མིག་དམར།

གླེང་སློང་།

རང་ཉིད་དགེ་རྒན་གྱི་བྱ་བར་རོལ་ནས། ན་ཆུང་སློབ་ཕྲུག་དང་སློབ་དེབ་ལ་ཤ་འཐམ་རུས་འཐམ་བྱས་ཏེ། དུས་ཚོད་ཕལ་ཆེ་བ་ཁོང་ཚོ་དང་ལྷན་དུ་བསྐྱལ་བར་བརྟེན་སློབ་ཕྲུག་གི་སེམས་ཁམས་དང་། གཤིས་སྤྱོད། གཏམ་གླེང་སོགས་མེ་ལོང་ནང་དུ་བལྟས་པ་བཞིན་དུ་མིག་ནང་ལམ་ལམ་འཆར་བཞིན་འདུག དེས་ན་རང་ཉིད་ཀྱི་མི་ཚེའི་འཚོ་བ་དངོས་ཀྱི་ཐོག་ནས་ཁོང་ཚོའི་བསམ་སྤྱོད་ལ་རྒྱུས་ལོན་དང་ཉམས་མྱོང་ཟབ་མོ་བྱུང་བ་དང་། དེ་དང་འབྲེལ་བའི་དགེ་རྒན་གྱི་འགན་འཁྲི་གང་ཞིག་ཡོད་པ་ཡང་ཤེས་རྟོགས་གསལ་པོ་བྱུང་།
ཉམས་མྱོང་དེ་ནི་ཤེས་ཡོན་སློབ་ཁྲིད་ཀྱི་བྱ་བཞག་ཁྲོད་ནས་བྱུང་ཞིང་། ཉམས་མྱོང་དེ་བརྒྱུད་ངས་གསལ་པོར་ཤེས་པ་ཞིག་ནི། སློབ་གྲྭ་ཞིག་གི་ཤེས་ཡོན་གྱི་གྲུབ་འབྲས་དང་། སློབ་ཕྲུག་ཅིག་གི་ཤེས་ཡོན་སློབ་སྦྱོང་གི་གནས་ཚད་ནི་དགེ་རྒན་དང་སློབ་ཕྲུག་དབར་གྱི་འབྲེལ་བ་ལ་རག་ལས་ཤིང་། དགེ་སློབ་ཀྱི་འབྲེལ་བ་གཏིང་ཇི་ཙམ་ཟབ་པ་དེ་ཙམ་གྱིས་ཤེས་ཡོན་ཡར་རྒྱས་ཡོང་ཐུབ། སྤྱིར་དགེ་སློབ་ཀྱི་འབྲེལ་བ་གལ་ཆེན་པོ་ཡིན་པ་ཚང་མས་ཚོར་གྱི་ཡོད་ལ་ཤེས་ཀྱིའང་ཡོད། ཡིན་ནའང་། དགེ་སློབ་ཀྱི་འབྲེལ་བ་བཟང་པོ་ཡོང་བར་བརྒྱུད་ལམ་གང་ཞིག་ཡོད་པ་དང་། ཐབས་ལམ་གང་ཞིག་ལ་བརྟེན་ནས་བྱུང་བ་ཤེས་ཡོན་འགན་འཁུར་བ་ཚོས་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་པོ་ཡིན། དེས་ན། རང་ཉིད་ཀྱི་སློབ་ཁྲིད་ཀྱི་མི་ཚེའི་བརྒྱུད་རིམ་ཁྲོད་དོ་སྣང་དང་། དཔྱད་པ། ཉམས་མྱོང་བཅས་ལ་གཞི་བཅོལ་ནས་དགེ་སློབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཇི་ལྟར་ཡོང་མིན་སྐོར་བསམ་ཚུལ་འགའ་ཞིག་བརྗོད་རྒྱུ་ཡིན། སྤྱིར་བཏང་དགེ་སློབ་གཉིས་ཀྱི་འབྲེལ་བ་དོན་ཕན་ཅན་ཞིག་འབྱུང་མིན་གྱི་གཙོ་བོ་ནི་སློབ་ཕྲུག་གི་བསམ་སྤྱོད་ལ་རྒྱུས་ལོན་བྱས་མིན་ལ་རག་ལས་ཡོད། དེ་བས་དགེ་རྒན་ཞིག་གིས་སློབ་ཕྲུག་གི་བསམ་སྤྱོད་ལ་རྒྱུས་ལོན་བྱ་རྒྱུ་ནི་དགེ་སློབ་གཉིས་ཀྱི་འབྲེལ་བ་ཡག་པོ་ཡོང་བའི་གལ་གནད་ཆེ་ཤོས་དེ་ཡིན།

