འགྲུལ་འཁོར་དུ་བསྡད་པ། གློག་བརྙན་སྟོན་པ། སྤང་ཐང་བརྒལ་བ། རྒྱབ་ཏུ་བསྐྱུར་བ། དྲི་མ་སྣོམ་པ། གཞས་ཉན་པ།
འགྲུལ་འཁོར་རིང་པོ་དེའི་འཁོར་སྒམ་དུ་བསྡད་ནས་ལམ་རིང་ཐུང་ཀུན་ལ་ཡང་དང་བསྐྱར་དུ་གྲགས་ཡོང་བའི་གཞས་དག་ལ་ཉན་ནས་བསྐྱོད། འགྲུལ་འཁོར་གྱི་སྒེའུ་ཁུང་ཕྱི་རོལ་ཏུ་ཡུལ་ལྗོངས་ཀྱི་རྣམ་པ་གློག་བརྙན་སྟོན་པ་བཞིན་ཡང་ཡང་བརྗེ་ཞིང་མཚམས་རེར་མཐའ་མེད་པའི་སྤང་ཐང་བརྒལ། མཚམས་རེར་ས་ཤུན་མེད་པའི་བྱེ་ཐང་ནས་འགྲོ། མཚམས་རེར་གཙང་པོའི་འགྲམ་ནས་འགྲོ་ཞིང་། མཚམས་རེར་ལུང་ཁུག་བསྙེགས་ནས་འགྲོ། མཚན་མོར་གློག་སྒྲོན་དཀར་གསལ་ལེེར་བཀྲ་བའི་གྲོང་ཁྱེར་ཡང་བརྒྱུད་ནས་འགྲོ། དེ་དུས་གཞས་ཀྱི་དབྱངས་རྟའི་ཁྲོད་ནས་རང་གིས་རྒྱབ་ཏུ་བསྐྱུར་བཞིན་པའི་འཚོ་བ་དེ་ཡང་དང་ཡང་དུ་དྲན། འགྲུལ་འཁོར་མུན་པའི་ཁྲོད་ནས་དུང་སྒྲ་དང་བཅས་ནུབ་ལ་རྒྱུགས་སོང་། འདུག་སྟེགས་སུ་གཡས་འགྱེལ་གཡོན་ལོག་གིས་ཡོད་པའི་རྒྱ་བོད་སོག་གསུམ་གྱི་འགྲུལ་པ་དེ་དག་གི་ཁྲོད་ནས་ཐ་མག་དང་། རྐང་དྲི། རུལ་དྲི་སོགས་ལ་སྣོམ་བཞིན། གླུ་གཞས་ལ་ཉན་བཞིན་སྟོད་ཉི་མ་ལྷ་སར་སླེབས།
 
མཆན་འགྲེལ།
གྲགས། སྐད་ཆེན་པོ་འབྱིན་པ། བསྐྱོད། འགྲོ། བརྒལ། ལ་ལུང་ཆུ་བོ་སོགས་ཀྱི་ཕ་རོལ་ཚུར་རོལ་ལ་འགྲོ་བ། ས་ཤུན། པགས་པ་དང་སྐོགས་པ། བསྙེགས། རེ་བ་དང་དམིགས་འདུན་ཡོད་པའི་སར་འགྲོ་བ། དབྱངས་རྟ། སྒྲའི་མཐོ་དམན་ཕྲ་སྦོམ་སོགས་མཚོན་པའི་རྟགས། བསྐྱུར། གཡུག་པ། མུན་པ། འོད་མེད་པའི་མུན་ནག འགྲུལ་པ། ལམ་ལ་འགྲོ་འོང་བྱེད་པའི་མི།