བོད་དགེ་ལྷག་པ་ཚེ་རིང། ཅོན་ཏ་ར་བོད་ཁྱིམ། གཞི་རིམ་བར་མའི་བོད་དགེ

ཕ་མ་དམ་པའི་གདམས་ངག་རྣམས་ཡིད་ལ་དྲན་བཞིན་རྟག་ཏུ་གཞན་ཕན་གྱི་བྱ་བར་འཇུག་པར་སྤྲོ་བ་ཆེ་ཞིང་སྐྱོ་ངལ་མེད་པར། ད་ཆ་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་བ་དེ་ཡང། བདག་རང་ཆུང་བྱིས་པའི་དུས་ནས་པཱ་ལགས་ཀྱིས་གནང་བའི་བསླབ་བྱ་རྣམས་དྲན་མ་ཐག་ཏུ་མིག་ཟུང་ནས་མཆི་མ་རང་དབང་མེད་པར་ཤོར་བྱུང་།
སྔོན་སྤང་ཐང་དང་ཤིང་སྣ་འཛོམས་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ལ་ཕ་མ་བགྲེས་སྲོང་ཁྱོ་ཤུགས་གཉིས་ལ་བུ་རྒན་གཞོན་གཉིས་ཡོད་ཅིང། ཕ་བགྲེས་སྲོང་དེ་ནི་གཤིས་རྒྱུད་བཟང་ཞིང་མི་ཀུན་དང་མཐུན་པ། བརྩོན་འགྲུས་དང་དཔའ་ངར་ལྡན་པ་ཞིག་ཡོད། མ་བགྲེས་སྲོང་དེ་ཡང་ཐུགས་གཤིས་ཧ་ཅང་བཟང་ཞིང་ལྟོ་གོས་མལ་གསུམ་གྱིས་ཕོངས་པའི་སྤྲང་པོ་ཚོར་སྦྱིན་པ་གཏོང་རྒྱུར་དགའ་བ་ཞིག་ཡིན། བུ་རྒན་པ་བཀྲ་ཤིས་ནི་བང་རྩལ་ཆེ་ཞིང་རྩེད་མོའི་རིགས་ལ་དགའ་མོས་ཆེ་བ་དང་། བུ་ཆུང་བ་དོན་གྲུབ་ནི་རྒྱུན་དུ་སྐྱེ་བོ་སུ་དང་འཕྲད་ཀྱང་ཞལ་རས་འཛུམ་ཞིང་། རྒན་པར་གུས་ཞབས་ཆེ་ལ་རང་ལས་ཆུང་བ་རྣམས་ལ་བྱམས་སྐྱོང་གནང་མཁན་ཞིག་ཡིན།
ནམ་ཞིག་ན་ཡུལ་དེར་ནད་ཡམས་དང་མུ་གེ་ཆེན་པོ་བྱུང་སྟེ་མི་ཚང་མར་དཀའ་ངལ་རྫོགས་མཐའ་མེད་པ་ཞིག་འཕྲད་ནས་གང་འདྲ་ཅི་འདྲ་བྱེད་དགོས་སྙམ་ནས་བསྡད། སྐབས་དེར་མ་བགྲེས་སྲོང་དེ་ཡིས་རང་གི་རྒྱུ་དངོས་རྣམས་ཕངས་མེད་ངང་མི་དབུལ་ཕོངས་ཚོར་སྦྱིན་པ་བཏང་བ་རེད།
ཕ་བགྲེས་སྲོང་དེ་ནི་རྒྱུན་དུ་ཞིང་ལས་ལ་བྲེལ་བ་ཆེ་བས་སྐབས་འགར་ཟས་ཟ་ལོང་ཡང་རགས་ཀྱི་མེད་ཅིང། ཁོང་ཞིང་ཁའི་ནང་ཞིང་ལས་ལ་བྲེལ་བའི་སྐབས་སུ་བུ་ཆུང་བ་དོན་གྲུབ་ཀྱིས་པཱ་ལགས་ལ་ཞལ་ལག་བསྐྱལ་བར་སླེབས་ཀྱི་ཡོད། བུས་ཞིང་ཁའི་ནང་ལས་ལ་བྲེལ་བཞིན་པའི་རང་གི་པཱ་ལགས་མགོ་