ཚེ་རིང་བཀྲ་ཤིས།

ངོ་སྤྲོད།

བོད་ཀྱི་ཆབ་སྲིད་དང་མི་རིགས་ཀྱི་གནས་སྟངས་ཛ་དྲག་གཉན་འཕྲང་གི་དུས་བབ་འདི་འདྲའི་སྐབས་སུ་ཡང་། བོད་མི་རིགས་ཞེས་བརྗོད་དུས་མི་རིགས་གཞན་ལས་འབུར་དུ་ཐོན་པའི་རྒྱུ་མཚན་གཙོ་བོ་ནི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གྲ་མ་ཆག་གྲུ་མ་ཉམས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྟོན་པའི་ཟབ་ཅིང་བརླིང་པའི་ནང་དོན་རིག་པ་འདི་ལ་ཐུག་ཡོད། དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་གལ་འགངས་ཆེན་པོ་དང་རྩ་ཆེན་པོ་ཡིན་པ་དང་། སྲུང་སྐྱོབ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་ཀྱི་ཡོད། དེ་འདྲའི་ནང་དོན་རིག་པ་འདི་ཡང་ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་ཚོས་ལོ་ངོ་བརྒྱ་ཕྲག་མང་པོ་དཀའ་ངལ་ཁྱད་བསད་ཀྱིས་བརྩོན་འགྲུས་ཀྱིས་དཔའ་བསྐྱེད་དེ། བཀའ་འགྱུར་པོད་བརྒྱ་ལྷག་ཙམ་དང་བསྟན་འགྱུར་པོད་ཉིས་བརྒྱ་ལྷག་ཙམ་བོད་ཡིག་ཐོག་བསྒྱུར་གནང་ཡོད། དེ་འདྲའི་འགྱུར་གྱི་གྲངས་འབོར་ཞིག་རྒྱལ་ཁབ་དང་མི་རིགས་གཞན་སུས་ཀྱང་བྱས་མེད་སྟབས། དེ་ནི་བོད་མི་རིགས་ཀྱི་འཇོན་ཐང་དང་། སྤོབས་པ། གཟི་བརྗིད་རེད་སྙམ།
བཀའ་བསྟན་དེ་དག་ལ་བོད་རང་གི་མཁས་པ་རྣམས་ཀྱིས་དཔྱད་གསུམ་དག་པའི་སྒོ་ནས་དགོངས་འགྲེལ་གྱི་ཕྱག་དཔེ་ཡང་རི་བོའི་གཏོས་དང་མཉམ་པ་བརྩམས་ཤིང་། ད་ལྟའི་ཆར་འཛམ་བུ་གླིང་འདིར་ནང་པའི་རྒྱལ་ཁབ་དང་ནང་ཆོས་ཉམས་ལེན་བྱེད་མཁན་གྱི་མི་རིགས་ཆེས་མང་པོ་ཡོད་ཀྱང་། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་འགྲེལ་བརྗོད་ཁུངས་དག་ཆ་ཚང་བ་ཞིག་བྱེད་དགོས་ན་བོད་ཀྱི་ནང་ཆོས་ལྷག་མེད། དེ་བཞིན་ནང་ཆོས་དེ་ཉིད་ཀྱི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་བདག་ཉིད་ཅན་ཡིན་པར་བརྟེན། འཛམ་གླིང་གི་ཡུལ་གྲུ་གང་ས་ནས་ཚན་རིག་པ་དང་། རྣམ་དཔྱོད་ཅན་མང་པོས་ཡིད་སྨོན་དང་དགའ་མོས་ཞུ་བཞིན་པའི་ཐོག ཚན་རིག་པ་དང་མཉམ་དུ་མི་ལོ་བཞི་བཅུར་ཉེ་བའི་རིང་གོ་བསྡུར་སྦྱངས་བཤད་བྱེད་ཐུབ་པའི་ཆོས་ཤིག་ཆགས་ཡོད། དེས་ཚན་རིག་པ་མང་པོའི་འདོད་ཚུལ་དང་བསམ་བློའི་འཁྱེར་སོ་ལའང་འགྱུར་བ་སྣ་མང་ཞིག་བྱུང་དང་འབྱུང་མུས་རེད། བོད་ཀྱི་ཆོས་དང་རིག་གཞུང་གི་ནང་དོན་ངོ་འཕྲོད་པའི་ཐོག་ནས་དེས་མི་སྒེར་དང་། སྤྱི་ཚོགས། མི་རིགས། རྒྱལ་ཁབ། འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་ཇི་ཙམ་ཡོད་མེད་ལེགས་པར་ཤེས་ན། དེ་སྲུང་སྐྱོབ་གནང་རྒྱུར་ཡང་དགའ་མོས་དང་དང་ལེན་གནང་ངེེས་རེད།
དེ་བཞིན་བོད་ཀྱི་རིག་གཞུང་གི་སྙིང་པོ་ནང་དོན་རིག་པའི་གཞི་རྟེན་ནི། དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་བོད་ཀྱི་སྐད་ཡིག་ཁོ་ན་ཡིན་པ་དང་། དེ་འདྲའི་སྐད་ཡིག་དེ་ནི་ལེགས་སྦྱར་གྱི་སྐད་ཡིག་དང་དོ་མཉམ་ཞིང་མི་ལོ་ཆིག་སྟོང་སུམ་བརྒྱ་སོང་བའི་སྐད་ཡིག་ཕྱུག་པོ་ཞིག་ཡིན་པས་སྤོབས་པ་བྱེད་འོས་པ་དང་། གཞན་ལ་ངོམས་སུ་ཆོག་པ་ཞིག་ཡིན་ལ། ང་ཚོས་ད་བར་སེམས་ཤུགས་དང་ལྷག་བསམ་སྙིང་སྟོབས་བསྐྱེེད་དེ་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་ཅིང་། ཁ་ཕོར་ཙམ་ཡང་འཁྱེར་རྒྱུ་མེད་རུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། མི་རབས་གོང་མ་ཚོས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བའི་ཐོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་པ་མ་ཟད། བོད་ཀྱིི་ནང་ཆོས་ལ་དམིགས་བསལ་གྱི་ཆེ་མཐོང་ལྡན་པ་ཞིག་ཏུ་གྱུར་ཡོད་པས། མི་རབས་གཞོན་པས་ཀྱང་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སླད་དུ་འབད་བརྩོན་མ་བྱས་ན། དེ་ལས་ལྐུགས་པ་དང་རྨོངས་པ་གཞན་གང་ཞིག་ཡོད་དམ། དེར་བརྟེན་ང་ཚོས་བོད་ཀྱི་སྐད་ཡིག་འདི་ཉིད་སྲུང་སྐྱོབ་ངེས་པར་དུ་གནང་དགོས་ཤིང་། སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ་གཤམ་དུ་དོན་ཚན་ཁག་བརྒྱད་ཐོག་ནས་ཞུ་རྒྱུ་ཡིན།

