སྐྱེ་ཕལ་ནད་རེར་སྨན་རེ་བཟོས། །
མཁས་པས་ནད་མང་སྨན་རེས་འཇོམས། །
༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཡི། །
མཛད་ཚུལ་ནད་བརྒྱའི་སྨན་གཅིག་ཉིད། །
ཐབས་མཁས་ཐུགས་རྗེའི་༸སྐྱབས་མགོན་གྱི། །
གཟིགས་རྒྱང་རིང་པོའི་དགོངས་པ་དེར། །
དཔྱད་གསུམ་གང་གིས་ཞིབ་དཔྱད་ཀྱང་། །
སྒོ་གསུམ་དད་གུས་སྔར་ལྷག་འཕེལ། །

སྤྱིར་འཛམ་གླིང་ནང་གི་སྐད་ཡིག་ཡོད་ཚད་ཀྱིས་སྐྱེ་བོར་ཕན་ནུས་ལྡན་པའི་ལེགས་བྱང་དུ་མ་ཆད་ལྷག་མེད་པར་ཉར་ཚགས་བྱེད། སྐད་ཡིག་ཅི་འདྲ་ཞིག་ཡིན་རུང་དེ་ཉིད་མེད་པར་ཆགས་པ་ནི་འཛམ་གླིང་སྤྱི་ལ་གྱོང་གུན་གསབ་ཐབས་བྲལ་བ་ཞིག་ཡིན་པས། སྐད་ཡིག་ལ་དོ་སྣང་སྤྲོད་རྒྱུ་མིའི་རིགས་ཀྱི་ལས་དོན་གཙོ་ཆེ་ཤོས་སུ་འཛིན་དགོས། ཡང་སྒོས་ཁ་བ་གངས་ཅན་པ་ཡོངས་ཀྱི་གཙུག་རྒྱན་༧སྐྱབས་གཅིག་བླ་ན་མེད་པ་༸གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བོད་ཀྱི་སྐད་ཡིག་འདི་བོད་མིའི་བླ་སྲོག་ཡིན་ལ། འཛམ་གླིང་འདིའི་སྒང་སེམས་ཀྱི་རྣམ་གཞག་དཔྱིས་ཕྱིན་པ་སྦྱང་རྒྱུ་ཡོད་པའི་རེ་བའི་མིག་ཞགས་འཕེན་ཡུལ་ཀྱི་སྐད་ཡིག་གཅིག་པོ་དེ་ཡིན་པ་ངོས་འཛིན་གནང་གི་ཡོད།
སྐད་ཡིག་སྲུང་སྐྱོབ་ཀྱི་གླེང་གཞི་ཡོང་དགོས་པའི་དོན་དག་གཙོ་བོ་དེ་ནི། བོད་མིའི་སྐད་ཡིག་སྦྱོང་སྤྱོད་སྤེལ་ལ་རྒྱ་ནག་གིས་བསམ་བཞིན་རྡོག་རོལ་བཏང་བའི་རྐྱེན་གྱིས། བོད་ནང་བཞུགས་པའི་བོད་རིགས་སྤུན་ཟླ་རྣམ་པར་རང་སྐད་ལ་དུང་བ་ཇི་ཙམ་ཟབ་རུང་སྒོ་གང་ས་ནས་རྒྱའི་སྐད་ཡིག་བསླབས་པ་ལས་བོད་སྐད་འདེམས་ཀ་བྱས་ཚེ། གང་ཟག་སྒེར་གྱི་ཉིན་རེའི་འཚོ་བ་ལ་དོ་ཕོག་ཕྱིན་པ་དང་ལྷན་དུ། མི་རིགས་ཀྱི་ཀླན་ཀ་སོགས་ནང་ཚུད་ཉེན་ཡོད། བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་རང་ཡུལ་ལས་གཞན་པའི་ཡུལ་ཞིག་ནང་འཚར་ལོངས་བྱུང་བར་བརྟེན་རྒྱུན་པར་མཐོང་ཆོས་སུ་གྱུར་པའི་དངོས་པོ་ཡོད་ཚད་ལ་བོད་ཡིག་མིན་པའི་གནས་ཡུལ་སོ་སོའི་སྐད་དང་། བརྡ་སྤྲོད་པའི་སྐད་ཀྱང་གཞན་པ་བཀོལ་སྤྱོད་མི་བྱེད་ཀ་མེད་ཡིན་ཞིང་། ཅི་སྟེ་བོད་ཀྱི་སྐད་ཡིག་ཆུ་ཚད་མཐོ་བོ་ཡོད་རུང་བོད་མིའི་ཁྲོད་ལས་རིགས་མཐོན་པོ་དེ་འདྲ་བསྙེགས་པའི་གོ་སྐབས་མི་འདུག་ཟེར་ཏེ། ཨིན་ཇིའི་སྐད་ཡིག་གི་དུས་རབས་འདི་ལ་དོ་སྣང་ཨིན་སྐད་ངེས་པར་སྦྱང་དགོས་སྙམ་མཁན་ཕ་མ་དང་། ཤེས་ལྡན་པ་མང་པོས་དམངས་ཁྲོད་དུ་སྨྲ་མ་ནུས་ཀྱང་ངོས་ལེན་གནང་གི་ཡོད། གོང་གསལ་རྒྱུ་མཚན་དེ་དག་གི་རྐྱེན་པས་སྐད་ཡིག་སྲུང་སྐྱོབ་ཀྱི་གླེང་གཞི་འདི་ཡོང་ཡོད་སྙམ།
ང་ཚོ་རང་གཅེས་འཛིན་ཤུགས་ཆེ་དྲགས་པས་ཡིན་ནམ། ཡང་ན། སྤྱི་སྐྱུར་སྒེར་སྙེག་གི་ལས་ལ་ཞུགས་དྲགས་ཡིན། གནས་སྐབས་དང་འཕྲལ་སེལ་ཁུངས་འཁྱོལ་གྱི་ལས་རྐྱང་འོག་སྐད་ཡིག་གཞན་གཙོ་བོར་བཟུང་བ་དེ་མཚམས་རེ་ཐུགས་ཁག་མེད་པ་ལྟ་བུ་མངོན་ཡང་བོད་ཀྱི་སྐད་ཡིག་གསོན་གནས་ལ་དེ་ནི་རྣམ་པ་ཐམས་ཅད་དུ་མི་འགྲིག་པའི་གནད་དོན་ཞིག་ཆགས་ཡོད། སྒེར་དོན་བཞག་ནས་སྤྱི་དོན་གཙོ་བོར་བཟུང་བའི་ལ་རྒྱ་ཞིག་མེད་ན་མི་ཐོག་གཅིག་ནང་ལ་སྐད་ཡིག་ཉམས་ཆག་ཇི་ཙམ་སོང་ཡོད་མེད་ནི་ང་ཚོའི་མཐོང་ཆོས་སུ་གྱུར་པས་བོད་སྐད་བརྙན་འཕྲིན་བོད་པས་མི་གོ་བ། བོད་ནང་གི་ཕལ་སྐད་བྱེས་བཞུགས་བོད་ཕྲུག་ཚོས་མི་གོ་བ། བཀའ་མོལ་གནང་སྐབས་བོད་སྐད་ཁེ་གཙང་རྒྱག་སྐབས་གོ་བརྡ་མི་འཕྲོད་པ་དང་། བྲིས་ཚད་ཞན་པ་ལས་ང་ཚོའི་མི་ཐོག་འདིས་སྔར་ཤུལ་རྒྱུན་འཁྱོངས་ཐུབ་མིན་ཐད་དྲི་རྟགས་ཆེན་པོ་ཞིག་སླེབས་པ་ངོས་ལེན་མ་བྱེད་ཐབས་མེད་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༧༧ ཟླ་༢ ཚེས་༥ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་དགེ་སློབ་ཡོངས་ལ་སྩལ་བའི་བཀའ་སློབ་ཏུ། ང་ཚོ་བོད་པའི་སྐད་ཡིག་ལ་གཅེས་སྤྲས་བྱེད་དགོས་ཀྱི་འདུག་ཅེས་མང་པོ་ཞིག་ཤོད་ཀྱི་ཡོད། བོད་པའི་སྐད་ཡིག་ལ་གཅེས་སྤྲས་བྱེད་སྟངས་ཇི་ལྟར་བྱེད་དགོས་སམ་ཞེ་ན། བོད་པའི་སྐད་ཡིག་བེད་སྤྱོད་བྱས་ནས་གཅེས་སྤྲས་བྱེད་དགོས་པ་ལས། བོད་པའི་སྐད་ཡིག་དེ་མཆོད་གཤོམ་ནང་དུ་འཇོག་རྒྱུ་ཞིག་མིན། བོད་པའི་སྐད་ཡིག་ཡར་རྒྱས་གཏོང་དགོས་པ་ལས། བོད་པའི་སྐད་ཡིག་ལ་ཡར་རྒྱས་མ་བཏང་ན། ལྐུགས་པའི་ཞེན་ཁོག་གི་ཐོག་ནས་རྩ་བ་ཆེན་པོ་རེད་ཅེས་བརྗོད་ཚེ་སྙིང་པོ་གང་ཡང་མེད། ཅེས་གསུངས་པ་དེར་བསམ་ཞིབ་བྱས་ན། ༸གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་འདི་བེད་སྤྱོད་བྱས་ནས་སྲུང་སྐྱོབ་བྱེད་དགོས་པ་གསུངས་འདུག
