སྐལ་བཟང་ཉི་མ། བཙུན་དགོན་སྒྲོལ་མ་གླིང་། བཙུན་དགོན་སྒྲོལ་མ་གླིང་།

གཅིག
ཟླ་གསུམ་པའི་ཚེས་བཅུ་ཡི་ཞོགས་པར་རྒྱལ་བ་རིན་པོ་ཆེས་ནམ་རྒྱུན་གྱི་དགེ་སྦྱོར་རིགས་གྲུབ་རྗེས་ལྡུམ་རའི་ནང་འཆམ་འཆམ་ལ་ཕེབས་སྐབས། ཕོ་བྲང་གི་ཕྱི་རོལ་ཏུ་མི་མང་གིས་སྐར་ཅོར་རྒྱག་པ་གསན། ཁོང་གིས་དོན་དག་ག་རེ་བྱུང་བ་ཡིན་ནམ་དགོངས་པ་དང་། སྐུ་འཁོར་ཞིག་ཕྱི་རོལ་ཀྱི་སྐད་ཅོར་དེའི་སྐོར་རྩད་གཅོད་བྱེད་པར་མངགས།
སྐུ་འཁོར་དེ་ཕྱིར་ཡོང་ནས་“རིན་པོ་ཆེ། ལྷ་ས་གྲོང་ཁྱེར་ནས་མི་ཚོགས་མང་པོ་འུར་ལངས་ནས་ཡོང་སྟེ། ཕོ་བྲང་གི་མཐའ་བསྐོར་འདུག་པ་དང་། ཁོང་ཚོས་རྒྱལ་བ་རིན་པོ་ཆེ་རྒྱ་མིས་གདན་འདྲེན་བྱས་པ་ནང་བཞིན་རྒྱ་མིའི་དམག་སྒར་དུ་ཕེབས་མི་ཆོག་ཅེས་སྐད་འབོད་རྒྱག་གིན་འདུག མི་ཚོགས་ད་དུང་ཇེ་མང་ལ་འགྲོ་བཞིན་འདུག་”ཞུས་པས། རྒྱལ་བ་རིན་པོ་ཆེས་ཐུགས་འཁྲལ་ཇེ་ཆེར་སོང་།
དེ་ནས་སྔ་དྲོ་ཙམ་ལ་རྒྱ་དམག་གི་རླངས་འཁོར་གཉིས་ནོར་བུ་གླིང་ཁའི་ཕོ་བྲང་ནས་མི་ལི་གཅིག་ཙམ་གྱི་སར་ཡོང་ནས་བསྡད་པ་ན། ནོར་བུ་གླིང་ཁའི་མཐའ་སྐོར་ནས་བསྡད་ཡོད་པའི་བོད་མི་ཁག་ཅིག་གིས་ “རླངས་འཁོར་དེ་གཉིས་ལས་རྒྱ་དམག་མང་པོ་མར་བབས་ཏེ་ས་ཐག་རིང་ཐུང་གི་ཚད་འཇལ་འགོ་བཙུགས་སོང་ ”ཟེར།
འགའ་ཞིག་གིས་ “རྒྱ་དམག་མང་པོ་ཞིག་ཏར་འཕྲིན་གློག་སྡོང་སྒང་ལ་འཛེགས་སོང་། ཏན་ཏན་མེ་སྒྱོགས་འཕེན་ཡུལ་ཚད་འཇལ་བ་རེད་ ”ཟེར་།
ཁ་ཤས་ཀྱིས་ “རྒྱ་དམག་གིས་ང་ཚོ་ལ་མགོ་སྐོར་གཏོང་ཐབས་བྱས་པ་རེད་” ཟེར་།
རྒྱ་དམག་གི་གློ་བུར་གྱི་འགུལ་བསྐྱོད་དེས་ཕོ་བྲང་གི་མཐའ་བསྐོར་བའི་བོད་མི་ནང་ཁུལ་དུ་དོགས་གཞི་ཆེན་པོ་ཞིག་ཏུ་གྱུར་ཅིང། ཁོང་ཚོས་མུ་མཐུད་ཡོད་ཚད་བློས་བཏང་ནས་རྒྱལ་བ་རིན་པོ་ཆེ་སྲུང་སྐྱོབ་བྱེད་སྟངས་དམ་དུ་བཏང་མོད། རྒྱལ་བ་རིན་པོ་ཆེ་ཡིས་རང་ཉིད་བློས་བཏང་ནས་མི་མང་སྐྱོབ་པའི་དགོངས་པ་བཞེས་ཀྱིན་ཡོད་པས། ཡོངས་འཛིན་རྣམ་པ་དང་སྐུ་འཁོར་མང་པོས་ལྷ་ས་ནས་གསང་བྲོས་བྱ་རྒྱུའི་སྐུལ་མ་གནང་བ་ཞལ་བཞེས་མ་གནང་།
ཕ་ལྷ་ཡིས་རྒྱལ་བ་རིན་པོ་ཆེ་གསང་བྲོས་ལ་ཕེབས་རྒྱུ་ནི་བོད་མི་རིགས་མུ་མཐུད་གནས་ཐབས་ཀྱི་ཐབས་ལམ་ཉག་གཅིག་ཏུ་མཐོང་པས། རྒྱལ་བ་རིན་པོ་ཆེ་ཡིས་མཁྱེན་རྟོགས་མེད་པར་གསང་བྲོས་ཀྱི་འཆར་གཞི་བཀོད་སྒྲིག་དང་ཐག་གཅོད་བྱས།
ཁོང་གིས་བཀའ་ཤག་ལ་“ང་ཚོས་ངེས་བར་དུ་ཁོང་གསང་བྲོས་བྱ་རྒྱུའི་གྲ་སྒྲིག་བྱ་དགོས། དེ་ཡང་གསང་བ་དམ་པོའི་ཐོག་ནས་བྱེད་དགོས། དུས་ཚོད་དང་ལམ་ཁ་གང་ཞིག་ནས་ཕེབས་རྒྱུ་ཡིན་མིན་སོགས་ངས་གོ་སྒྲིག་བྱེད་”ཅེས་ཞུས་པ་ན། བཀའ་བློན་རྣམས་ཀྱིས་“ཡིན་དང་ཡིན། ང་ཚོས་ཁོང་གི་སྐུ་སྲོག་ལ་ཉེན་ཁ་མེད་པ་ཞིག་བཟོ་དགོས་”ཞེས་མོས་མཐུན་གནང་།
ཕ་ལྷ་ཡིས་ཁོང་སྒེར་གྱི་ཚེམ་བུ་བ་ལ་རྒྱལ་བ་རིན་པོ་ཆེ་ལ་ཚད་ཏག་ཏག་རན་པའི་དམག་མི་དཀྱུས་མའི་གྱོན་ཆས་ཆ་གཅིག་བཟོ་རྒྱུ་མངགས་པ་དང་། ཚེས་བཅུ་དྲུག་གི་དགོང་མོར་ཕ་ལྷ་ཡིས་ནོར་བུ་གླིང་ཁའི་ནང་དང་ཕྱིའི་སྒོ་ཆེན་ཁག་ཏུ་ཡོད་པའི་སྐོར་སྲུང་བའི་རུ་ཁག་ཡོངས་རྫོགས་ཚོགས་ཏེ། “ད་ནས་བཟུང་མི་སུ་ཞིག་སྐོར་སྲུང་ལ་འགྲོ་ན་ཡང་སྐད་ཧ་གོ་བ་བྱེད་དགོས། ད་དུང་གནས་སྟངས་གང་འདྲ་ཞིག་གི་འོག་ཏུའང་ལག་གློག་སྤར་མི་ཆོག སང་དགོང་རྩེ་ཞོལ་ནས་མཚོན་ཆ་ལེན་པར་རླངས་འཁོར་གཏོང་རྒྱུ་ཡིན་ལ། རླངས་འཁོར་ནང་སྔོག་བཤེར་བྱ་མི་དགོས་པར་ཤར་ཀྱག་གཏོང་དགོས་”་ལབ།
