མེ་ཏོག་བཞད་པ། འདབ་མ་ལྷུང་བ། ལྗང་ལོ་འབུས་པ། འབྲས་བུ་ཐོགས་པ། ཁམ་བུ་སྨིན་པ། སོ་བརྩེ་བ།
ངའི་ཕ་ཡུལ་དུ་ཁྱིམ་ཚང་རེ་རེར་ཤིང་འབྲས་ར་བ་ཡོད། དཔྱིད་ཀ་སླེབས་ཚེ། ལྗོན་ཤིང་ཐམས་ཅད་ཀྱི་ནང་ནས་མེ་ཏོག་བཞད་སྔ་ཤོས་ནི་ཁམ་སྡོང་ཡིན། ཁམ་སྡོང་གི་མེ་ཏོག་ནི་ཁ་དོག་དཀར་པོ་དམར་མདངས་ཅུང་ཟད་འདྲེས་པ་ཞིག་ཡིན། མེ་ཏོག་བཞད་ནས་འདབ་མ་ལྷུང་ན། ད་གཟོད་ལྗང་ལོ་འབུས་ནས་འབྲས་བུ་ཐོགས། ཁམ་སྡོང་གི་འགོ་ལ་ཁམ་བུ་ཆུང་ཆུང་ཚོམ་བུ་དང་ཚོམ་བུ་བྱས་ནས་ཐོགས་པ་དང་། ཐོགས་མ་ཐག་པའི་ཁམ་བུ་ཆེ་ཆུང་ལ་རིལ་མ་ཙམ་ལས་མེད། རིམ་གྱིས་ཆེ་རུ་གྱུར་ནས་སྨིན་པ་ན། ཆེ་བ་ལ་བྱ་སྒོང་ཙམ་དང། ཆུང་བ་ལ་སྲེག་པའི་སྒོ་ང་ཙམ་ཡོད། མ་སྨིན་པའི་ཁམ་བུའི་མདོག་ནི་ལྗང་སྐྱ་ཡིན། ཚི་གུ་ཆག་མེད་ཚེ་ཟོས་ན་རོ་ཧ་ཅང་སྐྱུར་བ་ཡིན། སྟོན་དུས་ཁམ་བུ་སྨིན་པ་ན་ཁ་དོག་ཀྱང་དམར་སེར་ཡིན། དེ་ལ་སོ་བཏབ་ན། སིལ་ཤ་མཐུག་ལ་ཁུ་བ་མང་བར་མ་ཟད། སིལ་ཤ་དང་ཁུ་བ་ཡང་དམར་སེར་ཡིན། སྨིན་ལ་མ་སྨིན་པའི་ཁམ་བུ་ནི་རོ་མངར་ཞིང་སྐྱུར་བོ་ཡིན། སྨིན་ཐག་ཆོད་པའི་ཁམ་བུ་ད་གཟོད་རོ་མངར་ཞིང་ཞིམ་པ་དང་། ཁམ་བུ་ཟོས་པ་མང་དྲགས་པའི་སྟབས་ཀྱིས་སོ་བརྩེ་གི་ཡོད། ང་ཆུང་དུས་ཁམ་བུ་ཟ་བར་ཧ་ཅང་དགའ།
 
གལ་ཆེའི་མིང་ཚིག
ཕ་ཡུལ། ཁྱིམ། ཤིང་འབྲས་ར་བ། དཔྱིད་ཀ། ལྗོན་ཤིང་། མེ་ཏོག ཁམ་སྡོང་། འདབ་མ། ལོ་མ། འབྲས་བུ། ཚོམ་བུ། རིལ་མ། བྱ་སྒོང་། སྲེག་པ། སྒོ་ང་། ཁམ་བུ། མདོག ཚི་གུ རོ། སྟོན་དུས། སོ། སིལ་ཤ། ཁུ་བ།