ཁ་ཕྱིར་འཁོར་བ། ངལ་གསོ་བརྒྱབ་པ། གད་མོ་ཤོར་བ། བསུ་བ་བྱེད་པ། ཁྱི་བཏང་བ།
ཉིན་དེར། ཉི་མ་དོན་གྲུབ་འབྲས་སྤུངས་དགོན་པའི་རི་འདབས་ནས་ཡར་འགྲོ་དུས། ལམ་སྐེད་ཀྱི་ལྷ་ཁང་ཞིག་ནས་ཁྱི་ནག་པོ་ཞིག་གིས་ཟུག་སྐད་འདོན་བཞིན་ཕྱིར་ཤོར་ཡོང་སྟེ། ཁ་གཏད་ན་ཡོང་བཞིན་པའི་ཉི་མ་དོན་གྲུབ་ཀྱི་ཐོག་ཏུ་མཆོངས་ཡོང་། ཉི་མ་དོན་གྲུབ་དེ་མ་ཐག་ཁ་ཕྱིར་འཁོར་ནས་བྲོས། སྣང་བ་ཞིག་ལ་སྨད་གཡོགས་ཀྱིས་འདི་ལྟར་གནད་འགག་གི་སྐབས་སུ་གོམ་ཞེང་ཆེན་པོས་མདུན་དུ་རྒྱུགས་པར་བར་ཆད་བཟོས་ཡོང་། “ཆོས་སྐྱོང་སྲུང་མ་མཁྱེན། ཨེན་ཙམ་མིན་ན་ཁྱི་རྒན་དེས་རྨུགས་སོང་”ཉི་མ་དོན་གྲུབ་ཀྱིས་དེ་ལྟར་ཟེར། ཁྱི་རྒན་དེས་དེ་ལྟར་ཉི་མ་དོན་གྲུབ་བདས་ནས་ཐག་རིང་ཙམ་རྒྱུགས་པ་དང་། དེ་ནས་རྔ་མ་རྐུབ་འོག་ཏུ་བཅུག་སྟེ་སར་བསྡད་ནས་ཁོའི་ཕྱོགས་ལ་འབ་བཞིན་བསྡད་སོང་། ཕར་ཙམ་ན་ཉི་མ་དོན་གྲུབ་རྔུལ་ནག་ཁྲོམ་ཁྲོམ་དུ་དབུགས་ཧལ་ཧལ་གྱིས་ལངས་ནས་ཁྱི་རྒན་ལ་བལྟས་བསྡད། དེ་ལྟར་འདུག་སྐབས། ལམ་འགྲམ་ན་ངལ་གསོ་རྒྱག་བཞིན་ཡོད་པའི་གནས་མཇལ་བ་ཁ་ཤས་གད་མོ་ཤོར་ཅིང་། དེའི་ཁྲོད་ཀྱི་ཁ་བདེ་ཞིག་གིས་ཀུ་རེའི་ཚུལ་དུ་”ཨ་ཁུ། གནས་ཆུང་འཕྲིན་ལས་རྒྱལ་པོ་ཡིས། ཁྱོད་ལ་བསུ་བ་བྱེད་འདོད་མེད་པ་འདྲ་”ཞེས་བཤད་བྱུང་། “མདུན་གྱི་ལྷ་ཁང་འདི་གནས་ཆུང་འཕྲིན་ལས་རྒྱལ་པོ་ཡི་མགོན་ཁང་རེད་དམ”ཉི་མ་དོན་གྲུབ་ཀྱིས་དེ་སྐད་དྲིས། “རེད། རེད།”
མི་དེ་དག་གིས་དེ་ལྟར་བཤད། “དངོས་གནས་རྟེན་འབྲེལ་ཡག་མ་བྱུང་། ང་མདོ་སྨད་ནས་ཡོང་བའི་ཨམ་ཕྲུག་ཞྭ་སེར་བསྟན་པའི་རྗེས་འཛིན་པ། ད་ནི་ཆོས་སྐྱོང་སྲུང་མས་ཀྱང་ཐོག་ཏུ་ཁྱི་བཏང་ནས་འཁྲིས་སུ་བཏུད་དུ་བཅུག་མ་བྱུང་”ཟེར།
 
མཆན་འགྲེལ།
ཟུག ཁྱིས་སྐད་རྒྱག་པ། བར་ཆད། གནོད་རྐྱེན་ནམ་གེགས། ཨེན། ཚད་ཉུང་བའམ་ཆུང་བ། རྨུགས། སོ་བཏབ་པ། བདས། ཆེད་དུ་རྗེས་བསྙེགས་པ། འབ་པ། ཁྱི་ཟུག་པ། བསུ་བ། སྣེ་ལེན་བྱེད་པ། མགོན་ཁང་། ཆོས་སྐྱོང་ཁང༌། རྟེན་འབྲེལ། སྔ་ལྟས་སམ་འབྱུང་འགྱུར་གྱི་རྟགས་མཚན། ཨམ་ཕྲུག ཨ་མདོའི་ཕྲུ་གུ།