སྐད་ཆ་ཐོས་པ། སེམས་གསོ་བྱེད་པ། ཁ་ཏ་བྱེད་པ། ཨུ་ཚུགས་བརྒྱབ་པ། སྒོར་མོ་བསགས་པ། མིག་ཆུ་ཕྱི་བ། མིག་ཟུམ་པ།
ལོ་དེའི་ལོ་འགོར། ངའི་ཕ་རྒན་ལ་ཕོ་ནད་བྱུང་ནས་གཞུང་གི་སྨན་ཁང་དུ་བསྡད་ཅིང་སྨན་ཡོན་མང་པོ་ཤོར། “ད་ངའི་ནད་འདི་དྲག་རྒྱུ་ཡོད་ས་མ་རེད”ཕ་རྒན་གཞུང་སྨན་ཁང་གི་ནད་ཁྲི་དེའི་ཐོག་ཉམ་ཐག་ཏུ་གྱུར་ནས་དེ་ལྟར་བཤད། ནད་གཡོག་ཏུ་ཡོང་བའི་གཅེན་མོས་ཕ་རྒན་གྱི་སྐད་ཆ་དེ་འདྲ་ཐོས་རྗེས་དེ་མ་ཐག་ཕ་རྒན་ལ་”ཨ་ཕ། ཁྱོད་ཀྱིས་དེ་འདྲ་བ་བཤད་མ་ཡོང་། མི་དྲག་པའི་ནད་ཅིག་ག་ལ་ཡོད་ཨང་།” ཞེས་སེམས་གསོ་བྱས། “ད་འདི་ལྟར་སྨན་ཁང་དུ་བསྡད་ན། ལོ་འདི་གར་བསགས་པའི་དངུལ་སྒོར་ཡོད་ཚད་ཚར་རྒྱུ་ངེས།”ཕ་རྒན་གྱིས་དེ་ལྟར་ཟེར། “ཨ་ཕ་སྒོར་མོ་མེད་ཀྱང་བསགས་ན་ལོས་ཆོག ཁྱོད་མེད་ན་ང་ཚོ་ཇི་ལྟར་བྱ།” གཅེན་མོས་སེམས་སྡུག་ཆེན་པོས་དེ་ལྟར་བཤད་རྗེས། མིག་ཀོང་གི་མིག་ཆུ་ཕར་ཕྱི་ཙམ་བྱས། མཐའ་མར་ཨ་ཕས་ཨུ་ཚུགས་བརྒྱབ་སྟེ་སྨན་ཁང་ལས་ཐོན་ནས་གྲོང་ཚོར་ལོག། གང་ལྟར་ཀྱང་། ཕ་རྒན་ལོ་དེར་ཕོ་ནད་ཡང་བསྐྱར་ནད་ལོག་བརྒྱབ་ནས་ནད་བབས་ལྕི་རུ་འགྲོ་དུས། ཀུན་གྱིས་ཁ་ཏ་ཇི་ལྟར་བྱས་ཀྱང་སྨན་ཁང་དུ་མ་བསྐྱོད་པ་དང་། མཇུག་མཐར་ང་ཚོའི་མཆོད་ཁང་ནང་མིག་ཟུང་གཏན་ནས་ཟུམ་སོང་ཟེར།
 
མཆན་འགྲེལ།
ཕོ་ནད། ཕོ་བའི་མེ་དྲོད་ཉམས་པ་སོགས་ལས་བྱུང་བའི་ནད། ནད་ཁྲི། ནད་པའི་ཉལ་ཁྲི། ཉམ་ཐག ལུས་ཞན་པ། ནད་གཡོག ནད་པ་ལ་རོགས་རམ་བྱེད་མཁན་གྱི་མི། སེམས་གསོ། མྱ་ངན་ཅན་གྱི་སེམས་སྡུག་གསོ་ཐབས། ཚར། ཟད་པའམ་རྫོགས་པ། སེམས་སྡུག སེམས་ཁྲལ། མིག་ཀོང་། མིག་འབྲས་ནང་དུ་རྡིབ་པའི་ཀོང་ཀོང༌། ནད་ལོག ནད་དྲག་པ་སླར་ལངས་པ། ལྕི། ཚབས་ཆེ་བ། ཁ་ཏ། བསླབ་བྱ། མིག་ཟུང་གཏན་ནས་ཟུམ་པ། ཤི་བ།