༡༽ སློབ་ཕྲུག་གི་འདོད་བློར་བསྟུན་པ།

སློབ་ཕྲུག་གི་འདོད་བློར་བསྟུན་པའི་ཐབས་འདི་ནི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་ལ། ཐབས་ཇུས་བཟང་པོ་ཞིག་ཀྱང་ཡིན། ཉེན་ཁའི་རང་བཞིན་ནི། སློབ་ཕྲུག་གི་འདོད་བློ་བཞིན་བསམ་ཚད་དང་། དྲན་ཚད་ཀྱི་རྗེས་སུ་བསྐྱོད་ནས་ལེགས་ཉེས་དང་། ཕན་གནོད། བཟང་ངན་ཀྱི་དབྱེ་བ་མ་ཕྱེ་བར་ཁོ་ཚོའི་རེ་འདོད་སྐོང་ཐབས་བྱེད་པ་དེ་ཡིན། འོན་ཀྱང་རྣམ་དཔྱོད་ལྡན་པའི་ངང་ཐབས་ལམ་འདིའི་ཐོག་དགེ་རྒན་ཚོས་སློབ་ཕྲུག་སྐྱོང་ཐུབ་ཚེ། ཐབས་ཇུས་འདི་ནི་ཧ་ཅང་ནུས་པ་ལྡན་པ་ཞིག་ཡིན། ཐབས་ལམ་འདི་བཀོལ་བའི་དགེ་མཚན་ནི། སློབ་ཕྲུག་རྣམས་ཅི་ཞིག་ཤེས་འདོད་ཡོད་པ་དགེ་རྒན་གྱི་རྟོགས་ཐུབ་ལ། དགེ་རྒན་ལ་སློབ་ཕྲུག་ཚོས་བློ་ཐག་ཉེ་བའི་ཚོར་སྣང་བསྐྲུན་ཐུབ། དེ་བཞིན་སློབ་ཕྲུག་གི་ཅི་ཞིག་སྦྱོང་འདོད་ཀྱི་སྤྲོ་སྣང་གི་ཁོར་ཡུག་སྐྲུན་ཐུབ་པ་དང་། སློབ་ཕྲུག་གི་བསམ་ཚུལ་དང་སྨྲ་བརྗོད་ལ་བརྩི་བཀུར་བྱེད་པ། སློབ་ཕྲུག་གིས་དགེ་རྒན་ལ་འཇིགས་སྣང་དང་མི་དགའ་བའི་བསམ་བློ་མི་བསྐྱེད་པ་བཅས་ཡོད།
སློབ་ཕྲུག་གི་འདོད་བློར་བསྟུན་ཐབས་ནི། དཔེར་ན། སློབ་ཕྲུག་ཚང་མ་སློབ་སྦྱོང་ལ་དགའ་སྣང་མེད་པ་དང་། ཉིན་ལྟར་དགེ་རྒན་གྱི་འཆར་གཞི་དང་བསམ་བློ་ལ་འགལ་ཟླ་བྱེད་མཁན་དེ་འདྲ་མ་ཡིན། ཡིན་ནའང་། ཁོར་ཡུག་དང་། གནས་སྐབས། དུས་ཚོད་ངེས་ཅན་ནང་སྐབས་རེ་སློབ་ཕྲུག་གིས་སློབ་ཁྲིད་སློབ་ཚན་ལ་དགའ་སྣང་མི་བྱེད་པ་ཡོང་སྲིད་པས། དེ་དུས་སློབ་ཕྲུག་གི་འདོད་བློ་དང་བསྟུན་དགོས་པ་ལས། དགེ་རྒན་རང་ཉིད་ཀྱི་མཁྲེགས་བཟུང་གི་ལྟ་བ་འཁྱེར་རྒྱུ་མེད་པ་དང་། སློབ་ཕྲུག་གི་བསམ་ཚུལ་ལ་ཉན་ཤེས་པ། སློབ་ཕྲུག་ལ་སྨྲ་བརྗོད་ཀྱི་རང་དབང་སྤྲད་ནས་འདོད་བློ་དང་མཐུན་པའི་ཐོག་སློབ་ཁྲིད་བྱེད་པའམ། བྱེད་སྒོ་སྤེལ་བ་སོགས་དགེ་ཕན་ལྡན་པའི་ཕྱོགས་སུ་དགེ་རྒན་གྱིས་ལམ་སྟོན་བྱེད་ཐུབ་ན། དེ་ནི་རྣམ་དཔྱོད་ལྡན་པའི་དགེ་རྒན་ཞིག་གི་སློབ་ཁྲིད་ཐབས་ལམ་དང་། དགེ་སློབ་དབར་གྱི་འབྲེལ་བ་བསྐྲུན་པའི་བྱ་ཐབས་ཤིག་ཀྱང་ཡིན།