༡༽ བོད་པ་མི་རེ་ངོ་རེ་དང་ཕ་མ་གཙོ་བོར་བྱས་པའི་རྒན་རབས་ཀྱིས་འགན་འཁྱེར་དགོས།

༸གོང་ས་མཆོག་གིས། ཡ་རབས་བཟང་པོའི་གོམས་གཤིས་ཅན་གྱི་བོད་མི་རྣམས་རྒས། གཞོན་ནུ་ཚོས་བོད་སྐད་ནང་ཚིག་ལྷད་གང་འཚམས་བཅུག བུ་ཕྲུག་ཆུང་ངུ་ཚོས་མ་ཤེས་པར་དེ་བས་མང་ཙམ་བཅུག གང་འཚམས་ནས་བོད་སྐད་གཙང་མ་དེ་གོ་བརྡ་མི་འཕྲོད་པའི་དུས་ཤིག་བྱུང་ན་ཇི་འདྲ་བྱེད་ཀྱི་ཡིན་ནམ། ཞེས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་མཇལ་སྐབས་སུ་ཡང་། བོད་མི་སྤྱི་དང་ལྷག་པར་ཕྱི་རྒྱལ་དུ་བཞུགས་པའི་བོད་མི་མང་པོར་བོད་པ་ཡིན་པའི་ཆ་ནས་བོད་ཡིག་ཡིན་གཅིག་མིན་གཅིག་སློབ་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་སྟབས། ང་ཚོས་བཀའ་སློབ་ལམ་སྟོན་གནང་བ་ལྟར་སྲུང་སྐྱོབ་ངེས་པར་དུ་གནང་དགོས། བོད་ནང་དུའང་གྲོང་ཁྱེར་ཆེ་ཁག་ནང་བོད་མི་ལས་རྒྱ་མིའི་མི་འབོར་མང་བའི་དཀའ་ངལ་ཡོད་ངེས་ལ། བཙན་བྱོལ་སྤྱི་དང་ལྷག་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དེ་འདྲའི་དཀའ་ངལ་ཡོད་པ་དངོས་འབྲེལ་ཡིན་ཡང་། རང་གི་ཁྱིམ་དུ་བོད་སྐད་གཙང་མ་དང་བོད་ཡིག་སློབ་ཐབས་གནང་རྒྱུ་གལ་འགངས་ཆེ། དེ་ནི་གཙོ་བོ་ཕ་མས་འགན་འཁུར་དགོས་སྙམ། ཕ་མས་རང་ཉིད་ཀྱི་ཁྱིམ་དུ་འགན་འཁུར་རྒྱུ་གལ་འགངས་ཆེ་ཤོས་སུ་མཐོང་། དེ་ལའང་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཆེ་ཆུང་སྣ་ཚོགས་ནས་འབོད་སྐུལ་དང་རམ་འདེགས་བྱེད་རྒྱུ་འདྲ་མིན་ཡོད་སྙམ། དཔེར་ན། ༸གོང་ས་མཆོག་གི་བཀའ་སློབ་ལས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བརྙན་ཐུང་སྐར་མ་བཅུ་ཙམ་དེ་འདྲ་ཕྱོགས་བསྒྲིགས་བྱས་ཏེ། དྲྭ་ཐོག་ཏུ་བཀྲམས་ན་ཕན་ཐོགས་ཏན་ཏན་ཡོང་ངེས་མ་ཟད། སློབ་གྲྭའི་ནང་སློབ་ཕྲུག་ཚོར་ལྷག་དཀར་ཉིན་སྔ་དྲོའི་འདུ་འཛོམས་སམ་དུས་སྐབས་གཞན་དུ་གཟིགས་བཅུག་ནའང་ཕན་ཐོགས་ངེས་ཅན་ཡོང་ཐུབ།

