སྐལ་བཟང་ཉི་མ།
གླེང་སློང་བའི་གཏམ།

      ཐེམ་སྤང་བཀའ་རྒྱའི་འོག་དགེ་རྒན་རྣམས་ཀྱང་རང་ཁྱིམ་དུ་སྡོད་དགོས་བྱུང་བའི་དུས་ཚོད་ཀྱི་བར་གསེང་འདིར། རང་གི་ཆེད་ལས་ཡར་རྒྱས་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་པའི་ལ་དྭགས་བོད་ཁྱིམ་གྱི་དགེ་རྒན་རྣམ་པར། དྲ་ཐོག་ནས་སློབ་མའི་འབྲི་དེབ་ལ་ཞུ་དག་བྱེད་ཚུལ་སྐོར་གྱི་བསམ་ཚུལ་ཞིག་བཤད་རོགས་གསུངས་པ་ལྟར། ངས་ཀྱང་འདས་པའི་མི་ལོ་བཅུ་ལྷག་ལ་རང་གིས་བྱ་བ་འདི་ཇི་ལྟར་བསྒྲུབས་པར་བསྐྱར་ཞིབ་རགས་ཙམ་བགྱིས་ཏེ་དོན་ཚན་བཞི་ཞུས་པ་ཡིན་ལ། དོན་ཚན་འདི་དག་ཁོ་བོས་གསར་གཏོད་བྱས་པ་ཞིག་གཏན་ནས་མིན་པར། ཕལ་ཆེར་དགེ་རྒན་ཚང་མས་ལག་ལེན་བྱེད་མུས་ཡིན་པས། ཁོང་རྣམ་པར་གང་ཞུས་པར་བསྐྱར་དུ་བསམ་བློ་གཏོང་ཞོར། དོན་ཚན་རེ་རེ་བཞིན་ཡིག་ཐོག་ལ་ཕབ་ནས་རང་རིགས་དགེ་རྒན་ཡོངས་ལ་དྲན་གསོའི་སླད་མཉམ་སྤྱོད་བྱེད་འདོད་བྱུང་།

     སྤྱིར་ཞུ་དག་གི་ལས་ཀ་འདི་རང་རིགས་ལ་མཚོན་ན། དོན་གྱི་ཆ་ནས་རིག་གནས་ཆེ་ཆུང་རྒྱ་ཆེན་པོར་འབྲེལ་ཞིང་། ཚིག་གི་ཐོག་ནས་ཀྱང་སུམ་རྟགས་རྩོམ་གསུམ་གྱི་འགྲོས་ལ་ཐུག་པར་སོང་། གཞི་རྒྱ་ཅི་བས་ཆེ་བ་ཞིག་ཡིན་ཞིང་། གཞི་རིམ་གྱི་སློབ་མའི་འབྲི་དེབ་ནི་ཚིག་དོན་གཉིས་ཀ་དེ་འདྲའི་གཏིང་ཟབ་པོ་ཞིག་ག་ལ་ཡིན་མོད། དགེ་རྒན་གྱི་ཆེད་ལས་ཁྲོད་དུ་སློབ་མའི་འབྲི་དེབ་ལ་ཞུ་དག་བྱེད་རྒྱུ་ནི། ཉིན་རེའི་སློབ་ཁྲིད་ཀྱི་ཞོར་ནས། དུས་ཚོད་གྲོན་ཤོས་ཤིག་དང་། དཀའ་ཚེགས་ཆེ་ཤོས་ཤིག ཕན་ཐོགས་ཀྱང་ཆེ་ཤོས་ཤིག་ཡིན་པས། དགེ་རྒན་རྣམ་པར་མཚོན་ན་བསྐྱར་ཞིབ་བྱེད་པའི་རིན་ཐང་ངེས་ཅན་ལྡན་ན། གཤམ་དུ་ཁོ་བོས་བསྐྱར་ཞིབ་ཁྲོད་ཟིན་ཐོར་བཀོད་པའི་གནད་དོན་བཞི་ལ་འགྲེལ་བཤད་དང་དགེ་མཚན། ལག་ལེན་བྱེད་ཕྱོགས་བཅས་ཕྱོགས་གསུམ་ལ་བགོས་ཏེ་འཆད།།

