག་སྒྲུབ་ཀྱི་ཆ་ཞིག་རང་བཞིན་གྱིས་ཡོད་པས་དཔྱད་རྩོམ་ཀྱི་རིགས་ལ་དགག་སྒྲུབ་རྩོམ་ཡིག་ཅེས་ནའང་མི་ཆོག་པ་མེད། འོན་ཀྱང། སྲོལ་རྒྱུན་རྩོམ་རིག་ལས་གཞན་ལུགས་དགག་པ་དང་རང་ལུགས་འཇོག་པ་ཞེས་པ་དེ་ནི་དཔྱད་རྩོམ་གང་རུང་གི་གྲུབ་ཆའི་ཆ་ཤས་ཤིག་ཡིན། དེར་བརྟེན། འདི་གཉིས་ལའང་ཁྱད་པར་ཅུང་ཡོད།
དགག་སྒྲུབ་རྩོམ་ཡིག་ནི་གནས་ལུགས་བརྗོད་པའི་དཔྱད་རྩོམ་གྱི་རིགས་་ཤིག་ཡིན་པས། དཔྱད་པ་ནི་དགག་སྒྲུབ་རྩོམ་ཡིག་གི་མཚོན་ཐབས་གཙོ་བོ་ཡིན། བྱ་དངོས་ཀྱི་གནས་ལུགས་ཐད་ཀར་མཚོན་པའམ། ཡང་ན། རྩོམ་པ་པོའི་ལྟ་ཚུལ་ལམ་འདོད་ཚུལ། གཞུང་ལུགས་སོགས་གང་ཡིན་ཡང་གསལ་པོར་བརྗོད་པ་ཞིག་ཡིན། དེ་བས། དགག་སྒྲུབ་རྩོམ་ཡིག་འདིའི་རིགས་ཀྱི་རྩ་བའི་ཁྱད་ཆོས་ནི་གནས་ལུགས་ཀྱིས་མི་སེམས་འགུག་རྒྱུ་དེ་ཡིན།
དགག་སྒྲུབ་རྩོམ་ཡིག་ཡོད་ཚད་ལ་དགག་པ་དང་སྒྲུབ་པ་གཉིས་ཆ་འཛོམས་དགོས་པའི་ངེས་པ་མེད། རྩོམ་ཡིག་ཁ་ཤས་སུ་སྒྲུབ་པ་གཙོ་བོར་བྱས་ཡོད་ལ། ལ་ལས་དགག་པ་གཙོ་བོར་བཟུང་ཞིང། གཞན་དག་གིས་དགག་སྒྲུབ་ཟུང་འབྲེལ་གྱིས་བྲིས་པའང་ཡོད། དེ་དག་གང་ཡིན་ཡང་ཚང་མས་གནས་ལུགས་ཤིག་གམ་འདོད་ཚུལ་ཞིག། ཡང་ན་ལྟ་གྲུབ་ཅིག་བརྗོད་དེ་མི་སེམས་འགུགས་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། དེེར་བརྟེན། གཞན་གྱི་ལུགས་དགག་ཅིང་རང་གི་ལུགས་སམ་ལྟ་ཚུལ་འཐད་ལྡན་དུ་སྒྲུབ་པའི་རྩོམ་གྱི་རིགས་ལ་དགག་སྒྲུབ་རྩོམ་ཡིག་ཅེས་ཟེར་བ་ཡིན་ནོ། །