༢༽ ཕ་མས་སོ་སོའི་ཕྲུ་གུར་སློབ་གསོ་བསྐྱོན་རྒྱུ་གལ་འགངས་ཆེ་ཤོས་སུ་མཐོང་།

སྤྱིར་སློབ་གསོ་སྐྱོན་མཁན་མང་པོ་ཡོད་མོད། འོན་ཀྱང་ཕ་མས་རང་ཁྱིམ་དུ་སློབ་གསོ་བསྐྱོན་རྒྱུ་གལ་འགངས་ཆེ་ཤོས་སུ་མཐོང་། བོད་མི་རྣམས་གཙོ་ཆེ་ཤོས་བོད་ནང་དང་། དེ་བཞིན་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་དུ་གནས་ཡོད་ཀྱང་། རང་ཉིད་ཀྱི་ཁྱིམ་དུ་བོད་སྐད་བཤད་མི་ཆོག་ཟེར་མཁན་རྩ་བ་ནས་མེད་པས། ཕ་མེས་ཡང་མེས་ནས་བརྒྱུད་པའི་ཕ་སྐད་གཙང་མ་དེ་གཙོ་བོ་ཕ་མས་འགན་འཁུར་ནས་རང་གི་ཁྱིམ་དུ་བཤད་རྒྱུའི་ཐབས་ཤེས་གནང་ན། ང་ཚོས་ཕ་སྐད་རྒྱུན་འཛིན་ཇི་ལྟར་བྱེད་མི་ཐུབ་བམ། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་ཕ་མ་འགའ་ཞིག་གིས་འགན་མ་འཁྱེར་ནས་བོད་སྐད་ལས་ཨིན་སྐད་གལ་ཆེ་བ་དང་། བོད་ཡིག་ལས་ཨིན་ཡིག་གལ་ཆེར་བརྩིས་ནས་ཕྲུ་གུས་བོད་ཡིག་ལྟ་ཞོག བོད་སྐད་ཀྱང་མ་ཤེས་ན། དོན་ལ་ཕྲུ་གུ་དེ་བོད་མི་རིགས་ནས་ཕུད་པ་མ་རེད་དམ། བུ་ཕྲུག་དེ་དག་གི་ཕྲུ་གུའི་དུས་སུ་རེ་བ་ཅི་འདྲ་ཡོད་དམ། དེ་དག་ལ་ང་ཚོས་མིག་རྒྱང་རིང་ཙམ་བྱས་ཏེ་ངེས་པར་གཟབ་གཟབ་གནང་དགོས། ཕ་མ་དང་ཕྲུ་གུ་མང་དག་ཅིག་གིས་འཕྲལ་སེལ་གྱི་དགོས་མཁོ་ལས་ཕུགས་རྒྱང་རིང་པོའི་གནད་དོན་སྐོར་ཤེས་ཀྱི་མེད་སྟབས། དེ་དག་ལ་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། མཁས་དབང་། ཤེས་ཡོན་ཅན་ཚོས་དུས་ནས་དུས་སུ་གོ་རྟོགས་གང་ཐུབ་སྤེལ་ན་ཏན་ཏན་ཕན་ཐོགས་ཡོང་ངེས་རེད།

