བདེ་ལེགས་སྒྲོལ་དཀར།

 

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ།
སྙིང་རྗེའི་རང་གཟུགས་ཕྱག་ན་པད་མོ་གང་།།
ངུར་སྨྲིག་གར་དུ་རྣམ་རོལ་མགོན་དེ་ཡིས།།
འཛམ་གླིང་ཞི་བདེ་བསྐྲུན་པའི་མཛད་འཕྲིན་ལ།།
མི་ཕྱེད་རབ་ཏུ་དང་བའི་དད་ཕྱག་བརྩེགས།།
གངས་རིས་བསྐོར་བའི་ཆོས་ལྡན་རྒྱལ་ཁབ་ཀྱི།།
ལུགས་ཟུང་ཤེས་བྱ་གང་གིས་མཚོན་པའི་རྟགས།།
དབྱངས་གསལ་སོ་བཞི་ཐུན་མིན་སྐད་ཡིག་འདི།།
གཅེས་པའི་སྲོག་ལྟར་རྟག་ཏུ་སྐྱོང་བར་མཛོད།།

སྤྱིར་སྐད་ཡིག་ནི་མི་རིགས་སམ་རྒྱལ་ཁབ་དེ་སྲ་བརྟན་དང་གསོན་གནས་ཐུབ་པར་བླ་སྲོག་ལྟ་བུ་ཞིག་ཡིན་ལ། རང་མི་རིགས་ཀྱི་སྐད་ཡིག་འདི་ཡང་ལོ་ངོ་སྟོང་ཕྲག་ཏུ་མའི་གོང་གི་མེས་པོ་དམ་པ་རྣམས་ཀྱིས་དཀའ་སྡུག་དང་རྔུལ་ཆུའི་ཐིགས་པ་ལས་གྲུབ་པས་གཅེས་སྐྱོང་གནང་འོས་པ་ཞིག་ཡིན་ཡང་། བར་སྐབས་ཤིག་དུས་འགྱུར་གྱི་རྐྱེན་དང་བོད་མི་རང་ཉིད་ཀྱིས་ཀྱང་བཀོལ་སྤྱོད་གཉིས་ཀའི་ཐད་ནས་བོད་མི་རིགས་ཀྱི་སྐད་ཡིག་འདི་སྣུམ་ཟད་ཀྱི་མར་མེ་བཞིན་དུ་གྱུར་ཡོད། འོན་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་འཕྲིན་ལས་འཛམ་གླིང་འདིར་ཉི་འོད་བཞིན་དུ་ཁྱབ་པར་བརྟེན། དེང་གི་སྐབས་སུ་ཕྱིའི་མི་རིགས་མང་པོས་བོད་ཀྱི་སྐད་ཡིག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མཐོང་ནས་དོ་སྣང་དང་སྦྱང་བརྩོན་བྱེད་མཁན་ཆེས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། བོད་པའི་ཤ་ཁྲག་རུས་གསུམ་ནས་གྲུབ་པའི་མདང་སྐྱེས་ཀྱི་བྱིས་པ་ཞིག་ཡིན་ནའང་སོ་སོའི་སྐད་ཡིག་དང་རིག་གཞུང་བདག་པོ་རྒྱག་རྒྱུའི་འོས་འགན་ཞིག་ཕྲག་སྟེང་ལ་བབ་ཡོད་པ་ངེས་པར་དུ་ཤེས་དགོས་སྙམ།
དེ་ཡང་སྐད་ཡིག་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་སྐོར་དོན་ཚན་གཉིས་ཀྱི་ཐོག་ནས་ཞུ་ན་འདོད། བོད་ཀྱི་སྐད་ཡིག་བེད་སྤྱོད་བྱ་སྟངས་ནི། གཞིས་བྱེས་གཉིས་སུ་བཞུགས་པའི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