དང་པོ། སློབ་མའི་འབྲི་དེབ་ནི་དགེ་སློབ་གཉིས་ཀའི་ཡིན་འོས།

འགྲེལ།
ང་ཚོས་འབྲི་དེབ་ཅིག་སློབ་མ་ཆེ་གེ་མོ་ཞིག་གི་རེད་ཟེར་དོན་ནི། གཙོ་བོ་འབྲི་དེབ་དེ་བེད་སྤྱོད་བྱེད་ཕྱོགས་ཀྱི་རྒྱུ་མཚན་ལ་ཐུག་ཡོད་ཕྱིར། རྒྱུ་མཚན་འདིའི་སྟེང་ནས་སློབ་མའི་འབྲི་དེབ་ནི་དགེ་སློབ་གཉིས་ཀའི་ཡིན་འོས། འོ་ན། དགེ་རྒན་གྱིས་སློབ་མའི་འབྲི་དེབ་བེད་སྤྱོད་ཇི་ལྟར་བྱ་ཟེར་ན། དེ་ནི་དགེ་རྒན་གྱིས་སློབ་མའི་འབྲི་དེབ་ཀྱི་བར་གསེང་ནས་ཤོག་བུ་དབྲལ་ནས་སྤྱི་སྒེར་གང་རུང་གི་ཆེད་དུ་བཀོལ་བ་དང་། ཡང་ན་སློབ་མའི་འབྲི་དེབ་ཐོག་ལ་ཟིན་ཐོ་ལ་སོགས། རང་གིས་གང་དྲན་འབྲི་བ་ལ་མི་གོ་བར། མཚམས་འདིར་ང་ཚོ་དགེ་སློབ་ཡོངས་ཀྱི་སེམས་སུ་ལམ་སང་དྲན་ངེས་པ་ནི། དགེ་རྒན་གྱིས་སློབ་མའི་བྲིས་ལ་ནོར་བཅོས་བགྱིས་པ་སློབ་མའི་འབྲི་དེབ་ཐོག་འབྲི་བ་ཡིན་ལ། འདི་ནི་མང་ཉུང་དང་བྱེད་ཚུལ་ལ་མ་ལྟོས་པར་ཕལ་ཆེར་དགེ་རྒན་ཡོངས་ཀྱི་སྤྱི་སྲོལ་ལྟ་བུ་ཡིན། ཚུལ་འདི་གནད་འགག་ཆེན་པོ་ཡིན་པའང་བརྗོད་ཀྱིས་ག་ལ་ལང་། དེ་བས་གལ་སྲིད་སྐུ་ཉིད་སློབ་མའི་འབྲི་དེབ་ལ་ནོར་བཅོས་མི་བྱེད་མཁན་ཞིག་དང་། ཡང་ན་ནོར་བཅོས་ཉུང་ཙམ་དང་སླ་བཅོས་བྱེད་མཁན་ཞིག་ཡིན་ཚེ། དོན་ཚན་འདིས་ཁྱོད་ལ་ནོར་བཅོས་གང་མང་ནན་ཏན་གྱིས་བགྱི་དགོས་པའི་རེ་བ་འདོན་པ་ཡིན་ལ། དགེ་རྒན་གྱིས་སློབ་མའི་འབྲི་དེབ་ཐོག་ལ་ནོར་བ་རྣམས་བཅོས་ཏེ་འབྲི་དགོས་པ་མ་ཟད། ད་དུང་སློབ་མའི་ཤེས་བྱའི་རྨང་རྡོ་རུ་འགྱུར་བ་དང་ཡང་ན་མི་ཚེའི་ཧྲིལ་བོར་སེམས་ནས་འབོར་ཐབས་མེད་པའི་དཔེ་གང་མང་འབྲི་དགོས་ལ། དེ་ལས་ཀྱང་ད་ཕན་ང་ཚོས་སློབ་མའི་བྲིས་ཡག་པ་དང་འགྲིག་པ་ལ་རྟགས་ཙམ་བཀོད་པ་དང་། ལེགས་སམ་ཤིན་ཏུ་ལེགས་ལྟ་བུ་རེ་བྲིས་ནས་འཇོག་པ་བསྒྱུར་ཏེ། སློབ་མའི་འབྲི་དེབ་ཐོག་ཡག་སྟངས་དང་འགྲིག་སྟངས་གསལ་བཤད་རང་གི་དུས་ཚོད་དང་བསྟུན་ཏེ་རིང་ཙམ་འབྲི་དགོས།

མདོར་ན་སློབ་མའི་འབྲི་དེབ་ནི་སློབ་མས་འགྲིག་ནོར་གཉིས་ཀ་འབྲི་ས་དང་དགེ་རྒན་གྱིས་བཅོས་དང་དཔེ། དཔྱད་བརྗོད་བཅས་འགྲིག་པ་འབྲི་ས་ཡིན་པས། སློབ་མའི་འབྲི་དེབ་ནི་སློབ་མ་ཁོ་ནར་བེད་སྤྱོད་བྱེད་དུ་བཅུག་སྟེ་སློབ་མ་ཁོ་ནར་བདག་པ་ཞིག་བྱེད་དུ་བཅུག་ན་མི་འགྲིག་པར། དགེ་སློབ་གཉིས་ཀས་བེད་སྤྱོད་བྱེད་དགོས་པའི་དངོས་པོ་ཞིག་དང་དགེ་སློབ་གཉིས་ཀ་ལ་བདག་པའི་དངོས་པོ་ཞིག་ཡིན་འོས་པའི་དོན་ནོ།།
དགེ་མཚན།

སློབ་མས་འབྲི་དེབ་ཐོག་ནོར་འཁྲུལ་བཟོ་ངེས་པ་མ་ཟད། ནོར་འཁྲུལ་མང་པོ་བཟོ་ངེས་པ་དང་། དེ་ལ་དགེ་རྒན་གྱིས་ནོར་བཅོས་བྱེད་པ་ཙམ་དུ་མ་ཟད། སློབ་ཚན་རེ་རེའི་མཇུག་གི་སྦྱོང་ཚན་དང་བཅས་བར་ནོར་བཅོས་དང་དཔེ་མཚོན། གསལ་བཤད་བཅས་གང་མང་འགོད་པ་ནི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ལས། ལམ་ལོག་དེ་འདྲ་གཏན་ནས་མིན་ཞིང་། དེ་ལས་ལྡོག་སྟེ་དགེ་རྒན་གྱིས་སློབ་མའི་འབྲི་དེབ་ཐོག་ནོར་བཅོས་དང་དཔེ་མཚོན། གསལ་བཤད་བཅས་མི་བྱེད་པ་དང་ཉུང་ངུ་ལས་མི་བྱེད་པ། ནན་ཏན་གྱིས་མི་བྱེད་པ་བཅས་ནི་སློབ་གསོའི་མན་ངག་ཐུགས་སུ་མ་ཆུད་པའི་རྟགས་སོ།།
སློབ་མའི་འབྲི་དེབ་ཐོག་ནོར་བཅོས་དང་། དཔེ་མཚོན། དཔྱད་བརྗོད་བཅས་གང་མང་འབྲི་བར། ཁོ་བོས་བསམ་ན། གཅིག སློབ་མའི་རྒྱུད་ཀྱི་ནོར་བ་དང་སྨྱུ་གུ་ལག་ཏུ་བཟུང་ནས་འབྲི་རྩོམ་སྐབས་ནོར་འཁྲུལ་ཡང་ཡང་བཟོ་བའི་གོམས་གཤིས་བཅས་ཡོ་བསྲང་བྱེད་ཐུབ། གཉིས། སློབ་ཚན་རེ་རེ་ལ་ངེས་ཤེས་གཏིང་ཟབ་འདྲོངས་པ་བརྒྱུད་ཤེས་ཡོན་ཆུ་ཚད་མཐོར་འདེགས་བྱེད་ཐུབ། གསུམ། སློབ་མས་སློབ་ཁྲིད་དང་བསྐྱར་སྦྱོང་ལ་བློ་རྩེ་མི་སྒྲིམ་པའི་བྱ་སྤྱོད་ངན་པ་ཐེར་འདོན་གྱིས་དོ་སྣང་འདྲེན་ཐུབ། བཞི། སློབ་མར་སློབ་སྦྱོང་ལ་མུ་མཐུད་འབད་བརྩོན་བྱེད་པའི་ཡར་སྐུལ་བྱེད་ཐུབ། ལྔ། སློབ་མའི་རྒྱུད་ལ་ཉིན་རེ་བཞིན་སློབ་སྦྱོང་ཡར་རྒྱས་གཏོང་ཐུབ་པའི་གདེང་ཚོད་དང་སྙིང་སྟོབས་སྤེལ་ཐུབ་པ་བཅས་ཀྱི་དགེ་མཚན་འདུག་སྙམ་མོ།།