༢ དགག་སྒྲུབ་རྩོམ་ཡིག་གི་ཆ་རྐྱེན།

ཆ་རྐྱེན་ཟེར་བ་ནི་བྱ་དངོས་འགྲུབ་པར་བྱེད་པ་ལ་ངེས་པར་དུ་དགོས་པའི་རྩ་བའི་རྒྱུ་རྐྱེན་ལ་ཟེར། འཐུས་སྒོ་ཚང་བའི་དགག་སྒྲུབ་རྩོམ་ཡིག་ཅིག་འབྲི་དགོས་ན། དེ་ལ་ཆ་རྐྱེན་གསུམ་ཡོད། དེ་དག་ནི་སྒྲུབ་བྱེད་དང་བསྒྲུབ་བྱ། སྒྲུབ་རིམ་བཅས་ཡིན། བསྒྲུབ་བྱ་ནི་རྩོམ་པ་པོས་གླེང་བྱའི་གནད་དོན་ལ་བཟུང་བའི་འདོད་ཚུལ་དང་ལྟ་བ་ཡིན། སྒྲུབ་བྱེད་ནི་རྩོམ་པ་པོས་རང་གི་བསྒྲུབ་བྱ་དེ་ཡང་དག་ཡིན་པར་བདེན་དཔང་བྱེད་པར་དྲངས་པའི་རྒྱུ་མཚན་དང་ཁུངས་ལུང་ཡིན། སྒྲུབ་རིམ་ནི་སྒྲུབ་བྱེད་ལ་བརྟེན་ནས་བསྒྲུབ་བྱ་བདེན་དཔང་བྱེད་པའི་གོ་རིམ་དང་བྱེད་ཐབས་ཡིན།
དགག་སྒྲུབ་རྩོམ་ཡིག་ལ་བསྒྲུབ་བྱ་མེད་ན། ཀློག་པ་པོས་ཁྱོད་ཀྱི་ལྟ་བ་དང་འདོད་ཚུལ་གང་ཡིན་པ་མི་ཤེས། སྒྲུབ་བྱེད་མེད་ན། བསྒྲུབ་བྱའི་རྐང་འཛུགས་མི་ཐུབ། སྒྲུབ་རིམ་མེད་ན། བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་ཁ་འཐོར་དུ་སོང་ནས་རྩོམ་ཡིག་གི་བརྗོད་བྱའི་སྙིང་པོ་ཐར་ཐོར་དུ་འགྲོ་སྲིད་པས་ངེས་པར་དུ་དགག་སྒྲུབ་རྩོམ་ཡིག་གི་གྲུབ་རྐྱེན་དང་རྒྱུན་བཀོལ་གྱི་ཐབས་རྩོམ་ཡིག་འབྲི་སྦྱོང་གི་ལག་ལེན་ཁྲོད་སྦྱོང་བརྡར་བྱེད་དགོས།

༣ དགག་སྒྲུབ་རྩོམ་ཡིག་གི་དབྱེ་བ།

དགག་སྒྲུབ་རྩོམ་ཡིག་ལ་མཚོན་ཐབས་གཞིར་བཞག་གིས་དབྱེ་ན། སྒྲུབ་པ་གཙོ་བོར་བྱས་པའི་རིགས་ཤིག་དང། དགག་པ་གཙོ་བོར་བྱས་པའི་རིགས་ཤིག། ད་དུང་དགག་སྒྲུབ་ཟུང་དུ་འབྲེལ་ནས་བྲིས་པའི་རྩོམ་གྱི་རིགས་ཤིག་སྟེ། རྩ་བའི་ཆ་ནས་དབྱེ་བ་འདི་གསུམ་ལས་མེད། ཡིན་ནའང། དགག་སྒྲུབ་བྱ་ཡུལ་གྱི་ཆ་ནས་དབྱེ་ན་མང་པོ་ཡོད་ངེས་ལ། དེ་བཞིན་དགག་སྒྲུབ་བྱེད་ཐབས་ཀྱི་ཆ་ནས་དབྱེ་ནའང་མི་ཉུང་བ་ཞིག་ཡོད་ངེས་པ་ཡིན། འོན་ཀྱང། དེ་དག་གང་ཞིག་ཡིན་ཡང། སྒྲུབ་པ་མིན་ན་དགག་པ་དང། དེ་མིན་དགག་སྒྲུབ་ཟུང་འབྲེལ་གྱི་ཐབས་འདི་གཙོ་བོར་བཟུང་བ་ཡིན།
ཡིན་ནའང། དགག་སྒྲུབ་རྩོམ་ཡིག་ལའང་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག་གི་འབྲི་ཐབས་གཏན་ནས་མི་སྤྱོད་པ་དེ་འདྲ་མིན། ཞིབ་འབྲི་དང་རྒྱས་བཤད། གསལ་བཤད་སོགས་ཀྱི་འབྲི་ཐབས་ཅི་ཞིག་བཀོལ་ཡང་དེ་དག་ནི་དགག་སྒྲུབ་ཀྱི་རམ་འདེགས་སུ་སྤྱོད་པ་ལས་འབྲི་ཐབས་གཙོ་བོ་མིན། དེས་ན། དགག་སྒྲུབ་རྩོམ་ཡིག་ནི་དགག་པ་དང་སྒྲུབ་པ་གང་རུང་གི་འབྲི་ཐབས་གཙོ་བོར་བཟུང་ནས་བྲིས་པའི་རྩོམ་ཡིག་ཡིན་པ་ཤེས་པར་བྱེད་དགོས།