ཕ་ལྷ་ཡིས་ལག་གློག་འགོག་པ་སོགས་ནི་སྐུ་སྲུང་བ་ཚོས་རྒྱལ་བ་རིན་པོ་ཆེ་ངོས་འཛིན་བྱེད་མི་ཐུབ་པ་དང་། གསང་བྲོས་ཀྱི་འཆར་གཞི་རྣམས་ཏག་ཏག་ལམ་ལྷོངས་ཡོང་ཆེད་ཡིན།
ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་རྒྱལ་བ་རིན་པོ་ཆེ་དང་། ཕ་ལྷ། བཀའ་བློན་རྣམ་པས་སྐུ་གོང་མས་བཞེངས་པའི་ཚོམས་ཆེན་དུ་ང་ཕོད་ཀྱིས་བསྐུར་བའི་ཡི་གེ་མཐའ་མ་དེའི་སྐོར་ལ་གྲོས་བསྡུར་བྱེད་སྐབས། གློ་བུར་དུ་རྒྱ་དམག་གིས་འཕངས་པའི་མེ་སྒྱོགས་ཤིག་ཕོ་བྲང་གི་ཕྱི་རོལ་གྱི་རྫིང་བུའི་ནང་གས་པ་གསན་ཞིང་། དེ་ནས་ཅང་མ་འགོར་བར་མེ་སྒྱོགས་གཉིས་པ་ཞིག་ནོར་གླིང་བྱང་ངོས་ཀྱི་རྩིག་པའི་ཕྱི་རོལ་ནས་བཀད་པ་གསན།
ཕ་ལྷ་བ་འདར་བཞིན་རྒྱལ་བ་རིན་པོ་ཆེ་ལ་“ཉེན་བརྡའི་མེ་སྒྱོགས་རེད། ང་ཚོ་ངེས་བར་དུ་གསང་བྲོས་ལ་ཕེབས་དགོས་”ཞུས་པར། དང་ཐོག་རྒྱལ་བ་རིན་པོ་ཆེ་ཡིས་ཡ་ལན་གང་ཡང་མ་གནང་།
ཡིན་ཡང་མེ་སྒྱོགས་ཀྱི་སྒྲ་མུ་མཐུད་ཁོང་གི་སྙན་ལམ་དུ་གསན་བཞིན་ཡོད་པས། དོན་ངོ་མར་རྒྱལ་བ་རིན་པོ་ཆེ་ལ་འདམ་ག་གང་ཡང་མེད། ཁོང་གིས་ཕ་ལྷ་ཡི་གསང་བྲོས་བྱས་པ་ལྟར་མཚན་དེའི་ཆུ་ཚོད་བཅུ་པའི་ཐོག་གསང་བྲོས་ལ་ཕེབས་རྒྱུར་མོས་མཐུན་གནང་དགོས་བྱུང་།
གཉིས།
ཕ་ལྷ་ཡིས་གསང་བྲོས་བྱེད་མཁན་རུ་ཁག་ཁ་ཤས་བཟོས་ཡོད། རྒྱལ་ཡུམ་ཆེན་མོའི་སྐུ་འཁོར་རྣམས་ཆུ་ཚོད་ ༩ པ་ཡོལ་ཙམ་ལ་སྐུ་སྲུང་དམག་སྒར་གྱི་ལྷོ་སྒོ་ནས་ཐོན་ཏེ་ར་མ་སྒང་ཕྱོགས་སུ་ཕེབས་རྒྱུ་དང་། ཡོངས་འཛིན་རྣམ་གཉིས་དང་བཀའ་བློན་རྣམ་པ། གསོལ་གཟིམ་མཆོད་གསུམ་རྣམས་ནོར་གླིང་གཟིམ་འགག་གི་གསང་སྒོའི་འགྲམ་ནས་རླངས་འཁོར་ཆེན་པོ་ཐོག་རས་བཀབ་པའི་ནང་བཞུགས་ནས་ནོར་གླིང་གཞུང་སྒོ་ནས་ཕེབས་རྒྱུ་བྱས།
དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ་ཕ་ལྷའི་སོ་པ་རྣམས་ར་མ་སྒང་གྲུ་ཁ་ནས་ཚུར་འབྱོར་ཏེ་“སྐུ་ངོ་། ཡབ་གཞིས་སྐུ་འཁོར་རྣམ་པ། གཙང་པོའི་ཁ་ལ་བདེ་འབྱོར་བྱུང་སོང་”ཞེས་བཤད།
ཕ་ལྷས་རྒྱལ་བ་རིན་པོ་ཆེ་ལ་ལམ་བར་དུ་ཞལ་ལག་དང་གསོལ་སྨན་གང་བྱུང་འབུལ་རྒྱུ་བློ་ཡིས་མ་བཟོད་ནས་གསོལ་ཐབ་གཉེར་བ་ཆེན་མོར་“ཆིབས་སྒྱུར་གནང་དང་མི་གནང་མི་ཤེས་ཀྱང་། ལྗགས་སྨིན་གསོལ་ཆས་ཀྱི་རིགས་གྲ་སྒྲིག་བྱས་ཏེ་ར་མ་སྒང་གྲུ་ཁ་ན་སྒུག་སྡོད། དེའི་སྐོར་གཞན་ལ་བཤད་མི་ཆོག་”ཅེས་བཤད་དེ་མགོ་ལ་སྐུ་པར་བཞག་ནས་མནའ་བསྐྱལ་དུ་བཅུག་པ་དང་གྲྭ་བ་བཅུ་ལ་སྐྱ་ཆས་གཡོགས་ནས་ར་སྒང་གྲུ་ཁར་བསྐྱལ་ཏུ་བཅུག
ཆུ་ཚོད་བཅུ་བ་མ་ཟིན་གོང་གི་སྐར་མ་ཁ་ཤས་ཀྱི་མཚམས་དེར་རྒྱལ་བ་རིན་པོ་ཆེ་ཡིས་ཕ་ལྷ་ཡི་འཚེམ་བུ་བས་བཟོས་པའི་དམག་ཆས་དཀྱུས་མ་དེ་མནབས་པ་དང་། དཔུང་པ་གཡས་པར་མེ་མདའ་རིང་མདའ་ཞིག་དང་དཔུང་པ་གཡོན་པར་རྒྱལ་དབང་སྐུ་ཕྲེང་གཉིས་པའི་སྐབས་ཀྱི་སྐུ་ཐང་ཞིག་འཁྱེར་ཞིང་། སྤྱན་ཤེལ་ཨམ་ཕྲག་ནང་དུ་བཅུག
ཕ་ལྷ་ཡིས་གྱོན་གོས་ཀྱི་འོག་ཏུ་གྲི་རིང་ཞིག་ཁྱེར་ཏེ་ཁོང་གི་གཞོགས་དེར་བསྡད་ཡོད་ལ། ཁོས་སྐད་ཤུགས་ཆུང་ངུའི་ཐོག་“རིན་པོ་ཆེ། རྐྱེན་གང་འདྲ་ཞིག་བྱུང་རུང་། རིན་པོ་ཆེ་ང་དང་མཉམ་དུ་ཕེབས་དགོས་”ཞུས།