ནས་མཇུག་བར་རྔུལ་ཆུས་བརླན་ཞིང་སྟོད་གོས་དང་སྨད་གོས་གཉིས་ཀྱང་རློན་རྐྱང་དུ་འགྱུར་བ་མཐོང་སྟེ། བུ་ཆུང་དོན་གྲུབ་ཀྱིས། པཱ་ལགས་སྐུ་ངལ་བསོས་ནས་ཏོག་ཙམ་བཞུགས་དང་། ངས་ཁྱེད་ལ་ཕྱག་རོགས་ཞུས་ཆོག་ཅེས་བཤད། ཕ་བགྲེས་སྲོང་གིས་ཡོང་ང་། བུ་ཁྱེད་ཀྱིས་ཞིང་རྨོས་ཤེས་སམ། བུས་རྨོས་ཤེས་ཀྱི་ཡོད་ཅེས་བཤད་ནས། ཞིང་ཡོངས་རྫོགས་རྨོས་ཟིན་པ་དང། རང་ཁྱིམ་དུ་ལོག་ཕྱིན། ཁྱིམ་དུ་འབྱོར་མ་ཐག་ལུས་ཡོངས་རྫོགས་དཀའ་ལས་ཁག་སྟེ་ངལ་གསོ་བརྒྱབ།
ཕ་བགྲེས་སྲོང་གིས་མི་བཟོད་པར་བདག་གི་བུ་སྡུག་པ་འདིར་ཅི་བྱུང་བ་ཡིན་ནམ་སྙམ་སྟེ་བློ་འཚབ་ཆེན་པོ་ལངས། པཱ་ལགས་བུའི་ཉལ་ཁྲིའི་གམ་དུ་སོང་སྟེ། བུ་ཁྱེད་བདག་ལ་གསོན་ཞིག་ཨང་།། སྔོན་ཆད་དཀའ་སྡུག་མྱངས་མེད་པས། ལྕི་བའི་ལས་ལ་བཟོད་མི་ནུས།། ལྕི་བའི་ལས་ལ་བཟོད་ནུས་ན།། ཕྱིས་ནས་ལུས་པོ་བདེ་ཞིང་སྐྱིད།།
ཅེས་བརྗོད་དེ་ཕ་བགྲེས་སོང་ཐུགས་དགྱེས་ཚོར་ཆེན་པོས་ལག་གཉིས་ཀྱིས་ཁོ་པའི་དཔྲལ་བར་བྱིལ་བྱིལ་བྱས་ཏེ། ནམ་ཞིག་བུ་རྒན་པ་བཀྲ་ཤིས་གྲོགས་ངན་ཞིག་གིས་བསླུ་ཁྲིད་འོག་རྐུ་མ་བརྐུས་པའི་ཉེས་མིང་ཕོག་ཏེ་ཡུལ་གྱི་སྐོར་བས་འཇུ་བཟུང་བྱས་པ་དང་བཙོན་དུ་འཁྲིད། གནས་ཚུལ་དེ་ཐོས་མ་ཐག་ཏུ་ཁོང་གི་ནང་མི་ཚང་མར་བློ་ཡུལ་ལས་འདས་པའི་དངངས་སྐྲག་ཆེན་པོ་སྐྱེས་ཏེ་བཙོན་ནས་འདོན་ཐབས་བྱས་ཀྱང། རོགས་རམ་བྱེད་མཁན་སུ་གཅིག་མ་བྱུང་བས། བུ་ཆུང་དོན་གྲུབ་ཀྱི་སེམས་ནང་གནའ་བོའི་གཏམ་དཔེ་ལྟར་བཟང་པོའི་ཞོར་ལ་ཇ་ཆང་དང། ངན་པའི་ཕྱོགས་ལ་རྒྱུག་བརྡུང་ཞེས་པ་འདི་དྲན་ནས། རང་གི་ཕུ་བོ་བཀྲ་ཤིས་གྲོགས་ངན་པས་ཕུང་བར་ཤེས་ཏེ། བུ་ཆུང་དོན་གྲུབ་ཀྱིས་ཕ་མ་བགྲེས་སོང་གཉིས་ལ་སྨྲས་པར། ཁྱེད་གཉིས་སེམས་སྡུག་བྱས་ནས་ཅི་ལ་ཕན། བུ་ཆུང་ངས་ཐབས་ཤིག་འཚོལ་ཆོག་ཅེས་ཟེར་ནས་ཕྱིར་ཐོན་ཕྱིན།