་རྒན་རབས་པ་ཚོས་སྣེ་ཁྲིད་དེ་སོ་སོའི་ཁྱིམ་གཞི་ནས་འགོ་རྩོམ་དགོས་ཤིང་། གཞན་སྐད་བསྲེས་ལྷད་མེད་པར་བོད་སྐད་གཙང་མ་བཀོལ་སྤྱོད་བྱས་ཏེ་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་པར་སྣང་། དེ་མིན་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་དགོན་པ་དང་སློབ་གྲྭ་ཚོགས་སྡེ་ཆེ་ཆུང་ཁག གཞིས་ཆགས་སོགས་ཀྱི་ནང་ཁུལ་དུ་བོད་སྐད་གཙང་མ་བེད་སྤྱོད་བྱ་དགོས་པའི་གཞུང་ངོས་ནས་ཁྲིམས་དང་སྒྲིག་གཞི་ཞིག་བཟོས་ཏེ། ས་གནས་སོ་སོའི་ནང་དུ་དངོས་སུ་ལག་བསྟར་དགོས་པའི་བཀའ་ཡིག་ཅིག་ཕེབས་ན་དགེ་མཚན་ཆེ་བར་མཐོང་། དེར་བརྟེན་བོད་སྐད་གཙང་མ་བེད་སྤྱོད་བྱ་སའི་ཁོར་ཡུག་བཟང་པོ་ཞིག་གི་ངོ་བོར་བསྒྱུར་ཐུབ་ན། མ་འོངས་མི་རིགས་ཀྱི་སོན་རྩ་བྱིས་པ་དེ་ཚོ་ཡང་རང་སྐད་དྭངས་མ་སྤྱོད་པའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་ན་སོ་སོའི་སྐད་ཡིག་ལ་བཅོས་མིན་གྱི་དུང་བ་ཞིག་དང་རྒྱུན་འཛིན་བྱ་རྒྱུའི་འདུན་པ་ཞིག་སླེབས་ངེས་སོ། །
དེ་ལ་གཞན་སྐད་བསྲེས་ལྷད་མི་ཡོང་བའི་ཐབས་ལམ་ཞིག་ནི་དེང་དུས་གསར་ཐོན་གྱི་འཕྲུལ་རིགས་དང་མཉེན་ཆས་ལ་སོགས་དེ་དག་གི་ཐ་སྙད་དང་། སྤྱིར་བཏང་སྤྱི་ཚོགས་ཀྱི་ཁྲོད་དུ་ས་གནས་སོ་སོའི་ཡུལ་སྐད་གཞན་གྱི་ཤན་གྱིས་ཐ་སྙད་རྒྱུན་འབྱམས་སུ་ཡོད་པ་དེ་ཚོ་ཕྱོགས་བསྡུ་བྱས་ཏེ། དེ་ཚོའི་བོད་སྐད་ཐ་སྙད་རྣམས་ས་གནས་སོ་སོའི་གཞིས་ཆགས་ནང་ཁུལ་དང་ཚོགས་སྡེ་ཁག་གང་སར་སྦྱར་འགྲེམས་གནང་ནས་བཀོལ་སྤྱོད་བྱ་རུ་འཇུག་ཐུབ་ན་ཧ་ཅང་གི་འབྲས་བཟང་ཞིག་སྨིན་པ་སྨོས་མི་དགོས་སྙམ།
དོན་ཚན་གཉིས་པ་ཡིག་རྨོངས་སེལ་ཐབས། དེང་སང་གཞིས་ལ་གནས་པའི་ཡུལ་ལུང་ཁ་ཤས་ནང་ལོ་ན་རྒན་གཞོན་བར་གསུམ་ཡིག་རྨོངས་ཅན་ཚོས་བོད་ཡིག་སྦྱོང་བཞིན་པའི་བརྙན་མང་པོ་མཐོང་རྒྱུ་འདུག་པས་ཧ་ཅང་བཟང་ཆ་ཞིག་ཏུ་སྣང་། རང་དབང་ལུང་པར་གནས་པའི་བཙན་བྱོལ་བོད་མི་རྒན་གཞོན་སུ་འདྲ་ཞིག་ཡིན་རུང་རང་མི་རིགས་ཀྱི་ཡི་གེ་དེ་རྒྱུན་འཛིན་བྱ་རྒྱུ་སོ་སོའི་ཕྲག་སྟེང་ལ་ཡོད་པའི་འོས་འགན་ཞིག་ཡིན་བསམ་སྟེ་བོད་ཡིག་གི་རྨོངས་གཉིད་ལས་ངེས་པར་དུ་སད་དགོས་པར་མཐོང་།
