སྨད་གཡོགས་གྱོན་པ། ཕུ་མེད་སྟོད་ཐུང་། ཚ་སྨུག་འཐིབས་པ། ཕུ་འདེབས་པ། རླུང་པོ་ལྡང་བ། ཤང་སྒྲ་སྒྲོག་པ།
དབྱར་གྱི་དུས་ཚོད་གྲོང་ཁྱེར་དུ་བསླེབས་བྱུང་། གྲོང་ཁྱེར་དུ། བུ་མོ་ཚོས་སྨད་གཡོགས་གྱོན་ཞིང་། སྐྱེས་པ་ཚོས་ཕུ་མེད་སྟོད་ཐུང་གྱོན་ནས་ཚ་སྨུག་འཐིབས་པའི་སྲང་ལམ་དུ་བསྐྱོད། གྲོང་ཁྱེར་གྱི་མཁའ་དབུགས་བར་སྣང་དུ་འབྱར་སོང་བ་བཞིན་མི་ལ་དབུགས་ཀྱང་འབྱིན་རྔུབ་བྱེད་དཀའ་བའི་སྣང་བ་སྟེར་བ་དང་། མཚམས་རེར་ཚ་གདུག་གི་བར་གསེང་ཞིག་ནས་སུ་ཞིག་གིས་ཕུ་འདེབས་པ་ལྟ་བུའི་རླུང་ཕྲན་རེ་ལྡང་ཡོང་བ་ཡང་ཚ་ལམ་ལམ་བྱེད། ཡོད་ཚད་དེ་ལྟར་ཚ་ལམ་ལམ་དུ་གྱུར་བའི་ནང་ལོགས་ཀྱི་གྲོང་ཁྱེར་འདིར་འདུག་དུས། ངས་ཕ་ཡུལ་གྱི་དབྱར་ཁའི་སྐྱིད་སྣང་དེ་དྲན་བྱུང་སྟེ། པ་ཏྲའི་རིས་བཞིན་བགོས་ཡོད་པའི་གྲོ་ཞིང་དང་། ལྗང་མདོག་གི་ཁུ་བས་ཡོངས་སུ་བྲན་ཡོད་པའི་རི་དང་ལུང་པ་དེ་དག དྭངས་གསལ་གྱི་ཤང་སྒྲ་སྒྲོག་བཞིན་བཞུར་བའི་གྲམ་པའི་རྒྱུགས་ཆུ་དེ། ད་དུང་ཡུལ་དེའི་གནག་ཕྱུགས་དང་། རྡོ་བའི་ལབ་ཙེ། མེ་ཏོག བར་སྣང་གི་སྤྲིན་དཀར་སོགས་དྲན་བྱུང་། ཕྱིར་དྲན་ཁྲོད་ཀྱི་ཕ་ཡུལ་གྱི་དབྱར་ཁ་ནི་དེ་ལྟར་ལྷོད་ཅིང་འཇགས་ལ། ལྷོད་འཇགས་ཀྱི་ཁྲོད་ནས་ཁུ་བྱུག་སྔོན་མོའི་ཀོ་ཀིའི་གསུང་སྙན་ཡང་ལྷང་ལྷང་གྲགས་ཡོང་།
 
མཆན་འགྲེལ།
སྨད་གཡོགས། སྨད་གོས་ཤིག ཚ་སྨུག ཚ་བ་དང་སྨུག་པ། སྲང་ལམ། ཁྲོམ་གཞུང་དབར་གྱི་བཤུལ་ལམ། མཁའ་དབུགས། བར་སྣང་། འབྱིན་རྔུབ། དབུགས་ཕར་འབྱིན་པ་དང་ཚུར་རྔུབ་པ། ཚ་གདུག གནམ་གཤིས་ཚ་དྲོད་མི་བཟད་པ། ལྡང་། རྒྱུ་བ། ཕ་ཡུལ། རང་རང་སྐྱེ་སའི་ཡུལ། པ་ཏྲ། དཔལ་བེའུ་དང་ཆ་འདྲའི་རི་མོའི་རིགས་ཤིག བྲན། དངོས་རྫས་ལ་ཆུ་གཏོར་ནས་རློན་པར་བྱས་པ། གྲམ་པ། ཆུ་འགྲམ་གྱི་རྡོ་ཧྲུག ལྷོད་འཇགས། ཟང་ཟིང་མེད་པ། ཁུ་བྱུག བྱ་ཞིག་གི་མིང་།