རྩེད་མོ་རྩེ་བ། མགོ་བོ་བཀྱགས་པ། ལག་པ་གཡུག་པ། ཀི་སྒྲ་སྒྲོག་པ།
ང་ཚོ་ཆུ་རྩེད་ལ་གཡེངས་ནས་སྡོད་དུས། མགོ་ཐོག་གི་བར་སྣང་དུ་སྒྲ་ཆེན་པོ་ཞིག་ལྡིར་སྒྲ་དང་བཅས་གྲགས་པ་དང་། དེ་ནི་སྔར་ཐོས་མ་མྱོང་བ་ཞིག་རེད། ང་ཚོས་རྩེད་མོ་རྩེ་མཚམས་བཞག་ནས་མགོ་བོ་བཀྱགས་ཏེ་བར་སྣང་ལ་བལྟས། སྔོ་བསང་བསང་གི་བར་སྣང་དུ་སྤྲིན་པ་བྱེའུའི་མགོ་ཙམ་ཡང་མཐོང་རྒྱུ་མི་འདུག། སྤྲིན་བྱེའུའི་མགོ་ཙམ་ཡང་མེད་ས་ནས་ང་ཚོས་བྱེའུའི་མགོའི་ཆེ་ཆུང་ལས་མེད་པའི་དཀར་ལམ་ལམ་གྱི་དངོས་པོ་ཞིག་འཕུར་འགྲོ་བ་མཐོང་བྱུང་།
དེ་ནས་ང་ཚོ་ཕྲུ་གུ་ཚོས་མགྲིན་གཅིག་ཏུ་ “གནམ་གྲུ། གནམ་གྲུ། གནམ་གྲུ” ཞེས་སྐད་བརྒྱབ་ཅིང་། ཞྭ་མོ་དང་ལག་པ་གཡུག་བཞིན་ས་ནས་ཡར་རྒྱུག་མར་རྒྱུག་བྱས་པ་མ་ཟད། ང་ཚོ་ནི་གནམ་གྲུ་མཐོང་བའི་དགའ་སྣང་གིས་རབ་ཏུ་མྱོས་ཏེ་ཀི་སྒྲ་ཡང་ཡང་སྒྲོག ཁྱད་མཚར་གྱི་དངོས་པོ་དེ་ཡུད་ཙམ་གྱི་རིང་ལ་ང་ཚོའི་མིག་རྒྱང་གི་ཟིན་ཚད་ནས་རིམ་གྱིས་མི་སྣང་བར་གྱུར་སོང་།
 
མཆན་འགྲེལ།
གཡེང་བ། མགོ་འཁོར་བ། ཐོས། རྣ་བས་སྒྲ་ཚོར་བ། མགྲིན་གཅིག། སྐད་ཆ་གཅིག་པ། མིག་རྒྱང་། མཐོང་ཡུལ་གྱི་བར་ཐག སྣང་བ། མཐོང་བ།