སི་ཏཱ་ལིན་གྱིས། མི་རིགས་ཤིག་རྩ་མེད་གཏོང་དགོས་ན་སྔོན་ལ་མི་རིགས་དེའི་སྐད་ཡིག་བེད་སྤྱོད་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པ་འགྱུར་ཞེས་བཤད་པ་བཞིན། རྒྱ་ནག་གཞུང་གི་སྲིད་བྱུས་ཀྱིས་བོད་ཀྱི་སྐད་ཡིག་སོགས་སྦྱང་སའི་ལྟེ་གནས་ཁག་ལ་བཀག་སྡོམ་བྱས་དང་བྱེད་བཞིན་མཆིས། དཔེར་ན། མི་རིགས་སློབ་གྲྭ་ཆེན་མོའི་གཙོས་བོད་ཀྱི་སྐད་ཡིག་སློབ་གླིང་མང་ཆེ་བའི་ནང་སློབ་མ་བསྡུ་ཚད་ཉུང་དུ་བཏང་བ། བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་བསྡུ་མཚམས་བཞག་པ། སློབ་གྲྭ་ཁ་ཤས་ནང་བོད་རིགས་སློབ་མས་ནང་ཁུལ་བོད་སྐད་བཤད་མི་ཆོག་པ་དང་། གལ་ཏེ་བཤད་པ་མཐོང་ན་དངུལ་གྱི་ཆད་པ་གཅོད་པ་སོགས་ཀྱི་བཀག་རྒྱ་བྱས་ཏེ་ལག་བསྟར་བྱས་དང་བྱེད་མུས་ཡིན་པས། བོད་པའི་ལས་ཁུངས་དང་ཚོགས་སྡེ་ཁག་ནང་ཁུལ་ཡིག་འབྲེལ་དང་གསལ་བསྒྲགས་ཚང་མ་བོད་ཡིག་ཐོག་ནས་གནང་རྒྱུ་ཧ་ཅང་གི་གལ་ཆེན་དུ་མཐོང་།
རང་དབང་ལུང་པར་གནས་པའི་རྒན་རབས་ཚོ་དང་འབྲེལ་ཡོད་ཚང་མས་རང་མི་རིགས་ཀྱི་སོན་རྩ་གསར་སྐྱེས་བོད་ཕྲུག་རྣམས་སོ་སོའི་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་མཁན་གྱི་བོད་མི་ཁྱད་འཕགས་བ་ཞིག་གསོ་སྐྱོང་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ། དེ་ལྟར་མ་བྱུང་རུང་སོ་སོའི་མི་རིགས་རང་གི་སྐད་ཡིག་འབྲི་ཀློག་གཉིས་ཀྱི་ཐོག་ནས་རང་རྐྱ་འཕེར་བ་ཞིག་ཡོང་སའི་ཁོར་ཡུག་ཅིག་གི་ནང་འཚར་ལོངས་བྱུང་དུ་འཇུག་དགོས། རང་མི་རིགས་ཀྱི་སོན་རྩ་ཚོས་ཡུལ་སྐད་གཞན་བསྲེས་ཏེ་རང་ཉིད་ཀྱི་སྐད་ཡིག་ལ་སྣང་ཆུང་དང་ཁྱད་གསོད་བྱས་ཏེ་དགྲ་དགའ་གཉེན་སྡུག་གི་ལས་སུ་མི་འགྲོ་བར་བྱ་རྒྱུ་གལ་ཆེན་དུ་སྣང་།
