ཐལ་མོ་སྦྱར་བ། མིག་བཙུམས་པ། མཆིལ་མ་འཐོར་བ། ཐལ་ལྕག་གཞུས་པ། གྲྭ་པ་བྱེད་པ། སྐེད་པ་སྒུར་བ། པུས་མོ་བཙུགས་པ། ཐོད་པ་གཏུགས་པ། ཕྱག་འཚལ་བ། ལད་མོ་བྱེད་པ།
ངའི་གྲོགས་པོ་ནི་བླ་མ་ཡིན་ཞེས་ལག་ཟུང་ཐལ་མོ་སྦྱར་ནས་མིག་བཙུམས་ཏེ་ངག་ནས་འབྲུ་གསལ་ལ་མི་གསལ་བ་ཞིག་ཤུགས་ཀྱིས་སྐྱོར་བ་ན། ཁོའི་ཁ་ནས་འཐོར་ཡོང་བའི་མཆིལ་མ་དག་ངའི་གདོང་ལ་ཟགས་ཡོང་བས། ངས་ཁོའི་མགོར་ཐལ་ལྕག་གིས་ཐེངས་གཅིག་གཞུས་ནས། “རང་གི་ཁ་ཆུར་བདག་པོ་བྱོས་”ཞེས་བཤད་པ་ཡིན། དེ་ལ་ཉི་མ་དོན་གྲུབ་ཀྱིས་སྐྱོར་མཚམས་བཞག་ཅིང་། “ང་ལ་ངག་འཇམ་པོས་ང་རྗེས་མར་གྲྭ་པ་བྱེད་དགོས་པས། ཁྱོད་ཀྱིས་ངའི་མགོར་རེག་མི་ཉན་ཟེར་བ་དང་། དེ་ནས་སླར་ཡང་མིག་བཙུམས་ཏེ་མུ་མཐུད་དུ་ཅི་ཞིག་སྐྱོར་བཞིན་བསྡད་སོང་། ད་དུང་ཁོང་གིས་ལག་པ་ཐལ་མོ་སྦྱར་། ཐལ་མོ་མགོ་ལ་བཞག མགྲིན་པར་བཞག སྙིང་ཁར་བཞག དེ་ནས་སྐེད་པ་སྒུར། པུས་མོ་ས་ལ་བཙུགས་པ་དང་ཐོད་པ་ས་ལ་གཏུགས་ཏེ་ཕྱག་འཚལ་སོང་། དེ་ལ་ང་ཚོ་ཕྲུ་གུ་གཞན་དག་གིས་ཀྱང་ཁོང་གི་ལད་མོ་བྱས་ནས་ཕྱག་འཚལ་བ་ཡིན། ཕྱག་གཅིག ཕྱག་གཉིས། ཕྱག་གསུམ། ང་ཚོས་ཕྱག་གསུམ་རེ་འཚལ་བ་ཡིན།
 
མཆན་འགྲེལ།
ཟུང་། གཉིས། མཆིལ་མ། ཁ་ཆུ། ཐལ་ལྕག ལག་པའི་སོར་མོ་རྣམས་བརྐྱངས་ནས་གཞུས་པའི་དོན། རེག་པ། ཐད་ཀར་ཐུག་པ། མི་ཉན། མི་རུང་བའམ་མི་འགྲིག ལད་མོ། གཞན་གྱི་དབྱིབས་དང་རྣམ་པ་ལྟར་བྱེད་པའི་རྣམ་འགྱུར་དང་བྱ་སྤྱོད་སོགས་ཀྱི་མིང་། ཕྱག་འཚལ་བ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཆོག་ཏུ་གུས་འདུད་བྱེད་པ།