ལག་བསྟར་བྱེད་ཚུལ།

རང་རེའི་ཡི་གེ་ལ་མཚོན་ན་དགེ་རྒན་གྱིས་སློབ་ཁང་གི་སྒོ་སམ་(ནག་པང་) དང་སློབ་མའི་འབྲི་དེབ་སྟེང་ལ་ཐོག་མར་དབྱངས་གསལ་གཉིས་དང་། དེ་ནས་རིམ་བཞིན་མགོ་ཅན་དང་འདོགས་ཅན་བཅས་ཀྱི་དཔེ་མཚོན་འབྲི་བ་ནས་སློབ་སྦྱོང་བྱེད་པའི་འགོ་འཛུགས་པ་ཡིན་ལ། འདི་ནི་དགེ་རྒན་གྱིས་སློབ་མ་ལ་ནོར་བཅོས་བྱེད་པ་དང་དཔེ་འཇོག་འབྲི་བའི་ལས་རིམ་ཐོག་མའང་ཡིན་པས། དགེ་རྒན་གྱིས་སློབ་མར་དབྱངས་གསལ་སོགས་ཀྱི་དཔེ་འབྲི་བ་དང་། ཡང་ན་སློབ་མས་དབྱངས་གསལ་སོགས་ཀྱི་གཟུགས་འབྲི་སྦྱོང་བྱས་པར་དག་བཅོས་བྱེད་པ་སྔ་ཕྱི་གང་ཡིན་རུང་། གཙང་དག་གསལ་གསུམ་གྱི་བླང་བྱ་མ་དོར་བར་འབྲི་དགོས། དབྱངས་གསལ་གཉིས་དང་མགོ་འདོགས་གཉིས་བཅས་ཀྱི་རྗེས་སུ་སློབ་མས་སྔོན་རྗེས་ཀྱི་དཔེར་བརྗོད་འབྲི་བ། ཚིག་གྲོགས་སྦྱོར་རྒྱུ་སོགས་འབྲི་སྦྱོང་བྱེད་པ་དང་། དགེ་རྒན་གྱིས་བྲིས་ནོར་ལ་དམར་རྟགས་འཐེན་ཏེ་མི་འཇོག་པར། དགེ་རྒན་གྱི་ངོས་ནས་གང་ནོར་བ་དེར་བཅོས་བྱས་རྗེས་བསྐྱར་འབྲི་ཐེངས་ཤིག་བྱེད་རྒྱུ་དང་། རང་གི་དུས་ཚོད་དང་བསྟུན་དཔེ་མཚོན་གསར་བ་རེ་གཉིས་འབྲི་ཐུབ་ཚེ་ཡག་ཐོག་ལ་རྒྱན་ཟེར་བ་ལྟར་ལ། དཔེ་མཚོན་གསར་བ་འབྲི་རྒྱུ་ནི་དགེ་རྒན་གྱིས་སློབ་མའི་འབྲི་དེབ་ལ་ནོར་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱུན་དུ་བརྗེད་མི་རུང་བའི་བྱ་བ་འགངས་ཆེན་ཞིག་ཡིན་ཞིང་། སློབ་མས་ཚིག་གྲུབ་བཟོ་སྟངས་སྦྱོང་བརྡར་བྱེད་སྐབས་ཀྱང་། དགེ་རྒན་གྱིས་སློབ་མས་བྲིས་པའི་ཚིག་གྲུབ་ལ་ནོར་བཅོས་བྱེད་རྒྱུ་ཨ་ཅང་ཅང་། སློབ་མས་ཚིག་གྲུབ་བཟོ་སྟངས་ལ་ནོར་འཁྲུལ་ཤོར་བའི་ཚིག་དེ་ལ་དགེ་རྒན་གྱིས་དཔེ་མཚོན་གྱི་ཆེད་དུ་ཚིག་གྲུབ་རེ་བཟོས་ཏེ། སློབ་མའི་ནོར་བ་དེ་དང་དགེ་རྒན་གྱི་དཔེ་གཉིས་བསྡུར་ནས་གསལ་བཤད་ཡག་པོ་ཞིག་བྱེད་ཐུབ་ན་ལེགས།