རྒྱལ་བ་རིན་པོ་ཆེ་དང་ཕ་ལྷ། སྐུ་བཅར་སྤྱི་ཁྱབ་མཁན་པོ། སྐུ་སྲུང་མདའ་དཔོན་བཅས་མི་ཚོགས་ཀྱིས་སྐོར་སྲུང་བྱས་པའི་ནོར་བུ་གླིང་ཁའི་ཕྱི་སྒོ་ནས་ཐོན་འགྲོ་དུས། མི་ཚོགས་ཀྱི་དཀྱིལ་ནས་མི་གཅིག་གིས་སྐད་བརྒྱབས་ཏེ་“མི་འདི་ཚོ་སུ་རེད་”ཟེར་བར།
མི་ཆོབ་ཚ་བོ་ཞིག་གིས་“དེ་ཕ་ལྷ་རེད། ཁྱེད་རང་གིས་ལག་གློག་མ་སྤར་ན་ཡག་པོ་ཡོད་རེད་”ལབ་པ་དང་།
ཕ་ལྷ་ཡིས་ཐག་ཆོད་པོས་དེ་ལ་“ང་ཚོ་ས་ཁུལ་འདིར་སྐོར་སྲུང་ལ་འགྲོ་བ་ཡིན་”ཞེས་བཤད་པས། ཁོང་ཚོའི་གདོང་ལ་གློག་གཞུ་སྤར་ཐུབ་མཁན་མེད་པར་མི་ཚོགས་དཀྱིལ་ནས་ཕར་ཐོན་ཏེ་མདུན་ཕྱོགས་ཀྱི་མུན་ནག་ནང་ཕྱིན།
གཙང་པོའི་འགྲམ་གྱི་སོ་ལྟ་བ་མང་པོ་ཞིག་ཚུར་ཡོང་སྟེ་ཕ་ལྷ་ལ་“རྒྱ་དམག་མཐོང་ས་ལ་མི་འདུག ང་ཚོས་ཕེབས་སྐྱེལ་ཞུས་ཆོག་”ཅེས་ཨུ་ཚུགས་བྱས་ཀྱང་། ཕ་ལྷ་ཡིས་“གལ་སྲིད་ང་ཚོ་མཉམ་དུ་སོང་ཚེ། རྒྱ་དམག་ལ་ང་ཚོར་འདི་ལ་ཡོད། ཤོག ང་ཚོ་བཟུང་ཟེར་བ་དང་གཅིག་པ་རེད། གཙང་པོའི་ཕ་རོལ་ཏུ་འཛོམས་ཤོག་”ཅེས་བཀའ་བཏང་།
ཁོས་དེ་ལྟར་བཤད་སྐབས་རྒྱལ་བ་རིན་པོ་ཆེ་དང་སྤྱི་ཁྱབ་མཁན་པོ། སྐུ་སྲུང་དམའ་དཔོན་བཅས་ཁོའི་རྒྱབ་ཕྱོགས་ནས་ཕར་ཕེབས་ཟིན་པས། ཕ་ལྷ་ཁོང་ཚོའི་རྗེས་ལ་རྒྱུགས་ཕྱིན། རྒྱལ་བ་རིན་པོ་ཆེ་ཡིས་སྤྱན་ཤེལ་བསྣམས་མེད་པས། བྱེ་མའི་ནང་ནས་འགྱེལ་གྲབས་བྱེད་བཞིན་ཕེབས་ཏེ་ཁོང་རྣམས་ར་མ་སྒང་གྲུ་ཁ་རུ་འབྱོར་བ་དང་། ཕ་ལྷའི་འཆར་བཀོད་ལྟར་ཡོངས་འཛིན་རྣམ་གཉིས་དང་བཀའ་ཤག་ལྷན་རྒྱས། ཡབ་གཞིས་སྐུ་འཁོར་བཅས་ཀྱིས་དུས་བཀག་ལྟར་དེ་རུ་བསྒུགས་བཞུགས་ཡོད།
གསུམ།
ར་མ་སྒང་གྲུ་ཁ་ནས་ཕ་ལྷ་ཡིས་“རྒྱལ་རིན་པོ་ཆེ་དང་སྤྱི་ཁྱབ་མཁན་པོ། སྐུ་སྲུང་མདའ་དཔོན། སྐུ་སྲུང་རྟ་དམག་འགའ་བཅས་ཐོན་དང་པོ་དང་། ཡོངས་འཛིན་རྣམ་གཉིས་དང་གསོལ་གཟིམ་རྣམ་པ་ཚོ་ཐོན་གཉིས་པ། ཡབ་གཞིས་སྐུ་འཁོར་རྣམས་ཐོན་གསུམ་པ། བཀའ་ཤག་རྣམ་པ་ཐོན་བཞི་པ་བྱས་ཏེ་རིམ་པ་ལྟར་དུ་ཕེབས་རྒྱུ་དང་། དམག་མི་རྣམས་སྔ་རྗེས་གཉིས་ནས་ཡོང་དགོས་”ཞེས་བཤད་དེ། ཁོང་རྣམས་རིམ་པ་བཞིན་ཕ་ལྷའི་གསང་བྲོས་འཆར་བཀོད་ལྟར་ཕེབས། ཁོང་རྣམས་ཀྱི་འགྲོ་ལམ་ཕྲ་ཞིང་རྡོ་ཧྲིག་གིས་ཁེངས་པ་ཞིག་ཡིན་ལ། གཡས་ཕྱོགས་ཀྱི་ཐག་ཉེ་ས་རུ་རྒྱ་དམག་སྡོད་སྒར་ཞིག་ཡོད་པ་དེ་ཡི་གློག་བཞུ་རྣམས་ཕྲ་ལམ་མེར་མཐོང་བས་ཛ་དྲག་ཤིན་ཏུ་ཆེ།
གང་མཚམས་ཤིག་གི་རིང་གྲགས་འགུལ་ཅི་ཡང་མེད་པར་ཕྱིན་པ་དང་། ནམ་སྨད་ཀྱི་ཆུ་ཚོད་གསུམ་པ་ཙམ་ལ་ཁོང་ཚོས་ཐག་རིང་ནས་ཁྱི་ཟུག་པ་ཐོས་པས། ཕ་ལྷས་རྒྱལ་བ་རིན་པོ་ཆེའི་ཆིབས་རྟ་འཁྲིད་ཀྱིན་ཡོད་པ་མདའ་དཔོན་སྟག་ལྷ་ཡི་ལག་ཏུ་བཞག་པ་དང་། རྟ་བཞོན་ནས་བརྒྱུགས་ཏེ་སྔོན་ལ་ལྟ་རྟོག་བྱེད་དུ་སོང་།
ཁོས་ས་ཆ་དེ་རྣམ་རྒྱལ་སྒང་ཡིན་པ་ཤེས་པ་དང་། དེར་ཡོད་པའི་ཚེ་སྨོན་གླིང་བླ་བྲང་གི་ཁོངས་གཏོགས་རྣམ་རྒྱལ་སྒང་གཞིས་ཀ་རུ་ཞུན་མར་སྤར་བ་མཐོང་། སྒོ་འགྲམ་དུ་འབྱོར་བ་ན་ཆིབས་སྟེགས་ཐོག་གོས་གདན་བཏིང་བ་སོགས་གྲ་སྒྲིག་བྱས་ཏེ་ཕེབས་སྒུག་བཞུས་ནས་བསྡད་ཡོད་པ་རེད།
