མིང་ཐོ་འགོད་པ། ཨ་ལན་འདེབས་པ། སྐོར་ལྟ་བྱེད་པ། སྟོང་པ་ལུས་པ། སྣབས་འཇིབ་པ། ལན་བཏབ་པ། ལག་བརྡ་བསྟན་པ། རྗེས་སུ་འབྲངས་བ། ཕྱི་རུ་ཐོན་པ། ལྭ་བ་གྱོན་པ།
དགེ་རྒན་གྱིས་མིང་ཐོ་འགོད་སྐབས། “ཉི་མ་དོན་གྲུབ། ཉི་མ་དོན་གྲུབ་ཅེས་ཐེངས་གཉིས་བོས་སོང་། ཡིན་ནའང་འཛིན་ཁང་ནང་དུ་ཨ་ལན་འདེབས་མཁན་ཅི་ཡང་མ་བྱུང་བས། ཁོང་གིས་མགོ་བོ་ང་ཚོ་ཕྲུ་གུ་ཚོའི་མིང་ཐོ་འཁོད་པའི་ཤོག་བུ་དེའི་ངོས་ནས་ཡར་བཀྱགས་ཏེ་སློབ་ཁང་དུ་སྐོར་ལྟ་བྱེད་བཞིན། ང་ཚོར་”ཉི་མ་དོན་གྲུབ་ཅིའི་ཕྱིར་སློབ་ཁྲིད་དུ་མ་ཡོང་བ་རེད་དམ”ཞེས་དྲིས་བྱུང་། སྐབས་དེར་ད་གཟོད་ཉི་མ་དོན་གྲུབ་ཀྱི་འདུག་སྟེགས་སྟོང་པར་ལུས་ཡོད་པ་མཐོང་བྱུང་། “དགེ་རྒན། ཉི་མ་དོན་གྲུབ་གྲྭ་པ་བྱེད་དུ་ཕྱིན་པ་རེད།”ཡར་འཕེལ་གྱིས་སྣབས་སྣ་ཁུང་དུ་འཇིབ་ཙམ་བྱེད་བཞིན་དེ་སྐད་ལན་བཏབ།
ཡུད་ཙམ་འགོར་རྗེས་”འགྲོ། ཚང་མ་ངའི་རྗེས་སུ་ཤོག” ཅེས་དགེ་རྒན་མི་འགྱུར་གྱིས་ང་ཚོར་ལག་བརྡ་ཞིག་བརྒྱབ་པ་དང་འཛིན་ཁང་གི་སྒོར་བུད་སོང་། ང་ཚོ་ནི་དམག་སྤྱིའི་རྗེས་སུ་འབྲངས་པའི་དམག་མི་བཞིན་དགེ་རྒན་མི་འགྱུར་གྱི་རྗེས་སུ་འབྲངས་ཏེ་སློབ་གྲྭའི་ཕྱི་རུ་ཐོན། ཨ་མས་ཉི་མ་དོན་གྲུབ་ཁྲིད་ནས་བཞི་མདོར་བསླེབས་བྱུང་། ཉི་མ་དོན་གྲུབ། ཁྱེད་དེ་རིང་སློབ་ཁྲིད་ལ་མི་ཡོང་བར་གང་ལ་འགྲོ་བཞིན་ཡོད་དམ།” དགེ་རྒན་མི་འགྱུར་གྱིས་སྐད་གསང་མཐོན་པོས་དེ་ལྟར་དྲིས་སོང་། ཉི་མ་དོན་གྲུབ་ཀྱིས་སྟོད་ལྭ་དང་དོར་མ་གསར་པ་ཞིག་གྱོན་འདུག ཁོས་དགེ་རྒན་མཐོང་བས་ཨ་མའི་ཕག་ལ་ཡིབ་ནས་སྐེ་བསྲིངས་ཙམ་དང་བསྐུམས་ཙམ་བྱེད། “ངའི་བུ་དེ་རིང་དགོན་པར་སྐྱེལ་གྱིན་ཡོད། དགེ་རྒན་ཁྱེད་ཀྱིས་གནང་བ་ཞིག་སྟེར་རོགས་”ཟེར། དགེ་རྒན་མི་འགྱུར་གྱིས་”གནང་བ་མི་སྟེར། ཕྲུ་གུ་སློབ་གྲྭར་སྐྱེལ་རྒྱུ་གལ་ཆེ། ཉི་མ་དོན་གྲུབ་དགོན་པར་བསྐྱལ་མི་ཆོག གྲྭ་པ་བྱས་ན་འཕྲོ་བརླག་རེད་ཨང་”ཞེས་ཁོང་གིས་མགོ་བོ་འཕྲེད་དུ་གཡུག་བཞིན་དེ་སྐད་ལབ་པ་དང་དེ་ནས་མི་ཚོགས་གསེང་ནས་ཕྱིར་ཐོན་ཏེ་སློབ་གྲྭའི་ཕྱོགས་སུ་ག་ལེར་ཕྱིན་སོང་།
 
མཆན་འགྲེལ།
འདུག་སྟེགས། རྐུབ་བཀྱག། ཡུད་ཙམ། དུས་ཡུན་ཧ་ཅང་ཐུང་ངུ་ཞིག ལག་བརྡ། ལག་པས་སྟོན་པའི་བརྡ། བུད། ཕྱི་ལ་ཐོན་པ། བཞི་མདོ། ལམ་ཁ་བཞི་འདུས་པའི་མདོ། སྐད་གསང་། སྐད་ཀྱི་གདངས། ལྭ་བ། གོས། དོར་མ། གོས་ཐུང་། གནང་བ། ཆོག་མཆན།