༣༽ ༸གོང་ས་མཆོག་གིས་བོད་པའི་སློབ་གྲྭ་ལོགས་སུ་བཙུགས་གན

ང་བ་དེ་བཙུགས་གོ་ཆོད་པ་ཞིག་དགོས་གལ།

མི་རིགས་གཅིག་པ་ཡིན་པའི་གནད་དོན་གཙོ་བོ་གཉིས་ཏེ་སྐད་ཡིག་གཅིག་པ་དང་། བསམ་བློའིི་འཁྱེར་སོ་གཅིག་པ་ཡིན་དགོས། འདིར་བསམ་བློའི་འཁྱེར་སོ་གཅིག་པ་ཞེས་པ་ནི་སྤྱི་ཡོངས་ནས་ཆོས་དང་ལས་འབྲས་ཁས་ལེན་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་མེད་ཀྱི་བརྩི་བཀུར་ཡོད་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁས་ལེན་པ། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ལ་རྒྱ་ཡོད་པ་བཅས་ལ་གོ་འོས།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་འཛམ་གླིང་ཤར་ནུབ་ཀྱི་གཟའ་མཇུག་སློབ་གྲྭའམ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ནང་བོད་སྐད་གཙང་མ་བསྐྱོན་ཐབས་གནང་དགོས། ཕྱི་རྒྱལ་གཟའ་མཇུག་སློབ་གྲྭ་ཁག་ནང་ཅུང་ཐུགས་ཁག་མི་འདུག་སྙམ། འོན་ཀྱང་བཙན་བྱོལ་སློབ་གྲྭའི་ནང་དུ་མགོ་འགན་འཛིན་ནས་གཤམ་འོག་གི་ལས་བྱེད་དཀྱུས་མའི་བར་ལས་བྱེད་ནང་ཁུལ་དང་། དགེ་སློབ་བར་ཨིན་ཇིའི་སྐད་ཡིག་བརྒྱུད་ལམ་གྱི་སློབ་ཚན་ཁག་སློབ་ཁྲིད་སྐབས་དང་དམིགས་བསལ་བཀའ་སློབ་ཁག་ལས། དེ་མིན་བོད་ཡིག་འཛིན་གྲྭ་དང་སློབ་གྲྭའི་མཛད་སྒོ་ཁག་གིས་གཙོས་པའི་ལྷག་དཀར་སོགས་ལ་ཕ་སྐད་གཙང་མ་ཤོད་རྒྱུའི་གོ་སྐབས་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་རང་གཞན་མང་དག་ཅིག་གིས་ཡིད་གཟབ་མ་བྱས་པར་སྣང་མེད་ངང་འཐུས་ཤོར་གྱིས་སྐད་བསྲེས་ལྷད་ཀྱང་མང་དག་འབྱུང་བཞིན་ཡོད་སྟབས། སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་གི་གལ་གནད་དང་ཛ་དྲག་གི་ཉེན་སྐྱོབ། སྲུང་སྐྱོབ་ཇི་ལྟར་དགོས་པའི་གནད་དོན་དག་དགེ་ལས་ཡོངས་དང་སློབ་ཕྲུག་ཀུན་གྱིས་ཤེས་སུ་འཇུག་རྒྱུ་དང་། སྲུང་སྐྱོབ་ཀྱི་ལམ་སྟོན་གནང་དགོས་ལ། བོད་ཀྱི་སྐད་ཡིག་ཐོག་མཁས་པའི་མི་སྣ་དག་གི་མཉམ་དུ་ལོ་རེར་གོ་བསྡུར་དང་བགྲོ་གླེང་ཐེངས་གཉིས་རེ་བྱས་ན་སློབ་ཕྲུག་གི་བསམ་བློར་འགྱུར་བ་ཐེབས་ངེས་དང་། སློབ་གྲྭ་སོ་སོའི་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་ཅི་ཡོད་གོ་བསྡུར་བྱས་ཏེ་ཟིན་ཐོ་བཀོད་ནས་འཕྲལ་དུ་ལག་བསྟར་གནང་དགོས་རྒྱུ།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ཐ་སྙད་ངོ་སྤྲོད་ཆེད་དགེ་རྒན་དང་སློབ་ཕྲུག་ཐུན་མོང་གི་ཚོགས་ཆུང་བཙུགས་ཏེ་སྲུང་སྐྱོབ་གནང་གལ་ཆེ། སློབ་གྲྭའི་ནང་སྐད་བསྲེས་ལྷད་མིན་པར་བོད་སྐད་བསྐྱོན་ན་བོད་སྐད་གཙང་མ་དང་། ཨིན་སྐད་བསྐྱོན་ན་ཨིན་སྐད་གཙང་མ་ལས་དེ་གཉིས་ཉ་ཉུང་མཉམ་བསྲེས་ལྟ་བུ་ནམ་ཡང་བསྐྱོན་མི་འོས་པ་ཤེས་རིག་ནས་ལམ་སྟོན་དང་བཀའ་རྒྱ་གནང་དགོས་གལ་དང་། དེས་ཕན་ཐོགས་ཆེ་བ་དང་ཏན་ཏན་ནུས་ཤུགས་ཆེ་བ་ཡོང་ངེས་སྙམ། དཔེར་ན། སྤྱི་འཐུས་ལྷན་ཚོགས་སམ་གྲོས་ཚོགས་ནང་བོད་སྐད་གཙང་མ་བསྐྱོན་པ་དང་བོད་ཆས་གྱོན་པ་དེ་ཡང་གཟི་བརྗིད་ལྡན་པ་ཞིག་མི་འདུག་གམ། དེ་ལས་ལྡོག་ན་ཅི་འདྲ་ཞིག་ཏུ་མི་འགྱུར་རམ། དེ་བཞིན་སློབ་གྲྭ་ནས་འཐུས་མ་ཤོར་བ་དང་འཆར་གཞི་ལྡན་པ་ཞིག་དགོས་པ་གལ་ཆེ་ཤོས་སུ་མཐོང་།