༢༽ ཤེས་ཡོན་གྱི་དམིགས་ཡུལ་ཁ་གསལ་བཟོ་བ།

སློབ་ཕྲུག་མང་པོ་ཞིག་གིས་དགེ་རྒན་ལ་མི་དགའ་བ་བྱེད་པ་དང་། སློབ་སྦྱོང་ལ་སྤྲོ་སྣང་མེད་པ། སློབ་གྲྭ་ལ་ཉོབ་སྣང་བྱེད་པ་བཅས་ལ་རྒྱུ་མཚན་མང་པོ་ཡོད་སྲིད། འོན་ཀྱང་། རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་ཐོག་ནས་བཤད་ན། དེ་ནི་གཙོ་བོ་དགེ་རྒན་དང་། ཕ་མ། སློབ་གྲྭ་བཅས་ནས་ཤེས་ཡོན་གྱི་དགེ་མཚན་དང་། ཤེས་ཡོན་གྱི་དམིགས་ཡུལ་བཅས་ངེས་ཤེས་འདྲོངས་པའི་སློབ་གསོ་རྒྱག་མི་ཐུབ་པའི་རྒྱུ་མཚན་རེད་སྙམ། ང་རང་དགེ་རྒན་ཞིག་ཡིན་པའི་ཆ་ནས། དགེ་རྒན་གྱིས་སློབ་ཕྲུག་ལ་ཤེས་ཡོན་གྱི་སློབ་གསོ་སྤྲོད་ཕྱོགས་ནི། ཐོག་མར་དགེ་རྒན་རང་ཉིད་ལ་ཤེས་ཡོན་གྱི་དགེ་མཚན་དང་། དེས་བསྐྲུན་པའི་ཁྱད་ཆོས། དེའི་དམིགས་ཡུལ་གང་ཡིན་སྐོར་ལ་སྐད་ཆ་ཤོད་པའི་གདེང་ཚོད་དང་། ཤེས་བྱ། གོ་རྟོགས་མི་དམན་པ་ཞིག་ངེས་པར་དུ་དགོས།
དགེ་རྒན་གྱི་ཉིན་རེའི་འཚོ་བ་སྐྱེལ་སྟངས་དང་། འགྲོ་འདུག་སྤྱོད་གསུམ་ཤེས་ཡོན་གྱི་བསླབ་བྱ་དང་ཡ་བྲལ་མ་སོང་བའི་ཐོག་སློབ་ཕྲུག་གི་མདུན་དུ་ཤེས་ཡོན་གྱི་རིན་ཐང་དང་། དགེ་མཚན་གྱི་མིག་དཔེ་སྟོན་དགོས། དཔེར་ན། དགེ་རྒན་རང་ཉིད་དཔེ་དེབ་ལྟ་ཀློག་ལ་དགའ་བ། ཉིན་རེའི་ཚགས་ཤོག་སོགས་ཤེས་བྱ་གསར་པར་དོ་སྣང་ཆེ་བ། ཕན་ཚུན་ལབ་གླེང་ཅི་ཞིག་བྱས་ཀྱང་། དཔེ་དེབ་ཀྱི་སྙིང་དོན་དང་། རྒྱལ་སྤྱིའི་གསར་འགྱུར་བརྗོད་པ་སོགས་ཤེས་ཡོན་གྱི་གོམས་གཤིས་རྒྱུན་ལྡན་འཚོ་བ་དངོས་ཀྱི་ཐོག་ནས་འཇགས་པ་བྱེད་དགོས།
ཉིན་རེའི་སློབ་ཁྲིད་ཀྱི་སློབ་ཚན་གང་ཞིག་ཡིན་ཀྱང་མི་ཚེ་དངོས་དང་སྦྱར་ནས་གང་ཐུབ་སློབ་ཁྲིད་བྱེད་དགོས་པ་དང་། དེའི་ཁ་ཕྱོགས་ནས་སློབ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་ནི་མི་ཚེ་དང་ཁ་བྲལ་ཐབས་མེད་པའི་ཚོར་བ་ཞིག་སྐྱེས་སུ་འཇུག་དགོས། དེ་ལྟར་ནམ་ཞག་རྒྱུན་དུ་གནང་ཐུབ་ཚེ་སློབ་ཕྲུག་ལ་ཤེས་ཡོན་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་པ་དང་། ཤེས་ཡོན་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་ན། སློབ་ཕྲུག་གིས་ཤེས་ཡོན་སློབ་སྦྱོང་ལ་སྤྲོ་སྣང་སྐྱེད་ཐུབ་པ་དང་། ཤེས་ཡོན་གྱི་རིན་ཐང་ཡང་མངོན་སུམ་མྱོང་བའི་ཐོག་ནས་རྟོགས་ཐུབ།

