རྐང་པ་ཆག་པ། སྐད་ཆ་དྲིས་པ། སུན་པོ་བཟོ་བ། ཞེད་སྣང་བྱེད་པ། སྨན་བཅོས་བྱེད་པ། དྲག་སྐྱེད་བྱུང་བ། གོ་སྐབས་ཤོར་བ། སེམས་གསོ་གཏོང་བ། ལོ་གསར་གཏོང་བ། ཁ་གསབ་བྱེད་པ། ཆང་བཏུང་བ། རྡོག་བརྫིས་ཐེབས་པ། འདྲེད་བརྡར་ཤོར་བ།
ཡེ་ཤུའི་འཁྲུངས་སྐར་དུས་ཆེན་ཟིན་པར་གཟའ་འཁོར་ཁ་ཤས་ཡོད་དུས། མི་ཞིག་གི་རྐང་པ་གཡས་པ་ཆག་ནས་སྨན་ཁང་དུ་བསྐྱལ། ཁོ་སྨན་ཁང་དུ་སྡོད་པའི་ཉིན་དེ་ནས་བཟུང་ཁོས་རྟག་པར་སྨན་པར་ཁོ་རང་ག་དུས་ནང་དུ་ལོག་ཐུབ་མིན་སྐད་ཆ་དྲིས་ཏེ་ཡང་ཡང་སུན་པོ་བཟོ་ཡི་ཡོད། ཁོ་སྨན་ཁང་དུ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གཏོང་དགོས་ཆགས་ཡོང་བསམ་ནས་ཞེད་སྣང་བྱེད་ཀྱི་ཡོད། སྨན་པས་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱས་ནའང་ནད་དྲག་སྐྱེད་བྱུང་འགོར་པོ་རེད། ཡེ་ཤུའི་འཁྲུངས་སྐར་དུས་ཆེན་ཉིན་ཁོའི་རྐང་པ་གཡས་པར་ད་དུང་ས་དཀར་གྱི་སྦྱིལ་འདམ་བྱུགས་ཡོད་པས། ཁོས་ཉལ་ཁྲིའི་ཐོག་ཉིན་གང་ཉལ་ནས་རང་གིས་གོ་སྐབས་ཤོར་བའི་སྐྱིད་སྐྱིད་མང་པོ་ཞིག་བསམ་བློ་བཏང་ནས་མ་སྐྱིད་པར་བསྡད། འོན་ཀྱང་ཉིན་གཉིས་པ་སྨན་པས་ཁོར་སེམས་གསོ་དང་བཅས་སྨན་ཁང་ནས་ཐོན་ཏེ་དགའ་སྤྲོའི་ངང་ལོ་གསར་གཏོང་རྒྱུའི་རེ་བ་ཧ་ཅང་ཆེན་པོ་ཡོད་ཚུལ་བཤད་པས། ཁོས་དེ་ཐོས་རྗེས་དགའ་པོའི་ངང་ཡེ་ཤུའི་འཁྲུངས་སྐར་སྔ་ནུབ་ཉིན་ཁོ་ཏག་ཏག་རྐང་པ་འཁྱོག་འཁྱོག་ངང་མཚན་ཚོགས་ལ་ཞུགས་རྒྱུ་བྱུང་།
སྨན་ཁང་དུ་སྡོད་རིང་སྐྱིད་པོ་མ་བྱུང་བ་དེར་ཁ་གསབ་བྱེད་ཆེད་ཁོས་ཆང་མང་ཙམ་བཏུང་། མཚན་ཚོགས་ཐོག་ཁོས་གང་དགའ་ཅི་སྐྱིད་བྱས་ཐོག་མི་རྣམས་ལ་ཁོ་རང་སྨན་ཁང་ལ་སུན་སྣང་དང་སྐྱིད་པོ་མེད་ཚུལ་ཡང་ཡང་བཤད། དགོང་ཚོགས་གྲོལ་སྐབས་ཡང་ཁོས་ད་དུང་སྨན་ཁང་གི་སྐོར་གསལ་ལ་མི་གསལ་མང་པོ་ཞིག་ཤོད་བཞིན་ཡོད་པ་དང་། གློ་བུར་དུ་འཁྱགས་པ་ཞིག་ལ་རྡོག་བརྫིས་ཐེབས་ནས་འདྲེད་བརྡར་ཤོར་བས་རྐང་པ་གཡོན་མ་དེ་ཡང་ཆག་གོ།