རྩོམ་ཡིག་འབྲི་བའི་གནས་སྐབས་ལ་མཚོན་ན་དགེ་རྒན་གྱིས་སློབ་མ་རེ་རེའི་རྩོམ་ཡིག་ཧྲིལ་བོ་བསྐྱར་འབྲི་བྱེད་རྒྱུ་ནི་དུས་ཚོད་དང་ནུས་ཤུགས་གང་ཐད་ནས་འདང་ངེས་མེད་མོད། སློབ་མས་བྲིས་པའི་རྩོམ་ཡིག་ལས་ནོར་འཁྲུལ་མང་ཤོས་ཀྱི་དུམ་མཚམས་དེ་དཔེ་འཇོག་གི་ཆེད་དུ་བསྐྱར་འབྲི་བྱེད་པ་དང་། སློབ་མའི་རྩོམ་ཡིག་ལས་ལྟོས་འཇོག་གི་དུམ་མཚམས་ཡག་ཤོས་ཤིག་བདམས་ཏེ། དེ་ལ་ཇི་ལྟར་འགྲིག་ཚུལ་གསལ་བཤད་འབྲི་བ་བཅས་ནི་རབ་ལ། དེ་མིན་དགེ་རྒན་གྱིས་སློབ་མ་ཡོངས་ལ་བརྗོད་གཞི་དེ་ག་རང་གི་ཐོག་ལ་གོ་བདེའི་རྩོམ་ཡིག་ཅིག་བྲིས་ཏེ། དགེ་རྒན་རང་ཉིད་ཀྱིས་རྩོམ་ཡིག་དེའི་བརྗོད་སྙིང་ཇི་ལྟར་གཏན་འཁེལ་བ་དང་། བརྗོད་བྱ་ཇི་ལྟར་བཙལ་བ། སྒྲིག་གཞི་ཇི་ལྟར་བསྒྲིགས་པ་བཅས་དོན་འདུས་གནད་འཁེལ་གྱིས་གསལ་བཤད་བྱེད་པའང་རིགས་སོ།།
སྤྱིར་དགེ་རྒན་གྱི་དུས་ཚོད་དང་བསྟུན་ནས་རྩོམ་ཡིག་ཧྲིལ་བོ་དང་ཡང་ན་ནང་སྦྱོང་རེ་རེ་ཡི་མཇུག་ཏུ། འགྲིག་ནོར་གང་ཡིན་རུང་གསལ་བཤད་དང་། དེ་ལ་དཔྱད་འཇོག་ཐུང་ངུ་འབྲི་རྒྱུ་ནི། སློབ་མར་ལམ་སྟོན་རྩེ་གྲས་ཤིག་ཡིན་པ་མ་ཟད། སློབ་མས་རྩོམ་ཡིག་རྗེས་མ་དང་ནང་སྦྱོང་རྗེས་མ་རྣམས་སྔར་ལས་ཡག་ཏུ་གཏང་རྒྱུའི་སེམས་ཤུགས་ཀྱི་རྒྱུའང་ངོ།།

གཉིས་པ། སློབ་ཕྲུག་ཁག་དགོས་ཀྱིས་ཞུ་དག་བྱེད་པ།

འགྲེལ།
རང་རེའི་སློབ་གྲྭ་ཁག་གི་ཁྲོད་དུ་སློབ་གྲྭ་དམིགས་བསལ་ཅན་དང་། ཡང་ན་དགེ་རྒན་དམིགས་བསལ་ཅན་དེ་འདྲ་ཡིན་ན་མ་གཏོགས། དགེ་རྒན་གཅིག་གིས་འཛིན་གྲྭ་རིམ་པ་མི་འདྲ་བ་འགའ་ཤས་ཀྱི་སློབ་ཕྲུག་ཡོངས་ཀྱི་འབྲི་དེབ་ལ་ཞུ་དག་བྱེད་དགོས་པར་སོང་། དགེ་རྒན་གཅིག་གིས་རང་གིས་སློབ་ཁྲིད་བྱ་ཡུལ་སློབ་ཕྲུག་ཚང་མའི་སློབ་ཚན་རེ་རེའི་སྦྱོང་ཚན་དང་བྲིས་རྩོམ་སོགས་ལ་ནན་ཏན་གྱིས་ཞུ་དག་བྱེད་དགོས་པ་རེད་ལབ་ན། དེ་ནི་དགེ་རྒན་ཞིག་ལ་མཚོན་ན་ཁུར་བོ་ཅི་བས་ལྕི་བ་ཞིག་ཡིན་པ་མ་ཟད། གཅིག་བྱས་ན་སློབ་ཁྲིད་འཐུས་ཚང་ཞིག་བྱེད་པའི་གེགས་སུ་མི་འགྱུར་བའི་ངེས་པའང་མེད་ཅིང་། ཡང་དགེ་རྒན་གྱིས་སློབ་མའི་འབྲི་དེབ་ལ་ཞུ་དག་བྱེད་པའི་བྱ་བར་ལྷོད་གཡེང་བྱས་ཚེ། སློབ་མའི་སློབ་སྦྱོང་དང་དགེ་རྒན་གྱི་ལས་འགན་གཉིས་ཀར་འཐུས་ཤོར་འགྲོ། དེ་བས། ང་ཚོས་དགེ་སློབ་གཉིས་ཀར་ཁེ་ཕན་ཆེ་བའི་ལམ་ཞིག་བསྟེན་དགོས།
དོན་ཚན་འདིས་གོང་གི་དཀའ་ངལ་འདི་སེལ་ཐབས་ཤིག་གྲོས་སུ་འདེབས་པ་ཡིན་ཏེ། ང་ཚོས་དགེ་རྒན་དང་སློབ་ཕྲུག་གཉིས་ཆ་ལ་མི་གནོད་པའི་ཞུ་དག་བྱེད་ཐབས་ཤིག་འཚོལ་དགོས་ན། ཐབས་ཤེས་སྣ་ཚོགས་ཡོད་ངེས་མོད། ཁོ་བོས་སློབ་ཕྲུག་ཁག་དགོས་ཀྱིས་ཞུ་དག་བྱེད་ཐབས་འདི་ལེགས་པར་མཐོང་། སློབ་ཕྲུག་ཁག་དགོས་ཇི་ལྟར་བྱེད་ཟེར་ན། འདི་ལ་ནང་དོན་གཉིས་འདུས་ཡོད། གཅིག་ནི་དགེ་རྒན་གཅིག་ལ་འཛིན་གྲྭ་འགའ་ཤས་ཡོད་པས། གཟའ་འཁོར་རེ་རེར་དང་། ཡང་ན་གཟའ་འཁོར་ཕྱེད་བཅད་ཀྱིས་འཛིན་གྲྭ་ཁག་བགོས་བྱས་ནས་ཞུ་དག་བྱེད་པ་དང་། གཉིས་པ་ནི་འཛིན་གྲྭ་གཅིག་གི་སློབ་ཕྲུག་ཁག་དགོས་ཀྱིས་ཞུ་དག་བྱེད་པ་བཅས་སོ།།