༣༽ ཡང་དག་པའི་ཀུན་སློང་།

སློབ་ཕྲུག་རྣམས་ལོ་ན་ཆུང་བས། ཁོ་ཚོས་ཤེས་ཡོན་སློབ་སྦྱོང་གི་རིན་ཐང་དང་། མི་ཚེའི་ཁ་ཕྱོགས། མ་འོངས་པའི་ཕུགས་འདུན་བཅས་ལ་ཆོད་སེམས་བརྟན་པའི་བསམ་བློའི་འཁྱེར་སོ་ཁ་གསལ་དང་། དོན་ཐོག་ལ་སྨིན་པ་ཞིག་མེད། དེས་ན་ཁོང་ཚོའི་མ་འོངས་པའི་མདུན་ལམ་དང་། མི་ཚེའི་ཁ་ཕྱོགས་ནི་དགེ་རྒན་རྣམས་ལ་རག་ལས་ཡོད།
དཔེར་ན། དགེ་རྒན་འགའ་ཞིག་ལ་སློབ་ཕྲུག་ཚོས་ཕ་མ་ལྟ་བུའི་འདུ་ཤེས་འཛིན་པ་དང་། ཤ་ཚ་ཆེ་བ། བློ་ཐག་ཉེ་བ། བརྩི་བཀུར་ཆེ་བ་བཅས་གཞན་དང་མི་འདྲ་བའི་ཆེ་མཐོང་ཆེན་པོ་བྱེད་ཀྱི་ཡོད། དེ་ནི་གཙོ་བོ་དགེ་རྒན་དེས་སློབ་ཕྲུག་ལ་བཅངས་པའི་ཀུན་སློང་དང་། ལྷག་བསམ། གཞན་ཕན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་རང་ཉིད་ལ་མྱོང་ཚོར་ཟབ་མོ་བྱུང་།
དེས་ན་དགེ་རྒན་གྱིས་ཇི་ལྟར་བྱས་ནས་ཡང་དག་པའི་ཀུན་སློང་ཞིག་འཁྱེར་དགོས་སམ་ཞེ་ན། སློབ་ཕྲུག་རྣམས་དགེ་རྒན་རང་ཉིད་ཀྱི་ཤ་ཁྲག་ལས་སྐྱེས་པའི་ཕྲུ་གུ་ཞིག་ཡིན་བསམ་པའི་ཡང་དག་པའི་ཀུན་སློང་ཐོག དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དང་། ཉིན་རེའི་འཚོ་བ་དང་སློབ་སྦྱོང་། གཙང་སྦྲ་འཕྲོད་བསྟེན་བཅས་ལ་སེམས་འཁུར་དང་། དོ་འཁུར་བྱེད་དགོས། དཔེར་ན། སློབ་ཕྲུག་ཅིག་གཟུགས་གཞི་མི་བདེ་བའི་སྐབས་དགེ་རྒན་རང་ཉིད་ནས་དོ་སྣང་དང་། སེམས་ཁུར་གྱིས་སྐད་ཆ་འདྲི་བ། སེམས་གསོ་གཏོང་བ་སོགས་ཀྱི་རོགས་རམ་བྱེད་དགོས། དེས་སློབ་ཕྲུག་དོ་བདག་ཁོ་རང་ལ་བརྗེད་དུ་མེད་པའི་བག་ཆགས་ཟབ་མོ་ཞིག་འཇོག་པ་དང་། སློབ་ཕྲུག་གཞན་གྱིས་ཀྱང་དགེ་རྒན་གྱི་ཀུན་སློང་ལ་དོ་སྣང་བྱེད་ཀྱི་ཡོད།
དེ་བཞིན། རྒྱུན་དུ་ནས་སློབ་སྦྱོང་ལ་སྐུལ་ལྕག་གཏོང་བ་དང་། མཚམས་རེར་སློབ་ཕྲུག་གིས་སློབ་སྦྱོང་ལ་ཉོབ་སྣང་སྐྱེ་བ་དང་། རྒྱུགས་མི་འཕྲོད་པ་སོགས་བྱུང་བའི་སྐབས། གཤེ་གཤེ་སོགས་ཚིག་རྩུབ་རིགས་ལམ་སང་མི་བརྗོད་པར། ཡང་དག་པའི་ཀུན་སློང་གིས་སློབ་ཕྲུག་གི་སེམས་ཁམས་རྒྱུས་ལོན་བྱེད་པ་དང་། རང་ཉིད་ལ་བློ་ཐག་ཉེ་པོ་བཟོ་བ་སོགས་ཀྱི་སྒོ་ནས་འཇིགས་སྣང་མེད་པའི་ཁོར་ཡུག་ཅིག་བསྐྲུན་དགོས། མཚམས་རེ་སློབ་ཕྲུག་སེམས་ཞུམ་པ་དང་། སྤོབས་པ་མེད་པའི་སྐབས། དགེ་རྒན་ངོས་ནས་ཐབས་བརྒྱ་ཇུས་སྟོང་གིས་སེམས་ཤུགས་སྤར་བ་དང་། གདེང་ཚོད་བསྐྲུན་པ་སོགས་ཀྱིས་ལམ་སྟོན་ཅི་ཐུབ་བྱས་ན་སློབ་ཕྲུག་གི་སེམས་ཁམས་སུ་དགེ་རྒན་ལ་ཡིད་ཆེས་ཟབ་མོ་ཞིག་བསྐྲུན་གྱི་ཡོད།

