ཆོས་སྐད་གྲགས་པ། དྲི་བསུང་འཐུལ་བ། སྐྱབས་གནས་སྒོམ་པ། འཁོར་ལོ་བསྐོར་བ། སྣང་བ་ཡལ་བ།
ལྷ་ས་ནི་ཐང་གའི་ནང་དུ་ལྷམ་མེར་ལྷན་ནེར་ལྷང་ངེར་སྣང་བའི་ཞིང་བཀོད་དེ་དང་འདྲ་བར་དག་གཙང་གི་གནས་ཤིག་དང་ལྷ་ཚོགས་ཀྱི་གནས་ཤིག་ཡིན་པར་སྙམ་ཡོད་ལ། གནས་དེ་རུ་ངུར་སྨྲིག་རབ་བྱུང་གི་སྡེ་ཡི་ཆོས་སྐད་ལྷང་ལྷང་གྲགས་ཤིང་། ལྷ་བསང་ཤུག་པའི་དྲི་བསུང་ཆིལ་ཆིལ་དུ་འཐུལ་བཞིན་ཡོད། གནས་དེ་ནི་གནས་ཀྱི་མཆོག་སྟེ་ཆོས་ཀྱི་ཞིང་ཁམས་འབའ་ཞིག་ཡིན་པར་སྙམ། ཡིན་ན་ཡང་། མིག་ནང་དུ་སྣང་བའི་ལྷ་ས་ནི་དེ་འདྲ་མ་ཡིན་པར་། དེང་རབས་ལ་ཤུགས་ཀྱི་ཕྱོགས་བཞིན་པའི་གྲོང་ཁྱེར་ཞིག་རེད། གྲོང་ཁྱེར་དེའི་མཐོ་སར་ཆགས་པའི་ཕོ་བྲང་པོ་ཏ་ལ་སྟེ། སྤྱན་རས་གཟིགས་ཀྱི་བསྟི་གནས་དེ་ཡང་དེ་ལྟར་རི་བོ་གྲུ་འཛིན་གྱི་ཐོག་ཏུ་ཁུ་སིམ་མེར་ཆགས་འདུག་ཅིང་། ཉིན་མཚན་ཆག་མེད་དུ་སྐྱབས་གནས་སུ་སྒོམ་ཞིང་རྒྱང་རིང་ནས་མཆོད་པའི་ལྷ་སའི་ཇོ་བོ་དེ་ཡང་བར་བསྐོར་གྱི་ཟང་ཟིང་གི་ཚོང་རའི་དབུས་སུ་ཉམ་ཆུང་གི་གནས། མདོར་ན་ལྷ་ས་ནི་ལྷ་ཡི་ས་མ་ཡིན་པར། མི་ཡི་ས་རེད། ཁྲོམ་སྲང་གི་མི་ཚོགས་དེ་དག་གིས་འཇིག་རྟེན་འཁོར་བའི་འཁོར་ལོ་དེ་ཤུགས་ཀྱི་བསྐོར་ཞིང་། འདོད་ཡོན་ལོངས་སྤྱོད་ཀྱི་ཞིང་ཁམས་རྒྱ་ཆེར་བསྐྲུན་བཞིན་འདུག
 
མཆན་འགྲེལ།
ཐང་ག རས་དང་ཤོག་བུའི་ངོས་ལ་བྲིས་པའི་ལྷ་སྐུ། ཞིང་བཀོད། ཡུལ་ལྗོངས་ཀྱི་བཀོད་པ། ངུར་སྨྲིག མདོག་དམར་སེར། ཐུལ། ཁྱབ། ཞིང་ཁམས། ཡུལ་སྤྱིའི་མིང༌། ཕྱོགས་པ། བྱ་སྤྱོད་ལ་འཇུག་པ། བསྟི་གནས། རྒྱུན་དུ་གནས་པའི་ཡུལ། ཉིན་མཚན། ཉིན་མོ་དང་མཚན་མོ། ཆག་མེད། རྒྱུན་མི་འཆད། ཉམ་ཆུང་། འཁོས་དམན་པའམ་སྟོབས་དམན་པ། ཁྲོམ་སྲང་། ཁྲོམ་གྱི་སྲང་ལམ། འདོད་ཡོན། མིའི་དབང་པོ་ལྔའི་ལོངས་སྤྱད་བྱར་གྱུར་པའི་དངོས་པོ་ཐམས་ཅད། ལོངས་སྤྱོད། བེད་སྤྱོད་པ། སྐྲུན་པ། གསར་དུ་བཟོ་བ།