དགེ་མཚན།

སློབ་ཕྲུག་ཁག་དགོས་ཀྱིས་ཞུ་དག་བྱེད་ཚུལ་འདིས། སློབ་ཁྲིད་དང་སློབ་གྲྭའི་བྱེད་སྒོ་ཁག ཁྱིམ་ལས་ཙག་ཙིག་བཅས་ཀྱི་སྦྱོར་དངོས་མཇུག་གསུམ་གྱིས་ཡོངས་སུ་ཟད་འགྲོ་བའི་དགེ་རྒན་གྱི་དུས་ཚོད་ལ་བསྲི་ཚགས་ཅུང་ཙམ་བྱེད་ཐུབ་ལ། སློབ་གྲྭ་དང་ཁྱིམ་ཚང་གཉིས་ཀྱིས་སྟོང་སང་སང་བཟོ་བའི་དགེ་རྒན་གྱི་ལུས་སེམས་གཉིས་ཀྱི་ནུས་ཤུགས་བསྲི་ཚགས་བྱེད་ཐུབ། དགེ་རྒན་གྱི་དུས་ཚོད་དང་ནུས་ཤུགས་བསྲི་ཚགས་ཅུང་ཙམ་བྱེད་ཐུབ་པ་འདིས། བྱ་བ་གཉིས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་བཏུབ་སྟེ། གཅིག་ནས་དགེ་རྒན་གྱི་ཉི་མ་རེ་རེའི་སློབ་ཁྲིད་ཀྱི་ནང་དོན་ཧྲིལ་བོ་ལེགས་འགྲུབ་ཡོང་བ་དང་། གཉིས་ནས་སློབ་མའི་འབྲི་དེབ་ལ་ཞུ་དག་བྱེད་པའི་བྱ་བ་གཏིང་ཟབ་དགོས་པ་ལེགས་འགྲུབ་ཡོང་བ་བཅས་སོ།།

ལག་ལེན་གྱི་རིམ་པ།

སློབ་ཕྲུག་ཁག་དགོས་ཀྱིས་ཞུ་དག་བྱེད་ཚུལ་ལ་དབྱེ་བ་གཉིས་ཕྱེ་རུང་བར་འདོད་དེ། གཅིག་ནི་དགེ་རྒན་གཅིག་གི་འཛིན་གྲྭ་རིམ་པ་མི་འདྲ་བའི་སློབ་ཕྲུག་ཁག་བགོས་བྱེད་པ་དང་། གཉིས་པ་ནི་འཛིན་གྲྭ་གཅིག་གི་སློབ་ཕྲུག་རྣམས་ཁག་བགོས་བྱེད་པ་བཅས་ཡིན།
དང་པོ་དགེ་རྒན་གཅིག་གིས་གཟའ་འཁོར་གཅིག་གི་ནང་ལ་འཛིན་གྲྭ་བཞིའམ་ལྔ་ཡི་སློབ་ཕྲུག་གི་འབྲི་དེབ་ལ་ཞུ་དག་བྱེད་རྒྱུ་ཧ་ཅང་དཀའ་བར་སོང་། དགེ་རྒན་གྱིས་སློབ་ཚན་གྱི་ནང་དོན་དང་སློབ་ཁྲིད་གོ་རིམ་བཅས་ལ་བསམ་གཞིགས་ནན་ཏན་དང་གྲ་སྒྲིག་ལེགས་པོ་བྱས་ཏེ། གཟའ་འཁོར་གཅིག་གམ། གཟའ་འཁོར་ཕྱེད་ཀྱི་རིང་འཛིན་གྲྭ་གང་དང་གང་ལ་ནང་སྦྱོང་དང་འབྲི་རྩོམ་སོགས་འབྲི་རུ་བཅུག་ནས་ཞུ་དག་བྱེད་པ་དང་། འཛིན་གྲྭ་གང་དང་གང་ལ་གཟའ་འཁོར་དེ་དང་གཟའ་འཁོར་ཕྱེད་དེ་ཡི་རིང་གོང་གི་བྱ་བ་དེ་དག་མ་བཀོལ་བར་ཐབས་སྣ་ཚོགས་ཀྱིས་སློབ་ཁྲིད་བྱེད་རྒྱུ་ཡིན་པ་བཅས་ལ་ཁག་བགོས་བྱེད་དགོས།
གཉིས་པ་དགེ་རྒན་གྱིས་འཛིན་གྲྭ་གཅིག་གི་སློབ་མ་རྣམས་ཁག་བགོས་བྱེད་པར་ཐབས་གཉིས་བསྟེན་ཆོག་སྟེ། དེ་ཡང་སློབ་ཚན་འགའ་ཤས་སློབ་ཕྲུག་རིགས་གཅིག་གིས་རྟོགས་སླ་ཞིང་། ལ་ཤས་ཀྱིས་གོ་དཀའ་བས། དགེ་རྒན་གྱིས་རེབ་ཐེངས་གཅིག་ལ་སློབ་ཚན་གྱི་ནང་དོན་རྟོགས་དཀའ་ཙམ་བྱུང་འདུག་པའི་སློབ་མ་རྣམས་ལ་རོགས་འདེགས་ཆེད། ཁོང་ཚོའི་འབྲི་དེབ་ལ་གཟབ་ནན་གྱིས་ཞུ་དག་བྱེད་ཆོག་ཅིང་། ཐེངས་ཤིག་ལ་སློབ་ཚན་གྱི་མཇུག་གི་ནང་སྦྱོང་དང་འབྲི་རྩོམ་ཡག་ཙམ་བྱུང་འདུག་པའི་འབྲི་དེབ་ཁག་གི་སྟེང་། སློབ་ཕྲུག་ཚོར་སེམས་ཤུགས་སྤེལ་བའི་གསལ་བཤད་དང་དཔྱད་བརྗོད་འབྲི་ཆོག ཡང་མཚམས་རེར་སློབ་ཕྲུག་མང་པོར་མོས་པ་སྣ་ཚོགས་པ་ཡོད་པར་སོང་། སློབ་ཚན་རིགས་ཤིག་ལ་སློབ་ཕྲུག་རེ་འགས་དོ་སྣང་བླ་ལྷག་བྱེད་ཅིང་ཁ་ཤས་ཀྱིས་དེ་ཙམ་དོ་སྣང་མི་བྱེད་པའང་སྲིད་པས། དགེ་རྒན་གྱིས་འདི་འདྲའི་ཁྱད་པར་གཞིར་བཞག་ནས་ཞུ་དག་གནང་ཡང་རུང་ངོ།།