༤༽ སྤྲོ་སྣང་ལྡན་པའི་ཐོག་སློབ་ཁྲིད་བྱེད་པ།

སྤྲོ་སྣང་ལྡན་པའི་ཐོག་སློབ་ཁྲིད་བྱེད་རྒྱུ་ནི། དགེ་སློབ་དབར་གྱི་འབྲེལ་བ་བཟང་པོ་ཡོང་བ་དང་། སློབ་ཚན་གྱི་ནང་དོན་སློབ་མ་ཚོས་གསལ་རྟོགས་ཡོང་བའི་ལྡེ་མིག་ལྟ་བུར་གྱུར་ཅིང་། དགེ་རྒན་གྱིས་ཤེས་བྱ་སློབ་ཕྲུག་ལ་བརྒྱུད་སྤྲོད་བྱེད་པའི་བརྒྱུད་ལམ་གཙོ་བོ་དེ་ཡིན།
སྤྱིར་སློབ་ཁྲིད་བྱེད་པའི་སྐབས་རང་གི་འདོད་པ་བཞིན་སློབ་ཕྲུག་རྣམས་སྟངས་འཛིན་བྱེད་པའི་དབང་ཆ་དགེ་རྒན་རང་ཉིད་ལ་ཡོད། འོན་ཀྱང་། དགེ་རྒན་རང་ཉིད་ཀྱི་འདོད་བློ་བཞིན་སློབ་ཁྲིད་བྱས་ཚེ། སྤྲོ་སྣང་ལྡན་པའི་སློབ་ཁྲིད་ཅིག་ནམ་ཡང་ཡོང་ཐབས་མེད། དེར་བརྟེན། སློབ་ཕྲུག་གི་སེམས་ཁམས་ཚོར་ཐུབ་པ་དང་། སློབ་ཕྲུག་གི་འདོད་བློ་བསྟུན་ཤེས་པ། སློབ་ཕྲུག་གི་བསམ་ཚུལ་ལ་ཉན་ཤེས་པ་བཅས་ཀྱིས་སློབ་ཕྲུག་ལ་གུས་ཞབས་ལྡན་པའི་ཐོག་སློབ་ཁྲིད་བྱེད་དགོས། དཔེར་ན། སློབ་ཕྲུག་ལ་མཐོང་ཆུང་དང་། དམའ་འབེབས། ཟུར་ཟ་སོགས་ནམ་ཡང་བྱེད་རྒྱུ་མེད། ལྷག་པར་དུ། སློབ་ཕྲུག་གི་དབང་པོ་རབ་འབྲིང་མཐའ་གསུམ་ལ་གཞིགས་པའི་སློབ་ཁྲིད་བྱེད་པ་ལས། སློབ་ཁྲིད་དེ་དགེ་རྒན་རང་ཉིད་ཀྱི་ལས་འགན་གྱི་ངོ་བོ་དང་། ཡང་ན་སློབ་ཕྲུག་འགའ་ཞིག་གིས་ཤེས་པ་ཙམ་ལ་དམིགས་ནས་སློབ་ཁྲིད་བྱས་ཚེ། དེས་སློབ་ཕྲུག་བྱིངས་ལ་བག་ཆགས་ངན་པ་ཞིག་འཇོག་གི་ཡོད་ཅིང་། དགེ་སློབ་དབར་གྱི་འབྲེལ་བ་ལ་ཡང་འགལ་རྐྱེན་བཟོ་ཡི་ཡོད།

༥༽ སློབ་ཕྲུག་ངོས་འཛིན་བྱེད་པ།

དགེ་རྒན་རང་ཉིད་ཀྱིས་སློབ་ཕྲུག་རྣམས་ངོས་འཛིན་ཐུབ་པ་བྱ་རྒྱུ་ནི་དགེ་རྒན་ཞིག་ལ་མཚོན་ན་སློབ་ཁྲིད་བྱ་བཞག་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་གལ་ཆེན་ཞིག་ཡིན་ལ། དགེ་སློབ་གཉིས་ཀྱི་འབྲེལ་བ་མཐུད་པའི་ཟམ་པ་ལྟ་བུ་ཞིག་ཀྱང་ཡིན། སློབ་ཕྲུག་གིས་དགེ་རྒན་ལ་བློ་གཏད་བཅོལ་བ་དང་། ཡིད་ཆེས་བྱེད་པ། བློ་ཐག་ཉེ་པོ་ཡོང་བའི་ཆེད། སློབ་ཕྲུག་གི་མིང་ཤེས་པ་ཙམ་གྱི་མི་འགྲིག་པར། ཁོ་ཚོའི་དགའ་སྣང་། གོམས་གཤིས། ཕུགས་འདུན། བརྙན་འཕྲིན་དང་རྩེད་མོ། མི་སྣ་སོགས་ཀྱི་དགའ་ཕྱོགས་ཚོར་ཤེས་ཐུབ་པ་བྱ་དགོས། དེ་ལྟར་རང་ཉིད་ཀྱི་སློབ་ཕྲུག་རྒྱུས་ལོན་ཆ་ཚང་ཐུབ་པའི་ཆེད་དུས་ཚོད་འགོར་གྱི་ཡོད་ལ། སློབ་ཕྲུག་རང་ངོས་ནས་སྦས་གསང་བྱས་ཏེ་མི་ཤོད་པ་ཡང་ཡོད། དེས་ན་དགེ་རྒན་རང་ཉིད་མི་གཞན་དང་མི་འདྲ་བར་སློབ་ཕྲུག་ཚོས་ཡིད་ཆེས་བྱེད་ས་དང་། དགའ་སྣང་བྱེད་ས་ཞིག་ཏུ་བཟོ་དགོས། དཔེར་ན། སློབ་ཕྲུག་གི་སེམས་ནང་གང་ཡོད་པ་ཉན་ཤེས་པ་དགོས་ལ། སློབ་ཕྲུག་གི་ལུས་ཀྱི་རྣམ་འགྱུར་དང་། གྱོན་ཆས་གྱོན་སྟངས། སྐད་ཆ་ཤོད་སྟངས་སོགས་ལ་བསྔགས་བརྗོད་བྱས་ནས། དགེ་རྒན་རང་ཉིད་སློབ་ཕྲུག་གི་བློ་ཐག་ཉེ་བོ་དང་ཡིད་ཆེས་བྱེད་ས་ཤིག་ཏུ་ཆགས་པ་བྱེད་དགོས།

