མིག་དམར་ཚེ་རིང་།

སེམས་ཤུགས་ཅན་གྱི་དགེ་རྒན་དང་། ཧུར་བརྩོན་ཅན་གྱི་སློབ་མ།

དོ་ཁུར་ཅན་གྱི་ཕ་མ་བཅས་མཉམ་རུབ་ཀྱིས་ཐུན་མོང་གི་དམིགས་ཡུལ་འགྲུབ་ཕྱིར་རང་འཁྲིའི་འོས་འགན་འཁུར་དུ་ལེན་དགོས།

དགེ་རྒན་ལ་དགོས་ངེས་ཀྱི་སློབ་ཁྲིད་ཐབས་ལམ་ཁག

འཛིན་གྲྭའི་ནང་སློབ་ཁྲིད་བྱེད་པའི་སྐབས་ཕྲུ་གུ་རྣམ་གཡེང་གི་དབང་དུ་མི་ཤོར་བའི་ཆེད།

  • དགེ་རྒན་གྱིས་སྐད་ཆ་ཤོད་སྟངས།
  • གཟུགས་པོ་གཡོ་འགུལ་བྱེད་སྟངས།
  • རྣམ་འགྱུར་སྟོན་སྟངས།
  • མིག་གིས་ལྟ་སྟངས།
  • བཤད་རྐྱང་མི་བྱེད་པ།
  • ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱེད་པ།

ཁ། སློབ་ཕྲུག་རྣམས་ལམ་སང་སློབ་ཚན་ལ་སྒོ་གསུམ་འཇུག་ཆེད།

  • སློབ་ཕྲུག་དང་དགེ་རྒན་གྱི་དབར་ཕན་ཚུན་འབྲེལ་བ་ཡག་པོ་ཆགས་ཐབས་བྱེད་དགོས།
  • སློབ་ཚན་ཆ་ཚང་བའམ་དུམ་བུ་ཞིག་བསླབ་ཟིན་ཏེ། སློབ་ཕྲུག་གིས་གསར་དུ་གང་ཤེས་པ་དེ་སྔར་གང་ཤེས་པ་དང་འབྲེལ་ཐུབ་པ་དང་།སློབ་ཕྲུག་གི་བློ་ལ་དོན་དག་ཅིག་གྲུབ་བྱུང་བསམ་པ་ཡོང་བའི་ཆེད་དུ་སློབ་ཚན་ཞིག་བསླབས་ཚར་རྗེས་དགེ་རྒན་གྱིས་དོན་གནས་གལ་ཆེ་བ་རྣམས་ལ་དོ་སྣང་སྤྲོད་བཅུག་ནས་མཇུག་བསྡོམས་བྱེད་དགོས།
  • སློབ་ཕྲུག་གི་ཕྱོགས་ནས་དྲི་བ་འགོད་པ་དང་། ལན་རྒྱག་པ། འགྲེལ་བཤད་རྒྱག་པ་ལ་སོགས་གང་བྱས་དང་བྱེད་བཞིན་པ་དེ་ཚོར་དགེ་རྒན་གྱིས་སྣང་མེད་དུ་མ་བཞག་པར་སྒོ་གསུམ་གྱི་རྗེས་སུ་ཡི་རང་དང་། བསྔགས་བརྗོད་སོགས་གནང་ན་རྗེས་སུ་སློབ་ཕྲུག་རྣམས་སློབ་ཚན་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བའི་ཕན་ཐོགས་ཡོད།
  • སློབ་ཕྲུག་གི་རྣམ་འགྱུར་སྟོན་སྟངས་དང་། མིག་ཕྱོགས་ག་པར་ལྟ་བཞིན་ཡོད་མེད། མགོ་བོ་ཀྱོག་ནས་སྡོད་པ། གཟུགས་པོའི་སྡོད་སྟངས་སོགས་ལ་བལྟས་ནས་ལམ་སང་དགེ་རྒན་གྱིས་སློབ་ཁྲིད་མགྱོགས་ལོས་དང་།སློབ་ཁྲིད་བྱེད་སྟངས་ཀྱི་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་བསླབ་དགོས་པ་གལ་ཆེན་པོ་ཡིན།

ག དགེ་རྒན་གྱི་ངོས་ནས་སློབ་ཁྲིད་ཁ་གསལ་ཡོང་ཆེད།

  • དཔེ་བརྗོད་དང་། མཚན་གཞི་ངེས་པར་དུ་འཇོག་དགོས་རྒྱུ་གལ་ཆེ།
  • དེ་དག་སློབ་ཚན་དང་འབྲེལ་བ་ཡོད་པ་ཞིག་དགོས།
  • སློབ་ཕྲུག་གིས་སློབ་ཚན་རྣམས་ཤེས་རྟོགས་ཡོད་མེད་རྟོགས་ཆེད་སློབ་ཕྲུག་གི་ངོས་ནས་དཔེ་དང་། མཚན་གཞི་འཇོག་ཏུ་འཇུག་དགོས།

