འདྲོགས་རྒྱུག་བྱེད་པ། ལག་སྙོབ་བྱེད་པ། ཐང་ཆད་པ། དཀའ་ལས་མྱོང་བ། ལག་རྡང་སྦྲེལ་བ། ལས་ཀ་ལས་པ། ཞུ་བ་བྱེད་པ།
ངའི་སེམས་སུ་ཡུལ་ལྗོངས་རྒྱུས་མེད་དེ་མཐོང་བའི་སྤྲོ་སྣང་གིས་ཁེངས་ཡོད་པས། ལམ་དུ་དྲང་མོར་མི་འགྲོ་བར་སྐྱེ་དངོས་སྐམ་པོ་དེ་དག་གི་གསེང་ནས་ཡར་རྒྱུག་མར་རྒྱུག་བྱེད་བཞིན་བསྐྱོད། ངའི་ཨ་ཅག་ནི་ངའི་རྗེས་སུ་འབྲངས་ཅི་ཐུབ་ཀྱིས་བརྒྱུགས་ཡོང་བ་དང་། དབུགས་ཧལ་ཧལ་ངང་ང་ལ་”ཁྱོད་འབྲོག་ལུག་རྒོད་པོ་དེ་དག་དང་འདྲ་བར་དེ་ལྟར་འདྲོགས་རྒྱུག་བྱས་ནས་ཅི་བྱེད་དམ”ཟེར་བ་དང་། དེ་ནས་ལག་སྙོབ་བྱེད་ཐེངས་གཅིག་གིས་ངའི་གཉའ་ནས་བཟུང་སྟེ”ལུག་ཇི་ལྟར་རྒྱུག་ཀྱང་རྨིག་པ་བརྡོལ་རྒྱུ་མེད། ཁྱོད་དེ་ལྟར་བརྒྱུགས་ན་ལྷམ་གསར་བའི་སྣེ་མོ་བརྡོལ་ན་ཇི་ལྟར་བྱའམ་”ཞེས་བཤད་བཞིན་ང་རྐང་ལམ་ཕྲ་མོ་དེའི་ནང་དུ་བཅུག་སོང་། དབྱིབས་མི་གཅིག་པའི་རྡོ་ཚོགས་ཀྱི་གསེང་ནས་ང་གཞི་ནས་ཐང་ཆད་པ་དང་རྐང་པའི་བྱིན་པ་ན་ནས་དཀའ་ལས་མྱོང་བའི་ཚོར་བ་འགོག་མེད་ཅིག་བྱུང་སོང་། དེ་བས་ངས་ཨ་ཅག་ལ་”ཁྱོད་ཀྱིས་ང་སྒལ་བར་འཁུར་རོགས”ཞེས་ཞུ་བ་བྱས་པ་ཡིན། ཨ་ཅག་གིས་ང་སྒལ་བ་མི་འཁུར་བར་ལག་རྡང་སྦྲེལ་ནས་ཁྲིད་བྱུང་། དེ་ལ་ཨ་ཅག་གིས་ངའི་ལག་པ་ནས་འཇུས་པ་དང་ངས་ཤུགས་ཇི་ལྟར་བརྒྱབ་ནས་འཐེན་རུང་མོའི་ལག་པ་ནས་ཐར་ཐབས་མ་བྱུང་། ང་ལས་ལོ་གསུམ་གྱིས་ཆེ་བའི་ཨ་ཅག་དེའི་ལག་པར་རྩལ་ཤུགས་ཀྱིས་ཁེངས་འདུག དེ་ནི་མོས་ལས་ཀ་མང་པོ་ལས་པའི་རྐྱེན་གྱི་ཡིན་ནམ། ང་འུ་ཐུག་ནས་སྒྱིད་ལུག་གིས་ངང་མོ་དང་མཉམ་དུ་མི་འགྲོ་ཀ་མེད་བྱུང་།
 
མཆན་འགྲེལ།
ཡུལ་ལྗོངས། ས་ཁོངས་ཀྱི་མིང་། དྲང་མོ། དབྱིབས་ལ་ཡ་ཡོ་འཁྱག་འཁྱོག་མེད་པ། སྐྱེ་དངོས། སྲོག་ཆགས་དང་རྩི་ཤིང་དང་སྐྱེ་ལྡན་ཕྲ་མོ་ཐམས་ཅད། གསེང་། བར་མཚམས། རྗེས་སུ་འབྲང་བ། ཕྱི་རྗེས་སུ་འགྲོ་བ། རྒོད་པོ། མ་ཐུལ་བ། འདྲོགས་རྒྱུག སྐྲག་ནས་རྒྱུག་མཆོང་བྱེད་པ། སྙོབ། ལག་པ་བསྲིངས་ནས་དངོས་རྫས་སོགས་ལེན་པ། རྨིག་པ། དུད་འགྲོའི་རྐང་ལག་གི་རྨིག་པ། རྡོལ། དངོས་པོ་ལ་བུ་ག་བྱུང་བ། རྐང་ལམ། རྐང་ཐང་ཐར་ཐུབ་ཙམ་གྱི་ལམ་ཆུང༌། བྱིན་པ། ལོང་ཚིགས་ནས་པུས་མོ་བར་ཉྭ་སྤྱིའི་མིང་། ལག་རྡང་སྦྲེལ། ཕན་ཚུན་ལག་པ་མཐུད་པ།