སྐྱི་མོ་སྙེར་བ། ཁ་ཡ་བྱེད་པ། མཚམས་འཇོག་པ། འཚམས་འདྲི་བྱེད་པ། ཉི་འོད་འཚེར་བ། འུར་སྒྲ་སྒྲོག་པ། མིག་འབྱེད་པ།
ལས་ཁུངས་ཀྱི་ཐོག་ཁང་མདུན་ནས་ང་ལ་ལས་གྲོགས་རེ་གཉིས་འཕྲད། ལས་རོགས་དེ་ཚོས་མགོ་ལྕོག་ལྡེམ་ཙམ་བྱེད་ཅིང་གདོང་གི་སྐྱི་མོ་སྙེར་ནས་འཛུམ་ཙམ་བྱེད་བཞིན་ང་ལ་ཁ་ཡ་བྱས་ན་ཡང་། གོམ་མཚམས་མི་འཇོག་པར་ཕར་བུད་འགྲོ། འདི་ནི་གྲོང་ཁྱེར་གྱི་མིས་ཕན་ཚུན་ལ་འཚམས་འདྲི་བྱེད་པའི་ཐུན་མོང་གི་རྣམ་འགྱུར་ཞིག་ཡིན། ཁོ་ཚོ་ལམ་དུ་བསྐྱོད་དུས་ནམ་ཡང་བྲེལ་བྲེལ་འཚུབ་འཚུབ་ཏུ་སྣང་ཞིང་། སྣང་བ་ཞིག་ལ་གོམ་འགྲོས་དལ་མོར་སྤོས་ནས་བསྐྱོད་ན་ཅི་ཞིག་གི་རྗེས་ཆོད་ཀྱིན་མེད་པ་འདྲ། དབྱར་གྱི་ཚ་གདུག་གིས་ཕྱོགས་བཞི་ནས་བཏུམས་ཡོང་། ཁ་གཏད་ཀྱི་ཐོག་ཁང་ཆེན་པོ་གནམ་ལ་ཟུག་པ་དེའི་ཤེལ་སྒོ་དག་ལས་ཉི་འོད་ཀྱི་ལྡོག་འོད་ལམ་ལམ་འཚེར་ཡོང་ཞིང་། གཞུང་ལམ་ཆེན་པོ་དེའི་ཐོག་ཏུ་རླངས་འཁོར་གྱི་ཚོགས་ནི་གཅིག་རྗེས་གཉིས་མཐུད་ཀྱིས་འུར་སྒྲ་སྒྲོག་བཞིན་མདུན་དུ་རྒྱུགས་ཤིང་། མཚམས་རེར་བགག་ཟྭ་མནོན་པའི་ཙིར་སྒྲ་རྣོན་པོ་ཞིག་ཉན་ལམ་དུ་འགོག་མེད་དུ་འཛུལ་ཡོང་ནས་སྐྱི་གཡའ་བར་བྱེད། ང་དབྱར་གྱི་ཚ་གདུག་གི་ཀློང་ནས་གཞུང་སྒྲུབ་ཐོག་ཁང་གི་སྒོ་མདུན་ནས་བསྐྱོད་ཅིང་། ཉོབ་མདངས་ཀྱི་མིག་ཀྱང་འབྱེད་དཀའ་བའི་ཚད་དུ་བསླེབས།
 
མཆན་འགྲེལ།
མགོ་ལྕོག ལོ་ཏོག་དང་མེ་ཏོག་སོགས་ཀྱི་མགོ་རྒྱས་པའི་རྡོག་མ། ལྡེམ། མཉེན་ཞིང་གཡོ་བ། སྐྱི་མོ། མི་ཕྱུགས་ཀྱི་ལུས་ཕྱི་ནང་གི་པགས་རིམ་སྲབ་མོ། སྙེར། གཉེར་མ་བསྡུས་པ། ཁ་ཡ། ཚིག་ལན་བཤད་པ། ལྡོག་འོད། ལྡོག་འཕྲོས། བགག་ཟྭ། སྣུམ་འཁོར་སོགས་ཀྱི་འཁོར་ལོ་འགོག་བྱེད་ཀྱི་ལྷུ་ལག་ཅིག། སྐྱི་གཡའ་བ། འཇིགས་སྐྲག་སྐབས་ལུས་ཀྱི་སྤུ་ལྡང་ཤ་ལྤགས་སྦྲིད་པ་ལྟར་འགྱུར་བ། གཞུང་སྒྲུབ་ཐོག་ཁང་། གཞུང་གི་ལས་དོན་སྒྲུབ་སའི་ཁང་རྩེག་གི་མིང་། འབྱེད། ཕྱེ་བ།