དེས་ན་བོད་ཀྱི་སྐད་དང་ཡི་གེ་ཇི་ཙམ་བེད་སྤྱོད་བྱེད་པ་དེའི་ཚོད་ཀྱིས་སྐད་ཡིག་སྲུང་སྐྱོབ་ལ་སྨན་གྱི་ཡོད་ན། བོད་རིགས་ཡོད་དོ་ཅོག་གིས་ཉིན་རེའི་བྱེད་སྒོའི་ཁྲོད་རང་གིས་སྐད་ཡིག་ཐབས་ཤེས་སྣ་ཚོགས་ཀྱིས་བཀོལ་སྤྱོད་བྱེད་དགོས་པ་མཐོང་། དེ་ལྟར་ཡོང་བ་ལ་བོད་རིགས་གྲྭ་བཙུན་ཙམ་མིན་པར་སྐྱ་སེར་ཕོ་མོ་ཁྱད་མེད་ནས་བོད་པའི་ནང་ཆོས་ཐོག་སློབ་སྦྱོང་བྱས་ཏེ་ནང་སེམས་བཅོས་བསྒྱུར་སྒང་བསམ་བློ་གཏོང་ཐབས་བྱེད་པ་དང་། བོད་རིགས་ནང་ཁུལ་བཀའ་མོལ་ཞུ་ཁར་སྐད་བསྲེས་ལྷད་མེད་པར་ངེས་པར་དུ་བོད་སྐད་ཁམས་གཙང་མའི་ཐོག་བཀའ་མོལ་ཞུ་བ་དང་། རང་མི་རིགས་ཀྱི་ངོ་བོ་མ་བརླག་ཙམ་མིན་པར་གཙོ་བོ་བོད་སྐད་དེ་བེད་སྤྱོད་བྱས་ནས་འགྲོ་བ་མི་སྤྱི་ལ་ཕན་ཐོགས་པའི་ལས་རིགས་མང་པོའི་དཔེ་བཟང་ཞིག་བོད་མི་ཚོས་བྱེད་རྒྱུའི་ཐུགས་རེ་གནང་གི་ཡོད་སྙམ།
ཡང་སྐད་ཡིག་སྲུང་སྐྱོབ་ནི་སྔར་ཡོད་རང་གི་སྐད་ཡིག་བེད་སྤྱོད་ཙམ་ཀྱིས་མི་ཆོག་པར་ཕྱིའི་ཤེས་རིག་འདྲ་མིན་ཐད་བོད་པའི་བརྡ་ཆད་གསར་བཟོ་བགྱིས་ཏེ། བོད་ཡིག་ནང་སེམས་ཀྱི་གནད་དོན་ཐད་གཞན་དྲིང་མི་འཇོག་པའི་སྐད་ཡིག་རྩེ་ཕུད་ཅིག་ཡིན་གཤིས། ཕྱིའི་ཤེས་བྱ་ཡོན་ཏན་གྱི་ཐད་ལའང་ཕུན་སུམ་ཚོགས་པོ་བྱུང་ན་སྐབས་འཕྲལ་བོད་རིགས་མང་པོ་ལའང་ལས་རིགས་འདྲ་མིན་ཐོག་གོ་སྐབས་མང་པོ་ཐོན་ཡོང་རྒྱུ་ངེས་ལ། སྐད་ཡིག་གི་ཐ་སྙད་ཀྱང་ཕྱུག་ཏུ་སོང་བའི་ཉེར་ལེན་གྱིས་རང་གི་སྐད་ཡིག་བེད་སྤྱོད་བྱེད་མཁན་གྱི་གྲངས་འབོར་ངང་གིས་འཕེལ་བ། དེའི་སླད་ད་ལྟའི་མི་ཐོག་གིས་བློ་སེམས་གཅིག་ཏུ་བསྒྲིམས་ཏེ། ཐ་སྙད་གསར་བཟོ་དང་ལས་རིགས་དུ་མར་འཛུལ་ཞུགས་བྱས་ཏེ། གྲུབ་འབྲས་བསྟན་རྒྱུ་ཡོད་པ་ཞིག་འཇོན་ན་མི་རེ་ཟུང་གི་མི་ཚེའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་རྨང་གཞི་བཏིང་ས་ལྟ་བུ་ཆགས་རྒྱུ་ཡིན་པས། ང་ཚོས་ངེས་པར་དུ་མིག་རྒྱང་རིང་པོར་དགོངས་པ་བཞེས་དགོས་ཞེས་པ་༸གོང་ས་མཆོག་གི་དགོངས་པ་ཡིན་སྙམ།