༦༽ སློབ་ཕྲུག་གི་ཆེ་མཐོང་ལ་སྲུང་སྐྱོབ་བྱེད་དགོས།

སློབ་ཕྲུག་རྣམས་ལོ་ན་ཆུང་བ་དང་། ལྷག་པར་ལང་ཚོ་དར་བབ་ཀྱི་སློབ་ཕྲུག་རྣམས་ལ་མཚོན་ན་ཁོ་ཚོ་རང་ཉིད་ཀྱི་ཆེ་མཐོང་(Self-esteem) ཧ་ཅང་ཤུགས་ཆེ་བས། གལ་སྲིད་ཁོ་ཚོའི་ཆེ་མཐོང་ལ་གནོད་འཚེ་ཕོག་ཚེ། སློབ་གྲྭ་བཞག་ནས་བྲོས་པ་དང་། དགེ་རྒན་ལ་འཛིང་པ་སོགས་ཚབས་ཆེ་བའི་ལས་ཀ་བྱེད་ཀྱི་ཡོད། ལང་ཚོ་དར་ལ་བབས་པའི་སློབ་ཕྲུག་གི་བསམ་བློ་ནི་ཧ་ཅང་འགྱུར་ལྡོག་ཆེ་བའི་གནས་སྐབས་ཤིག་ཡིན་ལ། ཁོ་ཚོའི་བདེ་འཇགས་ལ་དེ་ཙམ་བརྟན་པོ་མེད། དཔེར་ན། ན་མཉམ་རོགས་པའི་ཆེད་དུ་ནོར་འཁྲུལ་སྦ་གསང་བྱེད་པ། འཛིང་རེས་བྱེད་པ། དགེ་རྒན་ལ་ཁ་ལན་སློག་པ་སོགས་སློབ་གྲྭའི་སྒྲིག་གཞི་དང་འགལ་བ་བྱེད་ཀྱི་ཡོད། དེས་ན་བསམ་བློར་འགྱུར་ལྡོག་ཆེ་བའི་ལོ་ཚད་ཀྱི་སློབ་ཕྲུག་ལ་དགེ་རྒན་ངོས་ནས་ཐབས་མཁས་པོས་འབྲེལ་འདྲིས་ཡག་པོ་བྱེད་དགོས། ཁོ་ཚོའི་ལོ་ཚོད་ཀྱི་ཆེ་མཐོང་དེ་དགེ་རྒན་གྱིས་བསམ་ཤེས་དང་། ངོས་ལེན་ཐུབ་པ་བྱ་དགོས། དཔེར་ན། ན་མཉམ་སློབ་གྲྭགས་ཚོའི་བསམ་བློ་ཕན་ཚུན་ཧ་ཅང་མཐུན་པས། བསམ་བློ་དེར་དགེ་རྒན་ཚོས་བསྟུན་ཐབས་དང་བསམ་ཤེས་བྱ་དགོས་པ་ལས་རྒྱབ་འགལ་ནམ་ཡང་བྱེད་མི་ཉན། དེ་ནི་ཁོ་ཚོར་མཚོན་ན་ཁོ་ཚོའི་ཆེ་མཐོང་ལ་སྲུང་སྐྱོབ་ཆེ་ཤོས་བྱས་པ་ཡིན།
གཞན་ཡང་། སློབ་ཕྲུག་ཅིག་གི་ནོར་འཁྲུལ་བྱས་ཚེ། ན་མཉམ་སློབ་གྲྭགས་ཀྱི་མདུན་དུ་ཁོ་ལ་དམའ་འབེབས་དང་སྐྱོན་བརྗོད་བྱས་པ་ནི་ཁོ་ཚོའི་ཆེ་མཐོང་ལ་རྩིས་མེད་རྡོག་རོལ་དང་ཁོ་ཚོར་མཐོང་ཆུང་ཆེ་ཤོས་ཤིག་ཏུ་ཚོར་གྱི་ཡོད། བྱས་ཙང་། ཁོ་ཚོའི་ཆེ་མཐོང་སྲུང་སྐྱོབ་དང་གུས་བརྩིའི་ཆེད། སྒེར་ལ་སྐད་ཆ་ཤོད་པ་དང་། ཟུར་དུ་སློབ་གསོ་རྒྱག་པ། སློབ་གྲྭགས་གཞན་མེད་སར་གནས་ཚུལ་ཐག་གཅོད་པ་སོགས་བྱེད་དགོས།