གསུམ་པ། སློབ་མ་ལ་ཞུ་དག་བྱེད་དུ་འཇུག་པ།
འགྲེལ།

སྤྱིར་སློབ་མའི་བྲིས་བཅའ་རྒྱུ་ནི་དགེ་རྒན་གྱི་ལས་འགན་ཞིག་ཡིན་པ་བཤད་མི་དགོས་མོད། དེ་ལ་ཐབས་ཤེས་སྣ་ཚོགས་བསྟེན་མི་རུང་བ་མིན་ལ། ལྷག་པར་དུ་སློབ་ཕྲུག་གི་བྲིས་ལ་ཐབས་ཤེས་མ་བཀོལ་བར་དགེ་རྒན་གྱིས་དམར་རྟགས་འཐེན་རྐྱང་བྱས་ཚེ། དེའང་སྔར་གྱི་སློབ་གསོ་འགོ་བཙུགས་པའི་སྐབས་ཀྱི་ལམ་ཞིག་ལས། དེང་གི་བྱེད་ཐབས་སྣ་ཚོགས་ལྡན་པའི་སློབ་གསོའི་འགྲོ་སྟངས་དང་ག་ལ་མཐུན། དེ་བས་སློབ་ཕྲུག་གིས་བྲིས་པའི་ནང་སྦྱོང་དང་བྲིས་རྩོམ་སོགས་སླར་ཡང་སློབ་ཕྲུག་རང་ཉིད་དང་སློབ་ཕྲུག་གཞན་ལ་བསྐྱར་དུ་བཀླག་ཏུ་བཅུག་ནས་སློབ་ཕྲུག་རང་ཉིད་ལ་ཞུ་དག་བྱེད་དུ་འཇུག་རྒྱུ་ནི་ལྡོག་ཕྱོགས་ཀྱི་ཐབས་ལམ་བཟང་པོ་ཞིག་ཡིན།

དགེ་མཚན།

ཐབས་ལམ་འདི་ནི་དགེ་རྒན་གྱིས་རང་གི་བྱ་བ་མ་སྒྲུབ་པར་སློབ་ཕྲུག་ལ་བཀོལ་བ་ལྟ་བུ་ཞིག་ཏུ་མཐོང་ཆོག་མོད། འདི་ནི་དགེ་སློབ་གཉིས་ཀྱིས་མཉམ་ལས་བྱེད་སྟངས་ཤིག་ཡིན་ལ། ཁོ་བོས་བྱེད་ཐབས་འདི་ལ་དགེ་མཚན་ཆེ་ཚུལ་འགའ་ཞིག་མཐོང་སྟེ། དང་པོ། ཞུ་དག་གི་ལས་ཀའང་སློབ་ཕྲུག་རང་ཉིད་ཀྱིས་བསྒྲུབས་སྟབས། རང་གིས་མ་ཤེས་པ་དང་ཤེས་བཞིན་བཟོས་པའི་ནོར་འཁྲུལ་རྣམས་ལ་གཏིང་ཟབ་སྒོས་ངོས་ཟིན་ཐོབ་པ། གཉིས་པ། ནམ་རྒྱུན་དགེ་རྒན་གྱིས་ནོར་འཁྲུལ་བཅོས་ཏེ་སློབ་ཕྲུག་ལ་འབྲི་དེབ་ཕར་སྤྲད་པ་ན། སློབ་ཕྲུག་མང་པོ་ཞིག་གིས་དགེ་རྒན་གྱི་བཅོས་ལ་མི་ལྟ་བའི་སྤྱོད་པ་བསྒྱུར་ཐུབ། གསུམ་པ། རང་གིས་ནོར་བ་རང་གིས་བཅོས་པས་འགྲིག་པ་སེམས་སུ་འཇགས་པ། བཞི་པ། ནང་སྦྱོང་དང་བྲིས་རྩོམ་གང་ཡིན་ཡང་སློབ་ཕྲུག་རང་གིས་བྲིས་ཏེ་རང་གིས་བཅོས་པར་སོང་། མཐའ་མཇུག་གི་གྲུབ་འབྲས་ཐམས་ཅད་སློབ་ཕྲུག་རང་གི་ཡིན་བསམ་པའི་སྤོབས་པ་སྐྱེ་བ་བཅས་སོ། །