གཞིས་སྡོད་པས་ཁོང་མཐོང་བ་དང་“སྐུ་ངོ་ཆེན་མོ་ཕེབས་པ་ཡག་བྱུང་། རྒྱལ་བ་ཡིད་བཞིན་ནོར་བུ་ཆིབས་སྒྱུར་གནང་གིན་ཡོད་དམ་”ཞེས་དྲིས་པ་ན།
ཕ་ལྷ་ཡིས་“ཡིད་བཞིན་ནོར་བུ་ག་པར་ཆིབས་སྒྱུར་གནང་གིན་ཡོད་པ་རེད་དམ་”ཞེས་གཞིས་སྡོད་པར་ཕར་དྲིས།
གཞིས་སྡོད་པས་“ལྕོག་སྟེང་སྐུ་ངོ་ཏཱ་བླ་མ་འདིར་ཕེབས་བཞིན་ཡོད་པས་ཡིད་བཞིན་ནོར་བུ་ཆིབས་སྒྱུར་གནང་གིན་ཡོད་རུང་མེད་རུང་། ཨང་གསར་བྱེད་དགོས་གསུངས་སོང་”ཟེར་བར།
ཕ་ལྷས་“ཆིབས་སྒྱུར་གནང་གིན་ཡོད་མེད་ངས་ཤེས་མ་སོང་”ལབ།
ཡང་གཞིས་སྡོད་པས་“འོ་ན་་་སྐུ་ངོ་གང་དུ་ཕེབས་རྒྱུ་ཡིན་ནམ་”ཞེས་དྲིས་པ་ན།
ཕ་ལྷས་“ང་འདི་ཁུལ་དུ་གང་འདྲ་ཡོད་མེད་ལྟ་བར་ཡོང་བ་ཡིན་”ཞེས་ལབ་ཞོར་ཕར་ཚུར་ལྟ་སྐབས། ཐོག་ཁའི་གཟིམ་ཆུང་དེར་གྲ་སྒྲིག་གང་ལེགས་ཞུས་ཡོད་པ་མཐོང་།
ཕ་ལྷ་ལམ་སང་ཕྱིར་སོང་ནས་རྒྱལ་བ་རིན་པོ་ཆེ་ལ་“གཤམ་འོག་དེར་བཞུགས་ཡུལ་ཡག་པོ་ཞིག་འདུག་”ཞུས་ཏེ་དེ་རུ་གདན་འདྲེན་ཞུས་པ་དང་། རྒྱལ་བ་རིན་པོ་ཆེ་ཅུང་ཙམ་རིང་སྐུ་གཟིམ་གནང་དུ་བཅུག
ཆུ་ཚོད་བཞི་པ་ཙམ་ལ་ཕ་ལྷས་རྒྱལ་བ་རིན་པོ་ཆེ་ལ་“ཡོངས་འཛིན་རྣམ་གཉིས་དང་བཀའ་ཤག་ཕེབས་འབྱོར་བྱུང་མ་སོང་སྟེ། ཆིབས་བསྒྱུར་གནང་ན་མ་གཏོགས། འདི་རུ་རྒྱ་དམག་སྒུག་མཁན་འདྲ་བོ་འདུག་”ཞུས་ཏེ་ཁོང་རྣམས་བྱེ་ལའི་ཕྱོགས་སུ་ཐོན།
སྙེ་མདའ་ལ་འབྱོར་དུས་ནམ་ལངས་པ་དང་རྒྱལ་བ་རིན་པོ་ཆེ་ད་དུང་ཞབས་ཐང་ལ་ཕེབས་ཀྱིན་ཡོད་ལ། དེ་རུ་གྲོང་གསེབ་པ་ཁལ་བོང་འདེད་མཁན་འགའ་ཤས་ཕྱིར་ལོག་བྱེད་ཀྱིན་པ་དང་མཉམ་དུ་ཕེབས།
རྒྱལ་བ་རིན་པོ་ཆེ་ཡིས་“ཁྱོད་ཚོ་གང་དུ་ཕྱིན་པ་ཡིན་ནམ་”ཞེས་བཀའ་འདྲི་གནང་བར། བོང་འདེད་པ་ཚོས་“ང་ཚོ་ལྷ་སར་འབྲུ་དོས་དབོར་འདྲེན་འཕྲལ་དུ་གཏོང་དགོས་པའི་བཀའ་རྒྱ་ཕེབས་ཏེ་ཕྱིན་པ་ཡིན་ཡང་། ལྷ་སར་ཟིང་ཟིང་བྱུང་བ་རེད་ཟེར་ནས་ར་མ་སྒང་གྲུ་ཁ་ནས་གཏོང་གིན་མི་འདུག་”ཞུས། རྒྱལ་བ་རིན་པོ་ཆེས་ཕྱག་བོང་བུ་འདེད་མཁན་ན་གཞོན་དེའི་ཕྲག་པར་བཞག་ནས་ཕེབས་ཀྱང་ཁོང་ཚོར་རྒྱལ་བ་རིན་པོ་ཆེ་ཡིན་པའི་དོགས་པ་ཙམ་ཡང་མ་བྱུང་།
སྔ་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་བྱེ་ལའི་རི་གཤམ་དུ་འབྱོར་བ་ན། ཡུལ་མི་རྒན་པོ་བཀྲ་ཤིས་ནོར་བུ་ཟེར་བ་ཞིག་གིས་རྒྱལ་བ་རིན་པོ་ཆེ་ཆིབས་བསྒྱུར་གནང་གིན་ཡོད་པ་གོ་སྟེ། རྟ་ཕོ་གྲོ་དཀར་སྒ་ཆས་དང་བཅས་པ་ཞིག་འཁྲིད་ཡོང་ནས་ཕུལ་བ་ན། སྐུ་འཁོར་རྣམ་པས་ཕན་ཚུན་དབར་“ཆིབས་རྟ་གྲོ་དཀར་ཕུལ་བ་དང་། མིང་བཀྲ་ཤིས་ནོར་བུ་ཡིན་པ་དེ་ནི་རྟགས་མཚན་ཡག་པོ་ཞིག་རེད་”ཟེར།
ཁོང་རྣམས་ཕེབས་རྩིས་གནང་སྐབས། ཆིབས་པ་འབུལ་མཁན་རྒན་པོ་བཀྲ་ཤིས་ནོར་བུ་ཡིས་“བྱེ་ལ་ཕེབས་ལམ་བདེ་ཡང་། དེ་ནས་ཕེབས་རྒྱུ་མེད། གང་ཡིན་ཟེར་ན་བྱེ་ལར་ལོ་ལྟར་ཟླ་གཉིས་པའི་ནང་ཚོགས་མཆོད་གྲོལ་རྗེས་བསམ་ཡས་ཀྱི་གླུད་འགོང་དེ་ནས་འགྲོ་བ་ཡིན་ཙང་དེར་ཕེབས་རྒྱུ་མི་འདུག ལུམ་པ་ལ་ཕེབས་ལམ་རྩུབ་པ་དང་། ལམ་ཐག་ཕྲན་བུ་རིང་ཡང་དེར་ཕེབས་ན་ལེགས་”ཞུས་པས། མི་རྒན་གྱི་ལམ་སྟོན་ལྟར་ལུམ་པ་ལར་ཕེབས། ལ་རྩེ་ལ་འབྱོར་བ་དང་རྒྱལ་བ་རིན་པོ་ཆེའི་ཆིབས་གཡོགས་ཀྱིས་ཆིབས་རྟ་ཡི་ཁ་བྱང་ལ་བསློགས་ཏེ་“རིན་པོ་ཆེ། འདི་ནས་ལྷ་ས་ལ་གཟིགས་པའི་གོ་སྐབས་མཐའ་མ་དེ་རེད་”ཞུས་པ་ན། རྒྱལ་བ་རིན་པོ་ཆེ་ཡིས་འཁྱུག་ཙམ་རིང་སྨོན་ལམ་བཏབ་ནས་བཞུགས།