༧༽ ཉེ་དགའ་ཕྱོགས་རིས་མེད་པ།

སྤྱིར་བཏང་དགེ་བའི་བཤེས་གཉེན་ཞིག་གིས་ནམ་ཡང་སློབ་ཕྲུག་དབར་ལ་ཕྱོགས་རིས་བྱེད་མི་སྲིད། ཡིན་ནའང་། དགེ་རྒན་གྱིས་བྱེད་སྟངས་ཤིག་གིས་རྐྱེན་པས་སློབ་ཕྲུག་གི་སྣང་ངོར་ཕྱོགས་རིས་དང་དབྱེ་འབྱེད་ཀྱི་ཚོར་སྣང་སླེབས་སྲིད་པ་ཡིན། དཔེར་ན། འཛིན་གྲྭའི་ནང་དགེ་རྒན་གྱིས་རྒྱུན་དུ་སློབ་ཕྲུག་གཅིག་ལ་དྲི་བ་གཏོང་བ་དང་། དོ་སྣང་ཆེ་བ་བྱས་ཏེ་སློབ་ཕྲུག་གཞན་རྣམས་སྣང་མེད་དུ་ཤོར་སྐབས། དེས་སློབ་ཕྲུག་གཞན་དེའི་སེམས་ནང་ཕྱོགས་རིས་ཀྱི་བསམ་བློ་ཞིག་སྐྱེ་ཡི་ཡོད།
གཞན་ཡང་། སློབ་ཕྲུག་གི་མིང་མ་ངེས་པ་དང་། མ་ཤེས་པ། མ་དྲན་པ་སོགས་ཀྱིས་སློབ་ཕྲུག་གི་སེམས་ནང་ཉེ་རིང་གི་ཚོར་བ་ཤུགས་ཆེན་པོ་སླེབས་ཀྱི་ཡོད། དཔེར་ན། སློབ་ཕྲུག་གི་མིང་ནས་བོས་ཏེ་དྲི་བ་གཏོང་བ་དང་། མིང་ནས་མ་བོས་པར་དྲི་བ་གཏོང་བ་གཉིས་ལ་བློ་ཐག་ཉེ་རིང་གི་ཁྱད་པར་ཆེན་པོ་ཡོད། དེ་ནི་གནས་ཚུལ་ཆུང་ཆུང་ཞིག་ཡིན་པས། དགེ་རྒན་ཚོས་སྤྱིར་བཏང་སྣང་མེད་དུ་ཤོར་སྲིད་པའི་གནད་དོན་ཞིག་ཡིན། འོན་ཀྱང་། སློབ་ཕྲུག་ཚོའི་བསམ་བློའི་ནང་དེ་ནི་གནས་ཚུལ་ཆུང་ཆུང་ཞིག་མིན་པར། ཉེ་དགའ་ཕྱོགས་ཞེན་དང་། དབྱེ་འབྱེད་ཀྱི་བསམ་བློ་ཞིག་ཏུ་འཆར་སྲིད་པས། དགེ་རྒན་ཚོས་ངེས་པར་ཡིད་གཟབ་བྱ་དགོས་པ་ཞིག་ཡིན། སློབ་ཕྲུག་གི་སེམས་ནང་ཕྱོགས་རིས་ཀྱི་བསམ་བློ་ཞིག་སླེབས་ཚེ། དགེ་སློབ་དབར་གྱི་འབྲེལ་བ་ཡག་པོ་ཞིག་ནམ་ཡང་ཡོང་ཐབས་མེད།