༤༽ གཞིས་ལུས་བོད་མི་དང་འབྲེལ་བ་གནང་སྟེ་སྐད་ཡིག་སྲུང་སྐྱོབ་གནང་གལ།

བོད་ནང་དུའང་ཐ་སྙད་མང་དག་ཅིག་གཏན་འབེབས་བྱས་དང་བྱེད་མུས་ཡིན་པས། གཞིས་ལུས་བོད་མི་སྤྱི་དང་ལྷག་པར་དུ་མཁས་དབང་དང་། ཤེས་ཡོན་ཅན་དག་ལ་འབྲེལ་བ་གནང་སྟེ་བོད་ཀྱི་སྐད་ཡིག་ཇི་ལྟར་སྲུང་སྐྱོབ་གནང་དགོས་ཐོག་དགོངས་ཡངས་དཀྱེལ་ཆེའི་ངང་བགྲོ་གླེང་སོགས་འཚོགས་ཏེ། བསམ་ཚུལ་བརྗེ་རྒྱུ། ལྷག་པར་དུ་ཐ་སྙད་གསར་བཟོའི་ཐོག་རིམ་པས་གོ་བསྡུར་དང་འདྲི་རྩད། བགྲོ་གླེེང་། བརྡར་ཤ་བཅད་དེ་གཅིག་གྱུར་པཟོ་ཐབས་གནང་དགོས། བོད་གཞིས་བྱེས་གཉིས་ཀའི་ནང་ཐ་སྙད་ཇི་ཙམ་གཅིག་གྱུར་པྱུང་བ་དེ་ཙམ་གྱིས་བོད་གཞིས་བྱེས་གཉིས་ཀར་སྟབས་བདེ་བས་དོན་ལྡན་གྱི་གྲུབ་འབྲས་སྨིན་ངེས་རེད། ཕྱིས་སུ་ཐ་སྙད་གཏན་འབེབས་ཇི་ལྟར་བྱས་པ་དང་ཇི་ལྟར་བསྒྱུར་བའི་ཐོག་ཟུར་མཆན་རེ་བཀོད་ན་ཕན་ཐོགས་ཆེན་པོ་ཡོང་ངེས་སྙམ།

༥༽ དུས་དང་བསྟུན་ཏེ་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་དགོས།

དེང་གི་དུས་སུ་སྙན་ངག་དང་སུམ་རྟགས་ཙམ་ཞིག་བསླབས་ཏེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་མི་ཐུབ། འཛམ་གླིང་སྤྱིའི་འགྱུར་འགྲོས་ཆེས་མྱུར་བས་སྐད་ཡིག་མང་པོའི་ནང་དུའང་དུས་ཐོག་མིང་འདོགས་རྒྱུར་དཀའ་ངལ་ཡོད་མོད། བོད་ཀྱི་སྐད་ཡིག་ནང་དེ་བས་ཀྱང་དཀའ་ངལ་ཆེན་པོ་ཡོད་ངེས་རེད། འོན་ཀྱང་ང་ཚོས་བོད་མི་རིགས་ཀྱི་འོས་འགན་དང་ཕུགས་འདུན་ལ་བསམས་ནས་དཀའ་ངལ་མང་པོར་ཁྱད་བསད་དང་གདོང་ལེན་མི་བྱེད་ཀ་མེད་རེད། དེར་བརྟེན་སྔོན་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་བསམ་ཡས་གཙུག་ལག་ཁང་དུ་སྒྲ་སྒྱུར་ལོ་པཎ་གླིང་ཞེས་ལོོགས་སུ་བཙུགས་པ་བཞིན། དེང་གི་དུས་སུ་ཡང་ལོ་པཎ་དགོས་ངེས་ཤིག་འདེམས་སྒྲུག་གིས་བོད་མིའི་སྒྲིག་འཛུགས་འོག་སྒྲ་སྒྱུར་གྱི་སྡེ་ཚན་གཞི་རྒྱ་ཆེ་བ་ཞིག་ངེས་པར་བཙུགས་ཏེ། དེང་དུས་ཀྱི་ཚན་རིག་དང་། དངོས་ཁམས། སྲིད་དོན་ཚན་རིག འཕྲུལ་རིག དྲྭ་རྒྱ། དཔལ་འབྱོར་སོགས་ཀྱི་ཐ་སྙད་བསྒྱུར་རྒྱུའི་ཕྱག་ལས་གནང་རྒྱུ་གལ་འགངས་ཆེ་ཤོས་སུ་མཐོང་བ་མ་ཟད། ད་ལྟ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོར་མཐུན་རྐྱེན་ཡང་འཛོམས་ཡོད། དེ་ལྟར་མ་བྱས་པར་ལོ་བཅུ་ཕྲག་ཁ་ཤས་འགྱངས་ན་ཕྱིས་སུ་འགྱོད་ཀྱང་ཕན་ཐོགས་མེད་པས་ལས་དོན་གང་མགྱོགས་འགོ་འཛུགས་གནང་དགོས།
ཇི་ལྟར་བསྒྱུར་དགོས་སམ་ཞེ་ན། སྔོན་གྱི་ལོ་པཎ་བཀའ་དྲིན་ཅན་ཚོས་བསྒྱུར་བ་བཞིན། སློབ་སྟོན་པ་གཙོ་བོ་མཁས་དབང་འགའ་ཞིག་བསྐོ་བཞག་གིས་སྐད་ཡིག་གཉིས་གསུམ་ལ་བྱང་ཆུབ་པའི་སྒྱུར་བ་པོ་གང་ལ་གང་འཚམས་ཤིག་ལ་མཐུན་རྐྱེན་དང་ཆེ་མཐོང་ཆེན་པོ་གནང་སྟེ་འགོ་འཛུགས་གནང་དགོས། དེ་མིན་ལོ་ཙཱ་བ་འདྲ་མིན་གྱིས་འདོད་མོས་ལྟར་བསྒྱུར་ན་གྲངས་ཀ་ཆེས་མང་པོ་བསྒྱུར་ཀྱང་སྤུས་ཚད་ལྡན་པ་ཡོང་དཀའ་བས། སྒྲིག་འཛུགས་ལྡན་པ་དགོས་རྒྱུ་གལ་འགངས་ཆེ། དེ་དག་གི་ཐོག་བོད་ཀྱི་ལོ་རྒྱུས་ནང་བཀའ་དྲིན་ཅན་གྱི་ལོ་པཎ་རྣམ་པས་སྒྲ་སྦྱོར་བམ་གཉིས་དང་། བྱེ་བྲག་རྟོགས་བྱེད་ནང་ལེགས་སྦྱར་ནས་བོད་སྐད་དུ་སྒྲ་སྒྱུར་བའི་སྐབས་ཇི་ལྟར་བསྒྱུར་དགོས་པའི་ལམ་སྟོན་གནང་བ་བཞིན་བསྒྱུར་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།

༦༽ བོད་མིའི་སྒྲིག་འཛུགས་དང་བོད་མི་ཚོས་བོད་ཀྱི་ཆོས་ཚོགས་ཁག་དང་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་རྒྱུ།

བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་ཤར་ནུབ་ཏུ་གནས་པའི་བོད་མི་ཚོས་བོད་ཀྱི་ཆོས་ཚོགས་ཁག་དང་འབྲེལ་ལམ་ཇེ་མང་ཇེ་ཟབ་ཏུ་གཏོང་དགོས། ད་ལྟའི་ཆར་བཙན་བྱོལ་བོད་མི་རྣམས་བོད་ཀྱི་ཆོས་ཚོགས་ཁག་ནང་འགྲོ་མཁན་ཆེས་ཉུང་བའི་གནས་ཚུལ་དངོས་བདེན་ཡིན་ཞིང་། དེའི་རྒྱུ་རྐྱེན་ལ་བརྟགས་ནས་གང་ལྟར་རྗེས་སུ་འགྲོ་རྒྱུར་འབད་བརྩོན་ངེས་པར་གནང་ཐབས་བྱ་དགོས། ལར་ནས་རྒྱ་རིགས་དང་ནུབ་ཕྱོགས་པའི་མི་རིགས་འདྲ་མིན་སྣ་ཚོགས་དེ་དག་ལ་ཕྱིན་ནས་གསུང་ཆོས་མཉན་ཏེ་འདྲི་རྩད་དང་བགྲོ་གླེང་། སྒོམ་དང་བློ་སྦྱོང་གི་ཉམས་ལེན་སོགས་མང་དག་བྱེད་མོད། འོན་ཀྱང་བོད་མིས་ཆོས་ལ་སློབ་སྦྱོང་མ་བྱས་ན་བོད་པ་ཡིན་པ་ཙམ་གྱིས་ཆོས་ཀྱི་གོ་རྟོགས་མེད་ཅིང་། ཆོས་ཚོགས་དེ་དག་ལས་གཙོ་བོ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་གོ་རྟོགས། ཡ་རབས་ཀྱི་གོམས་གཤིས། བསམ་བློའི་འཁྱེར་སོ་བཅས་ལ་ཁྱད་པར་ཆེན་པོ་འགྲོ་ངེས་ཤིང་། དེས་བོད་མི་རིགས་ལ་བཅངས་པའི་ལ་རྒྱ་དང་སྤོབས་པའང་འབྱུང་ངེས། དེར་བརྟེན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ཀྱིས་འཛམ་གླིང་ཤར་ནུབ་ཏུ་གནས་པའི་བོད་ཀྱི་ཆོས་ཚོགས་ཁག་དང་འབྲེལ་ལམ་ཇེ་ཟབ་ཏུ་བཏང་ནས་ཆོས་ཀྱི་ཐོག་འདྲི་རྩད་དང་བགྲོ་གླེང་གང་ཐུབ་བྱས་ན་ཕྱི་མ་མ་ཟད། ཚེ་འདིའི་མི་ཚེ་སྐྱེལ་སྟངས་དང་སྐད་ཡིག་སྲུང་སྐྱོབ་ལའང་ཕན་ཐོགས་ཆེན་པོ་འབྱུང་ངེས་རེད།

༧༽ སློབ་དེབ་ནང་ཐ་སྙད་གསར་པ་དང་ཁ་སྐད་རྐྱང་རྐྱང་བེད་སྤྱོད་བྱེད་མི་འོས།

སློབ་དེབ་ནང་ཐ་སྙད་གསར་པ་དང་ཁ་སྐད་རྐྱང་རྐྱང་བེད་སྤྱོད་བྱེད་པ་ཙམ་མིན་པར་སྔོན་གྱི་བསྟན་བཅོས་ནང་གང་ཡོད་པ་དག་ངེས་པར་བེད་སྤྱོོད་བྱེད་དགོས། དཔེར་ན། དེ་སྔོན་བདག་ཡོད་སེམས་ཅན་དང་བདག་མེད་སེམས་ཅན་ཞེས་བཀོད་པ་ལས། རི་དྭགས་དང་གཡུང་དྭགས་ཞེས་ང་ཚོའི་བོད་ཀྱི་སྲོལ་རྒྱུན་ནང་ཐ་སྙད་དེ་དག་ཡོད་པས། ང་ཚོའི་སྲོལ་རྒྱུན་གྱི་གཅིག་གྱུར་གྱི་ཐ་སྙད་དེ་ཕར་དོར་ནས་གསར་པ་དེ་འདྲ་བཟོས་ན་ཆེས་མི་འོས་ལ། དེ་འདྲའི་ཚིག་རེ་ཟུང་ལས་མེད་ཀྱང་ངེས་པར་ཡིད་གཟབ་གནང་དགོས།

༨༽ དེང་དུས་ཤེས་བྱའི་རྣམ་གྲངས་ཁག་བོད་ཀྱི་སྐད་ཡིག་ཐོག་སློབ་ཐུབ་པའི་དམིགས་ཡུལ་གཟུང་དགོས།