བུ་ཆུང་དོན་གྲུབ་ཀྱིས་རང་གི་ཕུ་བོས་རྐུན་མ་བརྐུས་མེད་པར་གྲོགས་ངན་གྱིས་ཕུང་ཚུལ་རྣམས་ཡུལ་དེའི་དཔོན་པོར་ཞུ་བར་བཅར་ནས་ལོ་རྒྱུས་རྣམས་ཞིབ་པར་ཞུས། ཡུལ་དེའི་དཔོན་པོས་བཀྲ་ཤིས་ཀྱི་གྲོགས་པོ་ཐམས་ཅད་ཚུར་བཀུག་སྟེ། རྐུན་མ་རྐུ་མཁན་སུ་ཡིན་མིན་གྱིས་རྩད་གཅོད་བྱས་ཀྱང་ངོས་ལེན་བྱེད་མཁན་རྩ་བ་ནས་མ་བྱུང་སྟབས། ཡུལ་གྱི་དཔོན་པོས་བུ་ཆུང་དོན་གྲུབ་ཁྱེད་ལ་ཐབས་བྱུས་ཤིག་ཨེ་ཡོད་ཞེས་དྲིས་པར། ཀྱེ། མི་དབང་ལགས། ཡོང་ང་ཞེས་ལན་བཏབ། ཁོས་བུ་རྒན་པ་བཀྲ་ཤིས་ཀྱི་གྲོགས་པོ་ཚང་མར་དབྱུག་པ་རིང་ཐུང་གཅིག་པ་རེ་རེ་སྤྲད་དེ་སྨྲས་པར། སང་ཉིན་གྲོགས་པོ་སུའི་དབྱུག་པ་སོར་གང་རིང་དུ་ཕྱིན་ཡོད་ན། དེ་ནི་རྐུན་མ་ཡིན་པར་ངོས་འཛིན་བྱས་ཏེ་འཇུ་བཟུང་བྱ་རྒྱུ་ཡིན། ཞེས་གསལ་བཤད་བྱས་ཏེ་ཁྱིམ་དུ་ལོག་བཏང། དེའི་དགོང་མོར་རྐུན་མ་རྐུ་མཁན་དེའི་སེམས་ནང་དངངས་སྐྲག་དང་ཞེད་སྣང་སྐྱེས་ནས་རང་ཉིད་ཀྱི་དབྱུག་པ་འདི་རིང་དུ་འགྲོ་ངེས་རེད་ཅེས་རྣམ་རྟོག་མང་པོ་འཆར་ཏེ། དབྱུག་པའི་རིང་ཚད་སོར་གང་གཏུབས་ཏེ་དགོང་མོ་དེར་བློ་བདེ་པོའི་ངང་ཉལ་ནས་བསྡད། སང་ཞོགས་དེར་ཤར་རིའི་འཕགས་ནས་རྟ་བདུན་དབང་པོའི་འོད་ཟེར་ཀུན་དུ་འཕྲོས་མ་ཐག་ཏུ། མཁའ་དབྱིངས་སུ་གཉིས་སྐྱེས་ཚོགས་རྣམས་ཀྱིས་གླུ་དབྱངས་ཐོས་འཕྲལ། རྐུན་པོ་དེ་མལ་ནས་ལངས་ཏེ་ཞོགས་ཟས་གྲུབ་རྗེས། རྐུན་པོ་དེ་དབྱུག་པ་འཁྱེར་ཏེ་སེམས་ལྷོད་ལྷོད་ངང་འདུ་འཛོམས་སུ་བཅར། བུ་ཆུང་དོན་གྲུབ་ཀྱིས་དབྱུག་པའི་རིང་ཚད་བརྟག་ཞིབ་བྱས་པས་རྐུན་མ་རྐུ་མཁན་གྱི་དབྱུག་པ་དེ་སོར་གཅིག་ཐུང་བ་ཡོད་པར་ཤེས་ཏེ་འཇུ་བཟུང་གིས་ཡུལ་གྱི་དཔོན་པོར་རྩིས་སྤྲོད་བྱས་པས། ཁོ་བོའི་ཕུ་བོ་རྐུན་མ་མིན་པར་ཤེས་ཏེ་བཙོན་ནས་གློད་བཀྲོལ་བཏང། ཡུལ་གྱི་དཔོན་པོས་བུ་ཆུང་དོན་གྲུབ་ལ་བྱ་དགའ་གྱ་ནོམ་པ་ཞིག་གནང།