༨༽ འཇོན་ནུས་ལྡན་པ་ཞིག་ལ་ངོས་འཛིན་བྱ་དགོས།

སློབ་ཕྲུག་རྣམས་ཀྱི་ཁྲོད་སློབ་ཕྲུག་འགའ་ཞིག་ནི་ཤེས་སླ་བ་དང་། བརྩོན་འགྲུས་ཆུང་བ། འགའ་ཞིག་ནི་ཤེས་དཀའ་ཡང་། འབད་བརྩོན་ཆེ་བ་སོགས་རིག་སྟོབས་དང་ནུས་པ་འདྲ་མིན་ཡོད། དེས་ན་དགེ་རྒན་ཚོའི་བསམ་བློའི་འཁྱེར་ཕྱོགས་ནང་སློབ་ཕྲུག་ཚང་མ་ནུས་པ་ལྡན་པ་གཅིག་མཚུངས་སུ་ངོས་འཛིན་བྱེད་དགོས་པ་ལས། འགའ་ཞིག་རིག་པ་སྐྱོ་བ་ཡོད་པའི་རྒྱུ་མཚན་གྱིས་འཇོན་ཐང་དང་ནུས་པ་མེད་པར་གཏན་ནས་ངོས་འཛིན་བྱེད་མི་ཉན། གལ་སྲིད་རིག་པ་སྐྱོ་བ་དང་ཤེས་དཀའ་བ་ལ་བརྟེན་ནས་ཁོ་ཚོར་ནུས་པ་མེད་པར་བརྗོད་དེ་སྣང་མེད་དུ་བཞག་ཚེ། ཁོ་ཚོའི་གསོན་ཤུགས་དང་། གདེང་ཚོད། སྤོབས་པ་བཅས་ནག་བསུབ་བཏང་བ་ཡིན་པས། ཁོ་ཚོ་དཀའ་ངལ་གྱི་གནས་ལས་ནམ་ཡང་ཐར་ཐབས་མེད། དགེ་རྒན་ཚོའི་སེམས་ནང་སློབ་ཕྲུག་རྣམས་གྲུ་གཅིག་གི་ནང་ཞུགས་པ་དང་ཁོ་ཚོ་མཉམ་དུ་ཆུ་བོའི་ཕ་རོལ་ཏུ་སྐྱེལ་རྒྱུ་དེ་དགེ་རྒན་ཚོའི་དམིགས་ཡུལ་ཡིན་པའི་ལྟ་ཚུལ་བཟུང་སྟེ། ཤེས་དཀའ་བའི་སློབ་ཕྲུག་རྣམས་ལ་དུས་ཚོད་མང་བ་གཏོང་བ་དང་། སེམས་ཁུར་ཆེ་བ། དོ་སྣང་ཆེ་བ་བཅས་ཀྱིས་རྒྱབ་སྐྱོར་བྱེད་དགོས། ལྷག་པར་དུ་ཁོ་ཚོའི་འབད་བརྩོན་ལ་བསྔགས་བརྗོད་དང་། སེམས་ཤུགས་དང་། སྤོབས་པ་ལ་སྐུལ་ལྕག་གཏོང་བ་སོགས་ཀྱི་སྒོ་ནས་འབད་བརྩོན་དང་དཀའ་སྤྱད་ཀྱིས་བསྒྲུབ་མི་ཐུབ་པའི་བྱ་བ་ཅི་ཡང་མེད་པ་དང་། ཚང་མར་འཇོན་ཐང་དང་ནུས་པ་འདྲ་མཉམ་ལྡན་པའི་སློབ་གསོ་དང་ལམ་སྟོན་བྱེད་དགོས།

མཇུག་གི་གཏམ།

གོང་དུ་བཤད་པའི་སྐད་ཆ་རྣམས་རྟོག་བཟོ་དང་། འུད་བརྗོད་བྱས་པ་མིན་པར་རང་ཉིད་སློབ་ཕྲུག་སྐབས་ཀྱི་མྱོང་ཚོར་དང་། དགེ་རྒན་གྱི་འཚོ་བའི་བརྒྱུད་རིམ་ནས་བྱུང་བའི་ཉམས་མྱོང་དངོས་ཤིག་ཡིན། ཉམས་མྱོང་གི་སྐད་ཆ་དེ་དག་བདེན་པ་ཡིན་པའི་ངེས་པ་མེད། འོན་ཀྱང་། ལས་དབང་གཅིག་པའི་དགེ་རྒན་རྣམས་ལ་དུང་བའི་སེམས་ཀྱིས་སློབ་ཁྲིད་ཀྱི་བྱ་བཞག་རྣམས་ལམ་ལྷོང་དང་། ཕན་ནུས་ལྡན་པ། རླབས་ཆེན་གྱི་དགེ་རྒན་ཞིག་ཏུ་འགྱུར་རྒྱུར་དམིགས་ནས་རང་ཉིད་ཀྱི་བསམ་ཚུལ་བརྗོད་པ་ཙམ་ཡིན།
རང་ཉིད་ཀྱིས་ཉམས་མྱོང་བརྗོད་པ་ཙམ་ལས། རང་ཉིད་དགེ་རྒན་ཚད་ལྡན་ཞིག་མིན་ལ། གོང་དུ་བརྗོད་པའི་གནད་དོན་རྣམས་རང་ཉིད་ལ་མཚོན་ན་དངོས་སུ་ཆ་ཚང་བ་ཞིག་ལག་བསྟར་བྱེད་ཐུབ་ཀྱི་མེད། དེར་བརྟེན། དགེ་རྒན་ཡག་པོ་ཞིག་ཆགས་རྒྱུར་ཕྱོགས་མང་པོ་ནས་འབད་བརྩོན་བྱེད་དགོས་པ་དྲན་གྱི་ཡོད།
གང་ལྟར་སློབ་གྲྭ་ཞིག་གི་ཤེས་ཡོན་གྱི་གནས་ཚད་དང་། སློབ་ཕྲུག་ཅིག་གི་ཤེས་ཡོན་གྱི་ཡར་རྒྱས་ལ་བསམ་ན། ཕྱི་དངོས་པོའི་མཐུན་རྐྱེན་ཙམ་མིན་པར། དགེ་སློབ་གཉིས་ཀྱི་འབྲེལ་བར་སྔར་ལས་ལྷག་པའི་ཤུགས་སྣོན་རྒྱག་དགོས་པ་དང་། སློབ་གསོའི་མ་ལག་རྩ་འཛུགས་ཀྱིས་དགེ་སློབ་ཀྱི་འབྲེལ་བར་སྐུལ་དེད་གཏོང་དགོས་པ་ཡིན། དེ་དག་ནི་དགེ་རྒན་དཀྱུས་མ་ཞིག་གི་ཡུན་རིང་སེམས་དུ་ཉར་བའི་སྙིང་གཏམ་ཞིག་ཡིན།