དགོང་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཙམ་ལ་ར་སྨད་དགོན་དུ་འབྱོར་ཏེ་ཞག་བཞུགས་གནང་པ་དང་དགོང་མོའི་ཆུ་ཚོད་དགུ་པ་ཙམ་ལ་ཆིབས་ཞབས་རྗེས་མ་རྣམས་ཀྱང་འབྱོར།
དགོང་མོ་དེར་བཀའ་བློན་རྣམ་པ་གསུམ་དང་སྤྱི་ཁྱབ་མཁན་ཚབ། སྐུ་སྲུང་མདའ་དཔོན། ཕ་ལྷ། ཛ་སག་ཀུན་གླིང་བཅས་ཀྱིས་སང་ཉིན་གྱི་ཕེབས་ཕྱོགས་སྐོར་ལ་གོ་བསྡུར་གནང་སྐབས། བཀའ་ཤག་ནས་“ད་ཆ་ང་ཚོ་ཆིབས་བསྒྱུར་གནང་ཡུལ་རྒྱ་གར་ལས་འོས་པ་མེད་ཀྱང་། ས་མཚམས་ནས་ཐད་ཀར་མ་བཏང་ན་དཀའ་རྙོག་ཞེ་དྲགས་ཡོང་རྒྱུར་བརྟེན། འདི་ནས་ཡར་ལྷ་སར་ཡོད་པའི་རྒྱ་གར་སྐུ་ཚབ་ལ་འབྲེལ་བ་བྱེད་པར་ཡིག་སྐྱེལ་དུ་འགྲོ་མཁན་ཞིག་གཏོང་དགོས་འདུག འོན་ཀྱང་རྒྱ་མིའི་ལག་ཏུ་ཤོར་ཉེན་ཆེ་བས་ག་རེ་བྱས་ན་ཡག་གམ་”གསུངས་པ་ན།
ཕ་ལྷས་“གནས་ཚུལ་དེའི་སྐོར་དེ་སྔོན་ང་ཚོ་ནོར་གླིང་ནས་ཕེབས་ཐོན་མ་གནང་གོང་ནས་ངས་བདེ་སྐྱིད་གླིང་གར་བཞུགས་པའི་རྒྱ་གར་སྐུ་ཚབ་ཅི་པར་གྱི་མདུན་ལ་མི་མངགས་ནས་བཀའ་མོལ་ཞུས་ཡོད་པས། ཐུགས་འཁྲལ་གནང་མི་དགོས་”ཞེས་བརྗོད་པས།
བཀའ་ཤག་ལྷན་རྒྱས་ནས་“དེ་ལས་ལྷག་པ་བྱེད་རྒྱུ་མི་འདུག ཨང་གི་དང་པོ་བྱུང་བཞག ད་ནི་རྒྱ་གར་སྐུ་ཚབ་སར་མི་གཏོང་དགོས་དོན་མི་འདུག་”གསུངས།
དེ་ནས་ཁོང་ཚོས་ར་སྨད་དགོན་ནས་ཆིབས་ཐོན་གནང་སྟངས་སྐོར་ལ་གྲོས་བསྡུར་བྱས་ཏེ། རྒྱལ་བ་རིན་པོ་ཆེ་ཡིས་ན་བཟའ་ཕྱུ་ཆེན་དཀྱུས་ཆས་བཞེས་མུས་ལྟར་སྟོན་འཁོར་ཧྲག་བསྡུས་ཀྱིས་ཕེབས་རྒྱུ་དང་། ཡོངས་འཛིན་རྣམ་གཉིས། བཀའ་བློན་རྣམ་པ། རྒྱལ་ཡུམ་ཆེན་མོ་སྐུ་འཁོར་བཅས་ཚོ་ཁག་སོ་སོ་བྱས་ཏེ་ཕེབས་རྒྱུའི་ཐག་གཅོད་གནང་སྟེ། ཉིན་གུང་ཙམ་ལ་རྒྱལ་བ་རིན་པོ་ཆེ་ཕེབས་ཐོན་གནང་།
སྤྱན་གཡས་དགོན་དུ་འབྱོར་ནས་བཞུགས་ཞག་གནང་པ་དང་། དགོང་མོ་སྐུ་སྲུང་མདའ་དཔོན་གྱིས་འཁྱེར་ཡོང་བའི་སྒྲ་སྡུད་རླུང་འཕྲིན་ལས་ཨ་རིའི་རྒྱ་སྐད་རླུང་འཕྲིན་ཐོག་“བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཁྲི་ཕྲག་ནས་རྒྱ་མི་གུང་ཁྲན་ལ་བཙན་རྒོལ་གྱི་ཟིང་འཁྲུག་ཆེན་པོ་བྱུང་བ་དང་། ཏཱ་ལའི་བླ་མ་གར་ཕེབས་ཤེས་རྟོགས་མི་འདུག་”ཅེས་བཤད་པ་ཐོས་པས། སྐུ་འཁོར་ཚང་མས་བོད་མིའི་རང་དབང་ལས་འགུལ་དེ་འཛམ་གླིང་ཡོངས་ཀྱིས་ཤེས་རྟོགས་བྱུང་འདུག་སྙམ་ནས་དགའ་སྣང་ཆེན་པོ་སྐྱེས།
འཕྱོང་རྒྱས་རི་བོ་བདེ་ཆེན་དགོན་དུ་འབྱོར་ནས་དེར་བཞུགས་སྐབས་རྩིས་དཔོན་རྣམ་སྲས་གླིང་པ་རྒྱལ་བ་རིན་པོ་ཆེར་མཇལ་ཁར་ཆེད་བཅར་གྱིས་“རིན་པོ་ཆེ། ཉེ་ཆར་ལྷ་ས་ཁུལ་དུ་རྒྱ་མིས་སྔོན་ནས་བོད་མི་རྣམས་ལ་དྲག་གནོན་བྱ་རྒྱུའི་འཆར་གཞི་ཡོད་པ་ལྟར། ཕྱི་ཚེས་ཉི་ཤུ་ཉིན་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་སོང་”ཞེས་སྙན་སེང་ཞུས། དེ་མ་ཐག་རྒྱལ་བ་རིན་པོ་ཆེ་ཡིས་གྲ་ནང་ནས་ཆིབས་རགས་ཞལ་གྱེས་ཀྱིས་ཕེབས་མཇུག་ཏུ་ལུས་པའི་བཀའ་བློན་རྣམ་པ་དོ་ནུབ་རང་འཕྱོང་རྒྱས་ལ་འབྱོར་དགོས་པའི་བཀའ་ཡིག་འཁྱེར་མཁན་བང་མི་ཆེད་གཏོང་མཛད་པ་ལྟར། ཕེབས་འབྱོར་བྱུང་ནས་དགོང་མོ་དེ་རང་ལ་རྒྱལ་བློན་ལྷན་ཚོགས་ཀྱི་ཆིབས་བསྒྱུར་གནང་ཡུལ་སོགས་ལ་བཀའ་བསྡུར་གནང་པ་དང་། ཕེབས་ཡུལ་འབྲུག་དང་མཚོ་སྣ་གང་ཡག་ཕྱག་ཤོ་བཞེས་ཏེ་ཕྱག་མོ་གཟིགས་པ་ན། མཚོ་སྣ་བཟང་བར་ཕེབས་པས་ལྷུན་རྩེ་རྫོང་བར་ཤར་བསྐྱོད་གནང་རྒྱུ་དང་། ལྷུན་རྩེ་རྫོང་དུ་འབྱོར་འཕྲལ་བོད་ཀྱི་གནས་སྐབས་གཞུང་ཞིག་གསར་འཛུགས་གནང་རྒྱུ་ཐུགས་གཏན་འཁེལ།