སྔོན་གྱི་ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཚོས་བོད་སྐད་ཁོ་ནའི་ཐོག་ནས་ནང་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་འགྲེལ་བརྗོད་ཐུབ་པ་བཟོས་ཡོད་པ་བཞིན། དེང་དུས་འཛམ་གླིང་གི་ཤེས་བྱའི་རྣམ་གྲངས་འདྲ་མིན་སྣ་ཚོགས་ཡོད་པ་དེ་དག་བོད་ཡིག་ཐོག་སློབ་ཐབས་ཀྱིས་ཡར་རྒྱས་གཏོང་རྒྱུ་ནི། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་གལ་ཆེན་པོ་ཞིག་ཡིན། དེར་བརྟེན་ད་ལྟ་བོད་ནང་དུ་རྒྱ་མིས་འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བཞིན་ཡོད་ཀྱང་། ང་ཚོ་འཛམ་གླིང་ཤར་ནུབ་གང་སར་གནས་པའི་བོད་མི་ཚོས་དེང་དུས་ཀྱི་ཤེས་ཡོན་ཁག་ཨིན་སྐད་ཐོག་ནས་མ་གཏོགས་སློབ་ཐུབ་ཀྱི་མ་རེད་བསམ་པའི་བསམ་བློ་རྙིང་པ་དེ་དོར་ནས། ཡར་ཐོན་ཅན་གྱི་ཡུ་རོབ་ཀྱི་རྒྱལ་ཁབ་རྣམས་དང་། ཉི་ཧོང་ལྟ་བུའི་ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་གིས་རང་གི་ཕ་སྐད་བརྒྱུད་དེང་དུས་ཀྱི་ཤེས་ཡོན་སློབ་བཞིན་པ་ལྟར། རང་གི་ཕ་སྐད་བརྒྱུད་དེང་དུས་ཀྱི་ཤེས་ཡོན་ཁག་སློབ་ཐུབ་པའི་གསར་བཏོད་ཀྱི་སྙིང་སྟོབས་དང་འབད་བརྩོན་གནང་དགོས།

མཇུག་བསྡོམས།

དེས་ན་འཛམ་གླིང་གི་ཞི་བདེ་དང་བདེ་སྐྱིད་ཀྱི་འབྱུང་རྩ་བོད་ཀྱི་རིག་གཞུང་གི་སྙིང་པོ་ཟབ་ཅིང་རྒྱ་ཆེ་བའི་ནང་ཆོས་ཡིན་ཞིང་། ད་ལྟའི་ཆར་དེ་ཉིད་བོད་ཀྱི་སྐད་ཡིག་གི་ནང་དུ་ཡོད་པ་བཞིན་གཞན་གང་དུའང་མེད་པས། བརྗོད་བྱ་བྱམས་བརྩེའི་སྙིང་པོ་ཅན་གྱི་ཞི་བདེའི་བསིལ་རླུང་དེ་དག་གི་འཆད་ཉན་དང་ཉམས་ལེན་མུ་མཐུད་བྱེད་པར། རྗོད་བྱེད་བོད་ཀྱི་སྐད་ཡིག་གི་རིན་ཐང་དང་གལ་གནད་ཤེས་པའི་ཐོག་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་དགོས་པར་བརྟེན། བོད་ཀྱི་སྐད་ཡིག་བརྒྱུད་སྲོལ་རྒྱུན་རིག་གནས་སློབ་ཁྲིད་གནང་མཁན་སྤྱི་སྒེར་ཡོངས་དང་། ལྷག་པར་དུ་ལས་ཀྱི་སྣེ་མོར་བཞུགས་མཁན་རྣམས་ཀྱིས་གཙོ་འགན་བཞེས་ཏེ་བོད་ཀྱི་སྐད་ཡིག་གི་སྲུང་སྐྱོབ་དང་རྒྱུན་འཛིན་སྔར་བས་རྒྱ་ཆེ་བ་གནང་དགོས་པ་དང་། ཞབས་འདེགས་ཞུ་རྒྱུ་ཡང་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པས། བློ་ཁ་ནང་དུ་ཕྱོགས་ནས་བསམ་གཞིག་ནན་ཏན་བྱེད་དགོས་པའི་རེ་སྐུལ་ཞུ་བ་དང་སྦྲགས། དེ་ལྟར་གནང་ཐུབ་ན། ད་ལྟའི་བོད་ཀྱི་མི་རབས་འདིའི་གཟི་བརྗིད་དང་། འཇོན་ཐང་། སྤོབས་པ་ཡིན་ལ། འཛམ་བུ་གླིང་འདིར་ཕུལ་བྱུང་གི་ལེགས་སྐྱེས་ཤིག་ཕུལ་ཐུབ་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རླབས་ཆེན་ཞིག་གྲུབ་པ་ཡིན་པས། སྒྲུབ་པའི་མཆོད་པ་ཡང་དག་པ་ཞིག་བྱུང་བར་ངོས་འཛིན་ཞུ་ཡི་ཡོད་ཅིང་། བོད་ཀྱི་སྐད་ཡིག་གིས་འཛམ་གླིང་ཀུན་ལ་ཞབས་འདེགས་རླབས་ཆེན་ཞུ་ཐུབ་པ་བཤད་ཅི་དགོས་ཏེ་མི་དགོས་སོ།། །།