ང་། སློབ་ཕྲུག་གིས་སློབ་ཚན་གྱི་ནང་དོན་གོ་རྟོགས་རྒྱ་ཆེ་ཡོང་ཆེད།

  • དགེ་རྒན་གྱིས་ཐོག་མར་འགྲེལ་བཤད་འགོ་ཇི་ལྟར་འཛུགས་དགོས་མིན།
  • བར་དུ་མཚམས་ཇི་ལྟར་སྦྱོར་ཚུལ།
  • མཐར་མཇུག་བསྡུ་ཇི་ལྟར་བྱེད་ཚུལ།

ཅ། དགེ་རྒན་གྱི་ལྗང་པང་བེད་སྤྱོད་བྱེད་སྟངས།

  • སློབ་ཕྲུག་ཚང་མས་མཐོང་ཐུབ་ངེས་ཀྱི་ཡི་གེ་ཆེ་ཆུང་འཚམ་པོ།
  • ཡི་གེ་ཕན་ཚུན་དབར་སྟོང་ཆ་ཆེ་ཆུང་སྙོམ་པོ།
  • བྲིས་ཚར་བའི་ཡི་གེ་ཡག་པོ་མ་བྱུང་བ་དེ་ཉིད་མ་བསུབས་པ་བྱས་ནས་ཡང་བསྐྱར་དེའི་སྒང་དུ་འབྲི་རྒྱུ་མེད་པ།
  • དོན་གནས་འབྲེལ་ཡོད་རྐྱང་རྐྱང་ཡིན་པའི་ཐོག་མདོར་བསྡུས་དང་ལས་སླ་པོ་དགོས་པ།
  • གནད་དོན་གལ་ཆེ་ཁག་ཚོན་ཁྲ་ཅན་གྱི་ས་སྨྱུག་བེད་སྤྱོད་བྱས་ཏེ་ནར་ཐིག་འཐེན་རྒྱུ།
  • སློབ་ཚན་དང་འབྲེལ་ཡོད་རི་མོ་སོགས་སྐབས་མཚམས་སྐབས་མཚམས་འབྲི་དགོས་པ་བཅས་ཡིན།

ཆ། སློབ་ཕྲུག་རྣམས་སློབ་སྦྱོང་ལ་དབྱིངས་དང་། སྒོ་གསུམ་གྱི་སྤྱོད་པར་ཕན་ཐོགས་ཡོང་བའི་གཞི་རྩ་ནི་དགེ་རྒན་ལ་རག་ལས་ཡོད།

  • སློབ་གྲྭའི་ཁོར་ཡུག་གཙང་ཉར།
  • འཛིན་ཁང་གི་ཕྱི་ནང་བར་གསུམ་གཙང་ཉར།
  • འཛིན་ཁང་གི་སྒྲིག་ལམ།
  • འཛིན་ཁང་གི་བཀོད་སྒྲིག
  • སློབ་ཕྲུག་ཕན་ཚུན་མཐུན་ལམ།
  • དགེ་རྒན་དང་སློབ་ཕྲུག་དབར་བློ་ཉེ།
  • དགེ་རྒན་དང་ཕ་མའི་དབར་འབྲེལ་བ་བཟང་པོ།

ཇ། དགེ་རྒན་གྱི་ངོས་ནས་སློབ་མ་རྣམས་སློབ་ཁྲིད་ལ་དོ་དབྱིངས་དང་གང་ལེགས་ཤེས་ཐབས།

  • སློབ་ཚན་དང་འབྲེལ་བའི་འཆར་འགོད་གང་ལེགས།
  • གློག་བརྙན།
  • གཟུགས་མཐོང་རླུང་འཕྲིན།
  • སྒྲ་འཇུག་འཕྲུལ་འཁོར།
  • རླུང་འཕྲིན།
  • གཞན་ཡང་པར་དང་རི་མོ་ལ་སོགས་པ་ཉན་ལྟ་བྱེད་པའི་ཡོ་བྱད་ཅི་རིགས་སློབ་ཕྲུག་གི་ཁམས་དང་མོས་པར་བསྟུན་ནས་ཏག་ཏག་བེད་སྤྱོད་གཏོང་ཤེས་པ་དགོས་གལ་ཆེ།

ཉ། དགེ་རྒན་གྱི་ངོས་ནས་སློབ་ཕྲུག་ཚོར་ནང་སྦྱོང་སྤྲོད་སྟངས།

  • དགེ་རྒན་གྱི་ངོས་ནས་ནང་སྦྱོང་གང་སྤྲོད་དགོས་མིན་ཤེས་པར་བྱ་དགོས།
  • སློབ་ཕྲུག་གི་ཤེས་ཚད་དང་དུས་ཚོད་རིང་ཐུང་ལ་གཞིགས་ཏེ་ནང་སྦྱོང་གི་འཆར་གཞི་དགོས་པ།
  • སློབ་མ་རྣམས་ལ་ནང་སྦྱོང་བྱེད་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་རྣམས་ལེགས་པར་འགྲེལ་བརྗོད་གནང་སྟེ་ནང་སྦྱོང་སྤྲོད་དགོས།
  • སློབ་མ་རྣམས་ཀྱི་ནང་སྦྱོང་བྱས་པ་དེ་དགེ་རྒན་གྱིས་ངེས་པར་དུ་ཞིབ་ཚགས་བྱས་ནས་ཞུས་དག་བྱེད་དགོས་པ་དང་། ལམ་སྟོན་ཡང་གནང་གལ་ཤིན་ཏུ་གལ་ཆེན་པོ་ཡིན།