བཞི།
ཕྱི་ཚེས་ཉེར་དྲུག་ཉིན་ལྷུན་རྩེ་རྫོང་དུ་འབྱོར་བ་དང་། ཕེབས་ལམ་གཡས་གཡོན་དུ་ས་དཀར་སེར་གྱི་ཐིག་བཏབས་ཤིང་བསངས་ལྷས་ལམ་ཁེངས་པ་བཅས་ཕུལ་བ་དང་། དགེ་འདུན་པ་རྣམས་ཕེབས་ལམ་དུ་སེར་སྦྲེང་གིས་དུང་དང་རྒྱ་གླིང་བཅས་ཀྱི་རོལ་མོ་འབུད་དཀྲོལ་བྱས། བྲོ་པ་དང་གཞས་མ་སོགས་ནས་རྟེན་འབྲེལ་གྱི་གླུ་གར་ཕུལ། མི་མང་སྟོང་ཕྲག་བརྒལ་བས་གཟབ་འཆོར་སྤྲས་ཏེ་ལག་ཏུ་བདུག་སྤོས་དང་མཇལ་དར་ཁྱེར་ནས་དད་གུས་ཀྱི་སྟར་ཕྲེང་བསྒྲིགས་པའི་དབུས་སུ་རྒྱལ་བ་རིན་པོ་ཆེ་ཞལ་དགྱེས་འཛུམ་དང་བཅས་ལྷུན་རྩེ་རྫོང་གི་ཡང་སྟེང་གི་གཟིམ་ཆུང་ཀུན་དགའ་འོད་སྣང་དུ་ཞབས་སོར་འཁོད།
དེ་ནས་བོད་ཀྱི་གནས་སྐབས་ཀྱི་གཞུང་གསར་འཛུགས་མཛད་སྒོ་ཚོགས་ཆེད་རྒྱལ་བ་རིན་པོ་ཆེ་སྤྱན་རྒྱ་དང་སྤོས་འཛིན། སྤོས་སྣེ་བཅས་ཀྱིས་སྔོན་བསུས་ཏེ་དབུ་རྩེ་གཟིམ་ཆུང་ཀུན་དགའ་འོད་སྣང་ནས་ཚོམས་ཆེན་བདུད་འདུལ་རབ་བརྟན་ནང་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་པ་དང་། སྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས། བཀའ་བློན་རྣམ་པ་གསུམ། སྐུ་བཅར་སྤྱི་ཁྱབ་མཁན་ཚབ། མཁན་དྲུང་ཏཱ་བླ་མ། གསོལ་གཟིམ་མཆོད་གསུམ་སོགས་ཆིབས་ཞབས་སྐུ་འཁོར་རྣམ་པ། སྐུ་སྲུང་དམག་གི་འགོ་ཁྲིད་རྣམ་པ། ས་གནས་དེ་གའི་འགོ་ཁྲིད་དང་སེར་སྐྱ་བཅས་གྲལ་ལ་འཁོད་མཚམས། རྩེ་མཁན་མགྲོན་ཆེ་བ་ཕ་ལྷས་སྣེ་ཁྲིད་གསོལ་ཇ་དང་། བཞེས་འབྲས་རིམ་བཞིན་ཕེབས།
ཆིབས་ཞབས་སྤྱི་མགྲིན་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་ཕུལ་སྐབས་ཡོངས་འཛིན་གླིང་རིན་པོ་ཆེ་ནས་མནྜལ་ལྗགས་བཤད་དང་། སྐབས་དོན་ཆོས་སྲིད་ཀྱི་གནད་དོན་སྙན་སྒྲོན་ཟབ་ཅིང་རྒྱས་པར་གནང་བས་དེར་འདུས་སྐྱ་སེར་ཚང་མ་དགའ་སྐྱོའི་མིག་ཆུ་རང་དབང་མེད་པར་ཤོར།
ཐ་དོན་དེར་ཡོད་མཐོ་དམན་མི་སྣ་ཡོངས་རྫོགས་རྡོ་གཅལ་མཐིལ་དུ་འཛོམས་ཐོག རྫོང་གི་སུམ་སྐས་འགོར་བཀའ་བློན་རྣམ་པ་གསུམ་ལྷན་འཛོམས་གནང་སྟེ། བཀའ་བློན་ཟུར་ཁང་དགེ་ལེགས་དབང་ཆེན་གྱིས་“ཉེ་ཆར་རྒྱ་དམར་གྱིས་རྒྱལ་ས་ལྷ་ས་རུ་སྔར་མ་གྲགས་པའི་བཙན་གནོན་བྱས་རྐྱེན། དེ་རིང་ལྷོ་ཁུལ་གཡུལ་རྒྱལ་ལྷུན་པོ་རྩེའི་ཕོ་བྲང་དུ་གནས་སྐབས་ཀྱི་བོད་གཞུང་གནས་སྤོས་གསར་འཛུགས་གནང་པའི་ཁྱབ་བསྒྲགས་བྱས་པ་ཡིན་”ཞེས་གསལ་བསྒྲགས་གནང་ཞིང་། རྡོ་གཅལ་ནང་མི་དམངས་ཀྱིས་བྲོ་གཞས་གླུ་གར་ཕུལ་ཏེ་མཛད་སྒོ་ལེགས་པར་གྲུབ།
དེ་ཉིན་དགོང་དྲོ་ལྷུན་རྩེ་རྫོང་ནས་ཕེབས་ཐོན་གནང་སྟེ་ཆུ་ཚོད་གཅིག་ཙམ་གྱི་ས་དྲེའུ་ལྷས་དགོན་པར་ཆིབས་བསྒྱུར་གྱིས་བཞུགས་ཞག་གནང། དེར་རྒྱལ་བློན་བཀའ་གྲོས་གནང་སྟེ། རྒྱལ་བ་རིན་པོ་ཆེ་བོད་ས་གང་དུ་བཞུགས་ཀྱང་། རྒྱ་དམར་གྱིས་རྗེས་འདེད་གཏོང་རྒྱུ་སྨོས་མེད་དང་། ཕན་ཚུན་དམག་འཐབ་ཛ་དྲག་བྱུང་ན་མི་མང་པོའི་སྲོག་ཤོར་བའི་ཉེན་ཁ་ཡོད་པས། དེ་ལྟར་མི་འབྱུང་ཆེད་རྒྱ་གར་དུ་མ་ཕེབས་མཐུ་མེད་ཡིན་པ་ཐག་བཅད་པ་དང་། དགོང་མོ་དེའི་ཆུ་ཚོད་བཅུ་གཉིས་ཐོག་ཕ་ལྷ་སྲས་བཀྲ་ཤིས་དབང་ཕྱུག་དང་ཆང་ཁྱིམ་སྐལ་བཟང་ཐུབ་བསྟན་གཉིས་ས་མཚམས་ཀྱི་རྒྱ་གར་ས་སྲུང་འགོ་ཁྲིད་བརྒྱུད་རྒྱ་གར་གཞུང་ལ་གནས་ཚུལ་ཞུ་བར་མངགས།