༤ དགག་སྒྲུབ་ཀྱི་ཐབས།

དགག་པ་དང་སྒྲུབ་པ་གང་ཡིན་ཡང་རྩ་བའི་ཆ་ནས་ཐབས་ལམ་གཉིས་ལས་མེད། དེ་ནི་ལུང་དང་རིག་པ་གཉིས་ལས་མ་འདས། འདི་གཉིས་ལ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད་མོད། དེ་དག་ཡོད་ཚད་ཀྱི་རྩ་བ་འདི་གཉིས་ཡིན་ཏེ། དགག་པ་ཡིན་ནའང་ལུང་གིས་དགག་པ་དང་རིག་པས་དགག་དགོས་ལ། སྒྲུབ་པ་ཡིན་ན་ཡང། ལུང་དང་རིག་པས་སྒྲུབ་པ་འདི་གཉིས་མ་གཏོགས་མེད། འོན་ཀྱང། ལུང་ནི་གཞན་གྱི་གསུང་ཚིག་ཁོ་ན་མ་ཡིན་ལ། རིག་པའང་ཕྱོགས་གཅིག་ཁོ་ན་ཡིན་དགོས་པའི་ངེས་པ་མེད། ལུང་ཞེས་པ་ནི། གཞན་གྱི་བཀོལ་ཟིན་པ་དང་མ་བཀོལ་བའི་རྒྱུ་ཆ་ཡོད་དོ་ཅོག་ལ་གོ་བ་སྟེ། ལོ་རྒྱུས་ཀྱི་ཤུལ་བཞག་ཅིག་ཡིན་ཆོག་ལ། དོན་དངོས་སམ་རི་མོ་ཞིག། ཡང་ན། གསུང་ཚིག་དུམ་བུ་ཞིག། གཏམ་དཔེ་ལ་སོགས་པ་ཡོད་ཚད་འདིའི་ཁོངས་སུ་འདུ་བ་ཡིན།
རིག་པ་ལ་དབྱེ་བ་མང་པོ་ཡོད་དེ། དབྱེ་ཞིབ་ཀྱི་རིག་པ་དང་གཤིབ་སྡུར་གྱི་རིག་པ། རིགས་བསྒྲེའི་རིག་པ། འབྱེད་སྡུད་ཀྱི་རིག་པ་སོགས་འཇིག་རྟེན་གྱི་བྱ་དངོས་འཕེལ་རྒྱས་སོང་བའི་འགྲོས་དང་བསྟུན་ནས་རིག་པའང་འཕེལ་རྒྱས་འགྲོ་བཞིན་ཡོད་པས་འདི་ཙམ་མ་འདས་ཞེས་ཁ་ཚོན་གཅོད་མི་ནུས། དེ་དག་ཡོད་ཚད་ཀྱིས་རང་གི་བསྒྲུབ་པར་འདོད་པའི་དོན་དེ་ཉིད་ཡང་དག་ཡིན་པར་ར་སྤྲོད་མ་ཐུབ་ཚེ། ལུང་དང་རིག་པ་གང་ཡིན་ཡང་ལྟར་སྣང་ཙམ་ལས་མ་འདས་པས། རང་གི་ལྟ་ཚུལ་ལམ་འདོད་པ་འཐད་ལྡན་དུ་སྒྲུབ་མི་ཐུབ།