ཏ། དགེ་རྒན་གྱི་ངོས་ནས་སློབ་ཚན་སློབ་ཁྲིད་མགྱོགས་ལྷོད་ཇི་ལྟར་དགོས་མིན་དང་འབྲེལ་བའི་གནད་དོན་གལ་ཆེ་ཁག

  • སློབ་ཕྲུག་གིས་སློབ་ཚན་གྱི་ནང་དོན་རྣམས་ཤེས་དཀའ་ཇི་ལྟར་ཡོད་མེད།
  • སློབ་ཚན་ལ་དོ་སྣང་ཤུགས་ཆེ་ཆུང་ཇི་ལྟར་སྤྲོད་ཀྱི་ཡོད་མེད།
  • དུས་ཚོད་རིང་ཐུང་ཇི་ཙམ་ནང་སློབ་ཚན་མང་ཉུང་ཇི་ཙམ་བསླབས་ཟིན་པ་དགོས་མིན།
  • སློབ་མའི་རིག་སྟོབས་དང་ཤེས་རྒྱ་ཆེ་ཆུང་།
  • སློབ་ཚན་དགོས་དམིགས་མང་པོ་ཞིག་ལ་དཔགས་ནས་སློབ་ཚན་སློབ་ཁྲིད་མགྱོགས་ལྷོད་ཇི་ལྟར་དགོས་མིན་དང་བསྟུན་ཏེ་བྱེད་དགོས།

ཐ། སློབ་ཕྲུག་རྣམས་ལ་བསླབས་ཟིན་པའི་སློབ་ཚན་རྣམས་གོ་རྟོགས་གང་འདྲ་བྱུང་ཡོད་མེད་བསྐྱར་ཟློས་ཀྱི་ཐབས་ལམ།

  • བསླབས་ཟིན་པའི་སློབ་ཚན་གྱི་ནང་ནས་ཚིག་དང་བསམ་ཚུལ་གལ་ཆེ་བ། དོན་གནས་གལ་ཆེ་བ། ལམ་སྲོལ་གལ་ཆེ་བ་ལ་སོགས་པ་གང་ཡོད་ཐམས་ཅད་དམིགས་སུ་བཀར་ནས་འགྲེལ་བཤད་རྒྱག་ཚུལ་མི་འདྲ་བའི་སྒོ་ནས་བསྐྱར་ཟློས་བྱེད་དགོས།
  • དུས་བཀག་ཡིག་ཚད།
  • མགྱོགས་རྒྱུགས་ཡིག་ཚད།
  • དྲི་རྒྱུགས།
  • བྱེེད་སྒོའི་ལམ་ནས་ཡིག་རྒྱུགས་སོགས་སོ།

ད། འཛིན་གྲྭའི་དུས་ཚོད་ལ་སློབ་མར་གོ་སྐབས་གང་མང་འབུལ་ཐབས་གནང་གལ་ཆེ།

  • དགེ་རྒན་གཅིག་པུས་ཀློག་པ།
  • འགྲེལ་བཤད་རྒྱག་པ།
  • ལྗང་པང་ལ་འབྲི་བ་སོགས་གང་ལྟར་དགེ་རྒན་གྱིས་བཤད་རྐྱང་དང་། སློབ་ཕྲུག་གིས་ཉན་རྐྱང་བྱས་ནས་དུས་ཚོད་བསྐྱལ་ནས་བསྡད་ན་ཞན་ཆ་ཆེན་པོ་ཞིག་ཡིན།
  • འཛིན་གྲྭའི་དུས་ཚོད་ཕལ་ཆེ་བ་སློབ་མས་ཀློག་པ་དང་། འབྲི་བ། ལན་རྒྱག་པ། དགེ་རྒན་ལ་དྲི་བ་འདྲི་བ།གཞན་ཡང་སློབ་ཚན་དང་འབྲེལ་བའི་བྱ་བྱེད་འདྲ་མིན་མང་པོ་བྱེད་པའི་སྒོ་ནས་སྐྱེལ་ཐུབ་པ་ཞིག་དགེ་རྒན་གྱིས་ངེས་པར་ཐབས་ཤེས་སྤྲོད་དགོས་པ་ཤིན་ཏུ་གལ་ཆེ།

ཐོས་མང་ཉམས་སུ་མ་བླངས་ན།།
རང་གི་རྒྱུད་ལ་མི་ཕན་ཏེ།།
ཆུ་ནང་ལོ་བརྒྱར་གནས་པ་ཡི།།
རྡོ་བའི་རང་བཞིན་སྐམ་པོར་གནས།།