ལག་ལེན་བྱེད་ཚུལ།

འདི་ལ་ཚུལ་གཉིས་ཡོད་དེ། གཅིག་ནི་སློབ་མ་རང་ཉིད་ལ་རང་གི་འབྲི་དེབ་ལ་ཞུ་དག་བྱེད་དུ་འཇུག་པ་དང་། གཉིས་པ་ནི་སློབ་ཕྲུག་ཀ་པའི་ནང་སྦྱོང་དང་བྲིས་རྩོམ་སོགས་ལ་སློབ་ཕྲུག་ཁ་པར་ཞུ་དག་བྱེད་དུ་འཇུག་པའོ།། སྔ་ཕྱི་གང་ཡིན་རུང་དགེ་རྒན་ལ་འགན་འཁུར་གཏན་ནས་མེད་པ་མིན་ཏེ། ཐོག་མར་སློབ་མ་རྣམས་ལ་ཞུ་དག་བྱེད་སྟངས་ཀྱི་དཔེ་སྟོན་ཡང་དག་བྱེད་དགོས་ལ། སློབ་ཕྲུག་གི་ཤེས་ཚད་དང་བསྟུན་ནས་སློབ་ཕྲུག་ལ་ཤས་ལ་ཚིག་གྲུབ་འགའ་ཤས་ལ་ཞུ་དག་ཇི་ལྟར་བྱེད་པའི་བསམ་འཆར་འདོན་དགོས་ལ། ཡང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་མ་རེ་ཟུང་ལ་ནང་སྦྱོང་ཕྱེད་ཀ་དགེ་རྒན་གྱིས་ཞུ་དག་བྱས་ཏེ་ལམ་སྟོན་ཡག་པོ་བྱས་རྗེས། ཕྱེད་ཀར་སློབ་མར་བྱེད་དུ་འཇུག་དགོས། སློབ་ཕྲུག་ལ་འབྲི་དེབ་ཐོག་ཞུ་དག་བྱེད་ཚུལ་གྱི་དཔེ་སྟོན་དང་ལམ་སྟོན་ཡག་པོ་བྱས་པས། དགེ་རྒན་གྱི་ལས་ཀ་ཚར་སོང་བ་མིན་པར། སློབ་མའི་དག་བཅོས་བྱས་པར་དགེ་རྒན་གྱིས་ངེས་བར་དུ་ལྟ་དགོས་ལ། གཅིག་བྱས་ན་འདི་ནི་སློབ་མའི་ཞུ་དག་ལ་དགེ་རྒན་གྱིས་བསྐྱར་དུ་ཞུ་དག་བྱེད་པ་ལྟ་བུ་ལགས་ཤིང་། དགེ་རྒན་གྱིས་བལྟས་ཚར་རྗེས་བསྐྱར་དུ་སློབ་ཕྲུག་ལ་གསལ་བཤད་གང་ལ་གང་འཚམ་བྱས་ཏེ་དགེ་སློབ་གཉིས་ཀྱིས་མཉམ་སྒྲུབ་ཀྱི་བྱ་བ་འདི་མཇུག་བསྡུ་དགོས་སོ།།
བཞི་པ། ཞུ་དག་ནི་འགྲིག་ནོར་གཉིས་ཀ་འཚོལ་བའི་བྱ་བ་ཞིག་ཡིན་འོས།

འགྲེལ།

སྤྱིར་ཞུ་དག་ནི་ནོར་བ་བཅའ་ཚུལ་ཞིག་ལས་འགྲིག་པ་འཚོལ་ཚུལ་ཞིག་མིན་ལ། ཕལ་ཆེར་ང་ཚོས་ཞུ་དག་ཟེར་དུས་ནོར་བ་ཞིག་འཚོལ་རྒྱུ་མ་གཏོགས་འགྲིག་པ་ལ་བསམ་བློ་གཏོང་གི་ཡང་མེད། འོན་ཀྱང་། སློབ་མའི་འབྲི་དེབ་ལ་ཞུ་དག་བྱ་བའི་དགེ་རྒན་གྱི་བྱ་བ་ལ་མཚོན་ན། དེ་ནི་གཉིས་ཀ་འཚོལ་བའི་བྱ་བ་ཞིག་ཡིན་ན་འོས་བསམ།
དེང་ནུབ་ཕྱོགས་ཀྱི་བྱིས་པའི་སེམས་ཁམས་དང་སློབ་གསོ་སྨྲ་བ་ཚོའི་ཁྲོད། བྱིས་པར་སྐྱོན་བརྗོད་བྱེད་རྒྱུ་ཐལ་དྲགས་ན། བྱིས་པའི་ལུས་སེམས་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པའི་སྡོམ་ཚིག་ཅིག་གང་སར་ཁྱབ་བརྡལ་དུ་འགྲོ་བ་དང་བསྟུན་ཏེ། རང་རིགས་འབྲེལ་ཡོད་སློབ་སྟོན་པ་དང་འགོ་ཁྲིད་ཚོས་ཀྱང་དགེ་རྒན་གྱིས་སློབ་མའི་འབྲི་དེབ་ཐོག་ནོར་བཅོས་བྱེད་པར་བསྙད་དེ། དམར་རྟགས་མང་པོ་འཐེན་ན། སློབ་མས་མུ་མཐུད་སློབ་སྦྱོང་ལ་ཤུགས་རྒྱག་པའི་སེམས་ཤུགས་ལ་གནོད་པ་དང་། སྟབས་མ་ལེགས་ཚེ་སྐབས་རེར་སློབ་མ་ཁ་སྐྱེངས་པར་བྱེད་པ་སོགས་འོང་བས། དགེ་རྒན་གྱིས་དམར་རྟགས་ཉུང་ཙམ་དང་ཡང་ན་དམར་རྟགས་ཆུང་ངུ་འཐེན་དགོས་སྐོར་ཟབ་འཁྲིད་བྱེད་པ་ཁོ་བོས་ཀྱང་ལན་མང་ཐོས་ལ། གནས་ལུགས་འདི་མཁས་པ་དང་ཉམས་མྱོང་ཅན་གྱི་མྱོང་བ་ལས་ཐོན་པའི་འབྲས་བུར་སོང་། གོ་རྒྱུ་མེད་པ་གཏན་ནས་མིན་མོད། ང་རང་ཉིད་ཀྱི་འགྲེལ་བཤད་ནི་འདི་ལྟར་ཏེ། དགེ་རྒན་གྱིས་སློབ་མའི་འབྲི་དེབ་ཐོག་ནོར་བཅོས་གང་མང་གཟབ་ནན་གྱིས་བགྱི་དགོས་ལ། དེ་དང་མཉམ་དུ་སློབ་མའི་འབྲི་དེབ་ཐོག་གི་ནང་དོན་འགྲིག་པ་དང་བྲིས་ཆ་ལེགས་པ། སྒྲིག་གཙང་བ་བཅས་ལ་ནན་ཏན་གྱིས་མཉམ་འཇོག་བྱས་ཏེ། དེ་གཉིས་མཉམ་དུ་འགྲོ་ཐུབ་པ་ཞིག་བྱེད་དགོས་པ་འདི་ཡིན།

