ཁ་ཕྱིར་བསྐོར་བ། ཁ་ཡ་བྱེད་པ། འཛིན་གྲྭ་འཚོགས་པ། མགོ་འཁོར་བ། སྐྱོན་བརྗོད་བྱེད་པ། རྣམ་འགྱུར་བསྟན་པ། ཚིག་པ་ཟ་བ། སྐད་གཏོང་བ། ཁོང་ཁྲོ་ཟ་བ། ཡར་རྒྱས་ཕྱིན་པ། ངོ་ཚ་བ།
སློབ་གྲྭ་གྲོལ་ནས་ལོག་འགྲོ་སྐབས། གློ་བུར་དུ་རྒྱབ་ཕྱོགས་ནས་ངའི་མིང་ནས་འབོད་པ་ཐོས་བྱུང། ངས་ཁ་ཕྱིར་བསྐོར་ནས་བལྟས་པས་མིག་དམར་ཡིན་པ་ཤེས་ཀྱང་མ་གོ་བའི་ཚུལ་གྱིས་ཁ་ཡ་མ་བྱས། གང་ཡིན་ཟེར་ན། ཉིན་ཤས་ཀྱི་གོང་ལ་མིག་དམར་གྱིས་འཛིན་གྲྭ་ཚོགས་དུས་ངས་རྩེད་མོར་མགོ་འཁོར་བ་ལས་སློབ་ཁྲིད་ཡག་པོ་ཉན་གྱི་མེད་ཚུལ་སོགས་ཀྱི་སྐྱོན་བརྗོད་མང་པོ་བྱས་བྱུང། དེ་ནས་བཟུང་ང་ཁོ་མོར་ཚིག་པ་ཟ་གི་འདུག་ལ། མོ་དང་མཉམ་དུ་འགྲོ་གི་མེད། ད་རེས་ང་སྐད་བཏང་ནས་གང་བྱེད་རྩིས་ཡོད་དམ་སྙམ་དུས། མིག་དམར་ངའི་འགྲམ་དུ་རྒྱུགས་བསླེབས་བྱུང། སྐབས་དེར་ཁོ་མོས་ཁྱེད་རང་ད་དུང་ང་ལ་ཁོང་ཁྲོ་ཟ་གི་འདུག་གམ། དེ་སྔོན་ངས་ཁྱེད་རང་ཡར་རྒྱས་ཕྱིན་ན་བསམས་ནས་འཛིན་གྲྭ་ཚོགས་ཐོག་དེ་ལྟར་བཤད་པ་ཡིན། འོན་ཀྱང་སྐབས་དེར་ངའི་རྣམ་འགྱུར་ཡང་ཡག་པོ་བྱུང་མ་སོང་བས་ཁྱེད་རང་ཚིག་པ་མ་ཟ་རོགས་ཞེས་བཤད་བྱུང་བས། ང་ངོ་ཚ་ནས་ག་ཤོད་འདི་ཤོད་མ་བྱུང།
 
བྱ་ཚིག།
གྲོལ། ལོག ཐོས། བསྐོར། བལྟས། ཤེས། གོ། བྱས། ཚོགས། འཁོར། ཉན། འགྲོ། བཏང་། བྱེད། སྙམ། རྒྱུགས། བྱུང་། ཕྱིན། བསམས། བཤད།