དེ་ནས་ཕ་བགྲེས་སོང་དགའ་ཚོར་ཤིན་ཏུ་ཆེན་པོ་བྱུང་སྟེ། བུ་རྒན་པ་བཀྲ་ཤིས་ཚུར་བསྐོངས་ཏེ་སྨྲས་པར། གྲོགས་ངན་འགྲོགས་པས་རང་ཉིད་ཕུང་བ་ཤེས་སོང་ངམ། ད་ཕྱིན་ཆད་ནས་གྲོགས་ངན་སྤངས་ཏེ་བཟང་པོའི་གྲོགས་ལ་བསྟེན་ན་རང་ཉིད་བདེ་བར་འོང་ཞེས་ཁ་ཏ་བསླབ་བྱ་བྱས། རང་གི་ནུ་བོར་ལྟོས་དང། སེམས་པ་བཟང་ཞིང་ཀུན་ལ་གུས་བཀུར་ཆེ་ལ། རྣམ་དཔྱོད་རིག་རྩལ་འགྲན་ཟླ་བྲལ་བས། སྐྱེ་བོ་ཚང་མས་ཁོང་ལ་རྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་བུས་ཕ་བགྲེས་སོང་གི་བསླབ་བྱ་རྣམས་རྣ་བའི་རྒྱབ་ཏུ་བསྐྱུར་ཏེ། སྤྱོད་ངན་ངོ་སོར་འཁྱེར་ནས་སྣ་དགུ་འཁྲབ། ཕ་བགྲེས་སོང་བུ་རྒན་པ་བཀྲ་ཤིས་ཀྱི་བྱེད་སྟངས་ལ་ཡིད་སྐྱོ་སྟེ། ནད་ལྕི་མོ་ཞིག་ཕོག་སྟེ་ཕ་བགྲེས་སོང་དེ་འདས་གྲོངས་སུ་ཕྱིན། མ་བགྲེས་སོང་དང་བུ་ཆུང་དོན་གྲུབ་ཀྱང་སྡུག་བསྔལ་གྱིས་མནར་ཏེ། མཚན་མོའི་གཉིད་དང་ཉིན་མོའི་ཟས་ལ་བྲོ་བ་མེད་པར་ཆགས། ཁྱིམ་མཚེས་རྣམས་ཀྱང་ཁོང་ནང་མི་ཚོར་སེམས་གསོ་བྱེད་པར་འོང་བ་བུ་རྒན་པ་བཀྲ་ཤིས་ཀྱིས་མཐོང་ཕྲལ། ཁོ་པའི་བྱ་སྤྱོད་འཁྱེར་སྟངས་དེ་འགྲིག་གི་མེད་པ་ཤེས་ཚོར་བྱུང་སྟེ། སེམས་ནང་འགྱོད་པ་ཤུགས་དྲགས་པོ་སྐྱེས་ནས་ད་ཕྱིན་ཆད་གྲོགས་ངན་སོགས་བསྟེན་རྒྱུ་སྤང་བླང་དང། འགྲོགས་འདྲིས་མི་བྱེད་པའི་ཁས་ལེན་དམ་བཅའ་བྱས།
མ་བགྲེས་སོང་དང་ནུ་བོ་དོན་གྲུབ་གཉིས་ལ་སེམས་གཏིང་ནས་འགྱོད་བཤགས་ཕུལ་བ་མ་ཟད། སྐུ་གཤེགས་ཕ་དམ་པའི་མན་ངག་རྣམས་སྙིང་དབུས་སུ་བཅངས་ཏེ། ནང་གི་ལས་ཀ་དང་ཕྱིའི་ལས་དོན་མཐའ་དག་འཐུས་ཤོར་མེད་པར་བསྒྲུབས་པས། ཁྱིམ་ཚང་སླར་ཡང་བདེ་སྐྱིད་དང་ལྡན་པ་ཞིག་ཏུ་གྱུར་རོ།
ཁྱིམ་ཚང་འཆམ་མཐུན་བདེ་སྐྱིད་ཕུན་སུམ་ཚོགས་འགྱུར་བར། །
ཕ་མས་སོ་སོའི་ཕྲུ་གུར་ཁ་ཏ་བསླབ་བྱ་བྱེད། །
ཕྲུ་གུས་ཕ་མ་རྒན་རྒོན་གཉིས་ལ་ཞབས་ཏོག་ཞུས། །
དེ་འདྲ་གནས་པའི་ཁྱིམ་ཚང་འགྲན་པར་ག་ལ་ཡོད། །