དགེ་མཚན།

འགྲེང་འགྲོ་མི་ཡི་རིགས་འདིས། བདེ་སྡུག་གཉིས་ལས་བདེ་བ་འདོད་པ་དང་། བཟང་ངན་གཉིས་ལས་བཟང་ལ་དགའ་བ། མཛེས་བཙོག་གཉིས་ལས་མཛེས་པར་སྤྲོ་བ་བཅས་ཀྱི་ཆོས་ཉིད་ལ་བསམ་ན། འགྲིག་ནོར་གཉིས་ལས་ཀྱང་འགྲིག་པ་ལ་རང་བཞིན་གྱིས་དགའ་སྤོབས་བྱེད་ངེས་པས། ཐབས་ཚུལ་འདི་ནི་མིའི་ཆོས་ཉིད་དང་མཐུན་པ་ཞིག་ཡིན་ལ། བྱེད་ཐབས་འདིས་མིའི་ཆོས་ཉིད་དང་མཐུན་པའི་སློབ་གསོ་མྱོང་དུ་འཇུག་པ་དང་། དེ་ལ་བརྟེན་ནས་སློབ་མའི་རྒྱུད་ཀྱི་སྙིང་སྟོབས་དང་མཛེས་དཔྱོད་དར་དུ་འཇུག་པ་སོགས་མང་ཡང་། འདིར་རྒྱུན་དུ་འཆད་བྱ་དག་ཟློ་བར་མ་སྤྲོ།
ལག་ལེན་བྱེད་ཚུལ།
སློབ་མ་ཞིག་གི་འབྲི་དེབ་ནང་གི་འགྲིག་པ་ལབ་ན། ང་ཚོས་ཚིག་གི་དག་ཆ་དང་ནང་དོན་གཉིས་ཁོ་ནར་གོ་མི་རུང་། དེ་ལྟར་བསམ་ཚེ་དེ་ནི་སྒྲ་དོག་དྲགས་པས། ཕལ་ཆེར་མཚམས་རེར་ང་ཚོ་དགེ་རྒན་རྣམས་འུ་ཐུག་སྟེ་སྡོད་དགོས་པའི་སྐབས་ཀྱང་ཡོང་ངེས། དེ་བས། ང་ཚོས་འབྲི་དེབ་ནང་གི་འགྲིག་པ་འཚོལ་དུས་ཚིག་གི་དག་ཆ་དང་དོན་ལ་ལྟ་དགོས་པ་ཨ་ཅང་ཅང་། ཡི་གེའི་བྲིས་གཟུགས་ཀྱི་མཛེས་ཆ། འབྲི་དེབ་སྤྱི་དང་ལྷག་པར་དུ་ནང་སྦྱོང་དང་རྩོམ་ཡིག་བྱེ་བྲག་པ་གང་འབྲི་དེབ་ཐོག་ཕབ་སྟངས་ཀྱི་གཙང་སྦྲ་བཅས་ཕྱོགས་ཡོངས་ནས་འཚོལ་དགོས་ལ། དེ་ལྟར་བཙལ་རྗེས་དགེ་རྒན་གྱིས་ཡིག་ངག་གང་རུང་ནས་ཕྱོགས་གང་ཞིག་འགྲིག་པ་དེའི་འགྲིག་ཚུལ་ཤོད། གལ་སྲིད་དགེ་རྒན་ལ་དུས་ཚོད་ཀྱིས་ལྕོགས་ཚེ་ཡིག་ཐོག་ནས་སློབ་མའི་འབྲི་དེབ་ཐོག་ལ་འགྲིག་ཚུལ་གསལ་བཤད་བྱེད་དགོས།
གལ་སྲིད་དགེ་རྒན་གྱིས་སློབ་ཕྲུག་ཅིག་གི་འབྲི་དེབ་ཐོག་ནས་ནོར་བ་གཅིག་དང་འགྲིག་པ་བཅུ་རྙེད་ཚེ། དེ་ནི་ཐག་གཅོད་དཀའ་བ་ཞིག་མིན་མོད། གལ་སྲིད་དགེ་རྒན་གྱིས་སློབ་མའི་འབྲི་དེབ་སྟེང་ནོར་བ་བཅུ་དང་འགྲིག་པ་གཅིག་མ་གཏོགས་མ་རྙེད་ཚེ། དགེ་རྒན་གྱིས་རང་རང་གི་གནས་བབ་དང་མཐུན་པའི་ཐག་གཅོད་ཅིག་བྱ་དགོས་ངེས་རེད་མོད། ཁོ་བོའི་གོ་བ་ལེན་སྟངས་ནི་དགེ་རྒན་གྱིས་ནོར་བ་བཅུ་ལ་ནོར་བཅོས་བྱས་རྗེས། འགྲིག་པ་གཅིག་པུ་དེ་ལ་ནོར་བ་བཅུ་ལས་ལྷག་གིས་གསལ་བཤད་བྱེད་དགོས། འདི་ནི་འགྲིག་པ་ཉུང་ཡང་ཆེ་བ་བརྗོད། འགྲིག་པ་གཅིག་གིས་ནོར་བ་བཅུ་ཡི་སྡུག་བསྔལ་ལ་ཁ་གསབ་བྱེད་ཐུབ་ཟེར་བ་ཡིན་ནོ།།