རང་ཉིད་གནས་སའི་བོད་ཡིག་སྦྱོང་སར་སློབ་གྲྭ་སོགས་ཀྱི་མཐུན་རྐྱེན་མེད་ན་དམིགས་བསལ་ཕ་མ་རྣམ་པས་ཐུགས་འགན་ཆེར་བཞེས་ཀྱིས་སོ་སོའི་བུ་ཕྲུག་ལ་བོད་ཡིག་འབྲི་ཀློག་དང་། ནང་ལ་བོད་སྐད་གཙང་མ་བཀོལ་སྤྱོད་ཀྱིས་བོད་ཀྱི་སྐད་ཡིག་ལ་མི་རྨོངས་པའི་ཐབས་ཤེས་བྱ་དགོས། རང་ཉིད་ཀྱི་ཤ་རུས་ནས་ཆད་པའི་གཅེས་ཕྲུག་དེ་བོད་མི་ཚད་ལྡན་ཞིག་ཡོང་བར་ལྡོག་ཏུ་མེད་པའི་འོས་འགན་ཞིག་ཆགས་ཡོད།
༸གོང་ས་མཆོག་གིས། ཁྱེད་རང་ཚོ་ས་ཆ་གང་དུ་བསྡད་ནའང་བོད་མི་ཞིག་གི་ཚབ་མཚོན་གྱི་ཡོད། ཚབ་མཚོན་བྱེད་དེ་གཟུགས་ཀྱི་ཕུང་པོ་དེ་མིན། དེ་གང་ཡིན་ཞེ་ན། ཆོས་དང་རིག་གཞུང་དེ་མ་ཤེས་པ་དང་མེད་སོང་ན་གཟུགས་ཕུང་ཙམ་བོད་རེད་དེ། བོད་ཕྱེད་ཀ་རེད། བླ་སྲོག་མེད་པའི་བོད་རེད། ཅེས་གསུངས་སོ། །
གཞན་ཡང་། པཎ་ཆེན་རིན་པོ་ཆེས། ངས་རྒྱ་སྐད་བཤད་ཤེས་པ་དེ་ང་རང་གི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ངས་མ་ཤེས་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་ན་དེ་ནི་ང་རང་གི་ཞབས་འདྲེན་ཡིན་པས་ངོ་གནོང་དགོས་པ་ཞིག་རེད། རྒྱུ་མཚན་ནི་ང་བོད་རིགས་ཤིག་ཡིན་པས་སོ། ཞེས་གསུངས།
ཡང་། མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱིས། བོད་རིགས་ངོ་མ་ཞིག་ཡིན་ཕྱིན་བོད་སྐད་ཡིག་དག་མ་ཞིག་ངེས་པར་དུ་ཤེས་དགོས། ཤེས་པ་དེ་སྤྱོད་ཤེས་དགོས། ཞེས་གསུངས་པ་ལྟར། སྐྱེས་བུ་དམ་པ་ཁོང་རྣམ་པས་གསུངས་པ་བཞིན་སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་རང་མི་རིགས་ཀྱི་སྐད་ཡིག་དེ་ལ་སྦྱང་བརྩོན་དང་བཀོལ་སྤྱོད་བྱས་ནས་རྒྱུན་འཛིན་བྱས་ཏེ། མི་རབས་ཕྱི་མ་རྣམས་ལ་ངོ་སྤྲོད་བྱ་དགོས་པ་ནི་མི་ཐོག་སོ་སོ་ལ་འཕྲད་པའི་འོས་འགན་ཞིག་ཡིན། འཛམ་གླིང་འདི་ཡི་ཐོག་ལ་བོད་པའི་ཆོས་དང་རིག་གཞུང་། མི་རིགས་དང་རྒྱལ་ཁབ་རྒྱུན་གནས་བྱ་རྒྱུར་བོད་མི་ཡིན་ནོ་ཅོག་གིས་བོད་ཀྱི་སྐད་ཡིག་དེ་བེད་སྤྱོད་བྱས་ཏེ་སྲུང་སྐྱོབ་ལེགས་པར་དགོས་པ་དང་། དེ་འདྲ་ཞིག་གནང་ན་བོད་མི་རིགས་ཀྱི་རྒྱལ་ཁབ་འདི་ཉིད་འཛམ་གླིང་ནང་དུས་རྟག་ཏུ་གནས་ཐུབ་པ་ཞིག་སྨོས་མི་དགོས་སོ། །བོད་ཀྱི་སྐད་ཡིག་རྒྱལ་ལོ། །