ལྔ་།
ཁོང་རྣམས་དཀར་པོ་ལར་འཛེགས་སྐབས་རི་ཀླུང་ཁ་བས་གཡོགས་པས་སྔ་ཉིན་གྱི་ཉམས་མྱོང་ལྟར་སྐྲ་དང་རས་ནག་པོས་མིག་བཀབ་ནས་ལ་རྩེར་ཕེབས་སྐབས། གློ་བུར་དུ་སྒྲ་ཆེན་པོ་ཞིག་ཐོས། ཁོང་ཚོས་ཡར་ལྟ་མར་ལྟ་བྱས་པ་ན་གནམ་གྲུ་ཞིག་སླེབས་པས། ཚང་མ་རྟ་ལས་བབས་ནས་བྲག་གསེབ་ལ་གབ། རྒྱལ་བ་རིན་པོ་ཆེ་དང་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ། མཁན་ཚབ་དགའ་བྲང་། མདའ་དཔོན་སྟག་ལྷ་བཅས་གངས་བཞུར་ཟིན་པའི་ས་ཀོང་ཞིག་ཏུ་ཡུད་ཙམ་བཞུགས།
ཆིབས་ཞབས་སྐུ་འཁོར་ཚང་མས་“རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭར་འགལ་རྐྱེན་མི་ཡོང་བར་ཤོག་”ཅེས་གསོལ་འདེབས་ཞུས།
བསྟན་སྲུང་དང་བླངས་དམག་འགའ་ཤས་ནས་གནམ་གྲུར་མེ་མདའ་རྒྱག་རྩིས་བྱས་པར། མགྲོན་ཆེ་ཕ་ལྷ་ཡིས་རྒྱལ་བ་རིན་པོ་ཆེའི་བཀའ་ཕེབས་པ་ལྟར་“མེ་མདའ་གང་བྱུང་རྒྱག་ཐལ་མ་བྱེད་”ཅེས་བཀའ་ཁྱབ་གནང་།
གནམ་གྲུ་དེས་ལྡིང་སྐོར་ཙམ་ཡང་མ་བརྒྱབ་པར་ཤར་རྒྱག་བྱང་ཤར་ཕྱོགས་སུ་བསྐྱོད་སོང་ཡང་། རྒྱ་མིས་ལྟ་ཞིབ་བྱེད་པར་ཡོང་བར་ངོས་འཛིན་གྱིས་འགྲུལ་མི་ཚང་མ་ཡང་བསྐྱར་ཚོ་ཁག་འགའ་ཤས་བཟོས་ཏེ་ཕེབས་བསྐྱོད་མཛད།
མང་མང་དུ་ཞབས་སོར་འཁོད་པ་དང་གྲ་སྒྲིག་གང་ལེགས་བྱས་པའི་དབུ་གུར་ནང་བཞུགས་ཞག་གནང་། དེ་རུ་ས་མཚམས་སུ་མངགས་པའི་ཕ་ལྷ་སྲས་དབང་ཕྱུག་དང་ཆང་ཁྱིམ་སྐལ་བཟང་ཐུབ་བསྟན་གཉིས་ཕྱིར་ཡོང་ནས་ཕེབས་སྒུག་བྱས་ཡོད་པས། ཁོང་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་“རྒྱ་གར་གཞུང་གིས་རྒྱལ་བ་རིན་པོ་ཆེ་དང་། སྐུ་འཁོར་རྣམས་རྒྱ་གར་དུ་ཕེབས་ཆོག་པའི་བཀའ་འཁྲོལ་བཟང་པོ་ཐོབ་བྱུང་ལ། རྒྱ་གར་གྱི་ས་སྲུང་ལས་བྱེད་པ་ཚོས་ས་གནས་སུ་ཆུ་དྭངས་མོས་དགའ་བསུའི་ཕེབས་སྒྲིག་ཞུ་བཞིན་འདུག་”ཅེས་སྙན་སེང་ཞུས་པ་ན། སྐུ་འཁོར་ཡོངས་དགྱེས་ཚོར་ཆེན་པོ་བྱུང་།
དགོང་མོ་དེར་ཆར་བ་བབས་ཆེ་བས་དབུ་གུར་ནང་ཆུ་ཐིགས་འཛར་ནས་རྒྱལ་བ་རིན་པོ་ཆེ་གཟིམ་ཁུག་མ་ཐུབ་རྐྱེན། ཕྱི་ཉིན་སྔ་དྲོ་སྐུ་ཁམས་ཕྲན་བུ་བདེ་མིན་ཐོག ཉིན་ཕྱེད་མཚམས་གསོལ་གྲོད་བཤལ་བའི་སྙུན་གཞི་བཞེས། རྒྱལ་བ་རིན་པོ་ཆེའི་བཞུགས་ཡུལ་མོན་པའི་ཤིང་ཁང་ཞིག་ལ་སྤོ་བཞུགས་གནང་ཡང་། ཁང་པ་དེ་ངོས་མི་གཙང་ཞིང་། སྟེང་དུ་ཁྱིམ་བྱ་དང་འོག་ཏུ་བ་ཕྱུགས་ཀྱི་སྐད་སོགས་ཀྱིས་ཐུགས་བསུན་སྣོན་མ་ལྟ་བུར་གྱུར།
སྐབས་དེར་སྐུ་སྲུང་མདའ་དཔོན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལ་རྒྱ་གར་གྱི་སྨན་རིལ་བུ་གཅིག་ཡོད་པ་དང་། སྔ་ལོར་དགའ་ལྡན་དུ་གསོལ་སྨན་དེ་བཞེས་པའི་ཉམས་མྱོང་ཡང་ཡོད་པས། ཁོས་“རིན་པོ་ཆེ། གསོལ་སྨན་རིལ་བུ་གཅིག་རང་ཡོད་པ་འདི་མཆོད་བཞེས་གནང་ན་ཐུགས་ཕན་གསོ་ཡི་རེད། ”ཅེས་ཞུས་པ་དང་། སྨན་དེ་མཆོད་གནང་བས་་ཕྲན་བུ་ཐུགས་ཕན་གསོས་པ་ལྟ་བུ་བྱུང་།
ཕྱི་ཚེས་སོ་གཅིག་ཉིན་སྣ་ལོ་ཆིབས་མཛོ་ཞིག་ལ་ཆིབས་སྒ་སྒྲོན་ཡོད་པར་བཅིབས་ནས་ཕེབས། ཕེབས་ལམ་ཞན་སར་སྐུ་སྲུང་མདའ་དཔོན་དང་རྩེ་མགྲོན་ངག་དབང་རིག་གྲོལ་ནས་ཕེབས་སྐྱོར་ཞུས་ཏེ་ཕེབས།
གང་མཚམས་ཤིག་ཕེབས་སྐབས་ལུང་ཤུར་ཤིང་ནགས་ཧ་ཅང་མཐུག་ཅིང་། བྲག་རི་མཐོན་པོ་ཡོད་པ། དྲག་ཏུ་འབབ་པའི་ཆུ་བོ་ཞིག་གི་མདོར་ཕེབས་དུས། རྒྱལ་བ་རིན་པོ་ཆེ་ཡིས་ཕྱག་ཐལ་མོ་སྦྱར་ནས་ལས་དྲུང་ལ་“ལུང་པ་འདིའི་ཕུ་ན་གནས་རྩ་ཆེན་ཞིག་ཡོད་འདུག་པས། ལས་དྲུང་ལ་རྒྱུས་མངའ་ཡོད་དམ་”ཞེས་བཀའ་འདྲི་གནང་བ་ན།
ལས་དྲུང་གིས་“གུས་པར་རྒྱུས་མེད། འོན་ཀྱང་། ངའི་ཕ་མ་དང་མོན་པ་རྒན་རབས་པ་ཚོས་འདིའི་ཕུ་ན་བདེ་མཆོག་གི་བླ་རི་བྱིན་རླབས་ཅན་ཞིག་ཡོད་པ་རེད་ཟེར་བ་གོ་མྱོང་”ཞུས་པར། རྒྱལ་བ་རིན་པོ་ཆེ་ཡིས་“གནས་རྩ་ཆེན་པོ་ཞིག་ཡོད་པ་འདྲ་”གསུངས།
མོན་པ་ཚོས་ཕེབས་བསུ་མཚོན་བྱེད་ཧ་ཡང་ནང་ཆབ་བསྐོལ་གྲ་སྒྲིག་ཞུས་ཡོད་པའི་ས་ཆ་ཕྲན་བུ་ཁོད་ཡངས་ཤིང་། རྒྱ་ཅུང་ཙམ་ཆེ་བའི་སྤང་ཞིག་ཡོད་པ་དེ་ཡི་ཕར་ཙམ་ཞིག་ཏུ་ཉི་ཁུག་ཡག་པོ་ཞིག་ཡོད་པ་དེ་རུ་སྐུ་ངལ་མཛད་བཞེད་ལྟར། ཉི་ཁུག་དེར་ཁྱུག་ཙམ་རིང་སྐུ་གཟིམ་གནང་ནས་མནལ་ཅུང་ཟད་ཕེབས། ཆུ་ཚོད་གཅིག་ཙམ་ནས་རྒྱལ་བ་རིན་པོ་ཆེ་མནལ་ལས་བཞེངས་ཏེ་“ངའི་སྙུན་གཞི་ཕྲན་བུ་དྭངས་སྐྱེད་བྱུང་འདུག་”གསུངས་པས། ཆིབས་ཞབས་ཚང་མ་འཛུམ་དམུལ་དམུལ་དུ་གྱུར།
བོད་དང་རྒྱ་གར་གྱི་ས་མཚམས་ཡིན་པའི་རྒྱུགས་ཆུ་ཞིག་ཡོད་པ་དེ་ཡི་ཟམ་པའི་ཐོག་ཕེབས་སྐབས། ཟམ་པའི་ཕ་རོལ་ནི་རྒྱ་གར་གྱི་ས་སྲུང་བ་སྡོད་ས་ཀན་ཙ་མ་ཎི་ཞེས་པ་དེ་ཡིན་ལ། དེ་རུ་མོན་རྟ་དབང་དུ་སྡོད་པའི་རྒྱ་གར་གྱི་དཔོན་རིགས་གཙོ་བོ་སྐུ་ཞབས་ཌེ་ཨེ་སི་མུར་ཏི་དང་ལས་བྱེད་པ་བྷ་བུ་བླ་མ། བོད་རིགས་རྭ་སྒྲེང་བློ་བཟང་ཟླ་བ། ས་སྲུང་དམག་མི་སུམ་ཅུ་ལྷག་ཙམ་བཅས་ཀྱིས་ཕེབས་བསུའི་འཚམས་འདྲི་དང་། གུས་འདུད་ཞུས་ཏེ་མཇལ་དར་འབུལ་ལམ་ཞུས་པ་རྒྱལ་བ་རིན་པོ་ཆེ་ཡིས་དགྱེས་བཞེས་གནང་།
སྐུ་ཞབས་མུར་ཏི་ནས་“རྒྱལ་བ་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་རྒྱ་གར་ས་ཐོག་ཏུ་ཕེབས་རྒྱུར་རྒྱ་གར་གཞུང་དང་མི་དམངས་རྣམས་ཀྱིས་དགའ་བསུ་ཞུ་རྒྱུ་དང་། རྒྱལ་བ་རིན་པོ་ཆེ་རྒྱ་གར་གཞུང་གི་སྐུ་མགྲོན་ལྟར་གུས་བཀུར་ཞུ་རྒྱུ་ཡིན་”ཞེས་སྙན་གསེང་དང་འབྲེལ་གསལ་བསྒྲགས་གནང་པ་ན། ཕ་ལྷ་སོགས་སྐུ་འཁོར་ཡོངས་ཀྱིས་“ད་ནི་གསང་གྲོས་འཆར་གཞི་ལེགས་འགྲུབ་བྱུང་སོང་”ཞེས་ཕན་ཚུན་ལ་སྐད་གསེང་མཐོན་པོས་བརྗོད་བཞིན་བློ་བདེ་བག་ཕེབས་ཀྱིས་བཞུགས་སོ།།
 

༡༽ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕོ་བྲང་ནོར་བུ་གླིང་ག་ནས་རྒྱ་གར་གྱི་ས་མཚམས་ཀན་ཙ་མ་ནི་བར་གྱི་གསང་བྲོས་མཛད་རྣམ་འདི་ནི། ཁོང་གི་མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ། གླེགས་བེམ་ལྔ་པ་དང་། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། བཙན་བྱོལ་ནང་གི་རང་དབང་བཅས་དང་། མགྲོན་གཉེར་ཆེན་མོ་ཕ་ལྷ་བའི་སྐུ་ཚེ་ལོ་རྒྱུས། སངས་རྒྱས་ཀྱི་དཔའ་བརྟུལ་ཚོ། བཅས་ལ་གཞི་བཅོལ་ཏེ་སྒྲུང་ལྟར་སྒྲིག་རྩོམ་བགྱིས་པ་ཞིག་ཡིན།