བོད་ཡིག་ཤེས་ཚད་ཇི་ཙམ་མཐོ་རུང་ནང་ཆོས་དང་། རང་གཞུང་ལས་ཁུངས། བོད་དགེ་ཙམ་ལས་ལས་རིགས་དུ་མའི་ནང་གོ་སྐབས་མ་མཐོང་བ་འདི་གཙོ་བོ་བོད་ཡིག་ནང་རིག་པའི་གཞུང་ལུགས་གཞན་གྱི་ནང་དོན་ཆ་ཚང་ཚུར་འདྲེན་ཐབས་མི་བྱེད་པའི་ཉེར་ལེན་ཡིན། སྐད་ཡིག་ཡར་རྒྱས་ཀྱི་ཐེམ་པ་འཛེགས་འདོད་ཡོད་ན་བོད་ཡིག་འདི་ཨིན་ཇིའི་སྐད་ཡིག་བཞིན་རིག་གནས་ཀྱི་རྒྱ་མཚོ་ལྟ་བུར་བསྒྱུར་དགོས་པས། དེ་ཡོང་བར་བོད་མི་མི་རེ་ངོ་རེས་རང་ལ་དོ་དབྱིངས་ཡོད་པའི་ལས་གནས་བྱེ་བྲག་སོ་སོའི་ཐ་སྙད་ཁག་བོད་བསྒྱུར་བྱེད་པར་བརྩོན་རྒྱུ་དེ་ཡིན་ལ། དེ་ཡང་བོད་མི་ཁྱོན་ཡོངས་ཀྱིས་མི་རིགས་གཅིག་གསོ་སྐྱོང་བྱེད་ཀྱི་ཡོད་པའི་བསམ་བློ་ཡོད་པའི་སྟེང་། འཛམ་གླིང་ཡུལ་གྲུ་གང་སར་གནས་བཅས་པའི་བོད་མི་ཚོས་ཁུལ་སོ་སོའི་ལས་རིགས་འདྲ་མིན་ནང་རྒྱུས་མངའ་མང་ཙམ་བྱས་ནས། ལས་རིགས་དག་གི་ཤེས་བྱ་ནང་འདྲེན་ཡོང་སླད་རང་སྐད་དུ་མེད་པའི་ཐ་སྙད་དག་གསར་དུ་བཟོས་ཏེ། བོད་མི་བྱིངས་ཀྱི་བཀོལ་སྤྱོད་ཐུབ་པ་དང་། ར་སྤྲོད་ཐུབ་པའི་བར་ནུས་པ་སྤུངས་དགོས་པ་དེ་ད་ལྟའི་མི་རབས་ཀྱི་བོད་མི་སྤྱི་བོ་གནམ་བསྟན་ཡོད་དོ་ཅོག་ལ་རག་ལས་ཡོད་སྙམ། དེ་མིན་བོད་མི་ཕྱི་རྒྱལ་བ། ཚོང་པ། སྨན་ཞབས་པ་དང་། དམག་མི། རྩིས་རིག་དང་འཛུགས་སྐྲུན་འཆར་འགོད་པ་སོགས་གྲགས་ཆེན་ཇི་ཙམ་འགྱུར་རུང་། ཐ་སྙད་གསར་བཟོ་སོགས་ཤེས་བྱ་ནང་འདྲེན་གྱི་ལས་དོན་གནད་ཆེ་དག་གི་འཐུས་ཤོར་ཚེ། ཆར་མེད་ལྡིར་སྒྲ་ཆེ་བའི་སྤྲིན་ཆེན་ལ་ངོ་མཚར་སྐྱེས་མི་དགོས་པ་དངོས་བདེན་ཡིན་པས། འཕྲལ་ཕུགས་རྒྱང་གསུམ་ལ་སྨན་པའི་ལས་དོན་གང་མང་ཡོང་བ་རྩོམ་དགོས་སྙམ།
མདོར་ན། ༸གོང་ས་མཆོག་གིས་བོད་མི་འདི་ནང་སེམས་དང་ཕྱི་དངོས་པོའི་གནས་ལུགས་བོད་ཡིག་རྐྱང་པའི་ཐོག་སྦྱང་སྤྱོད་བགྱིས་ཐུབ་ན། གཞི་ནས་བོད་ཡིག་འདི་འཛམ་གླིང་སྤྱིའི་སྟེགས་བུར་རང་གི་ངོ་བོ་རྩ་བརླག་འགྲོ་ཉེན་མེད་པར་ཇེ་བརྟན་ཇེ་ཚུགས་སུ་འགྲོ་བའི་ངེས་གཏན་འཁེལ་བ་དང་། ངེད་ཅག་མི་ཕལ་བའི་སྤྱོད་ཚུལ་ལས་ཡོངས་སུ་འདས་པ་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ་ནི་སྐད་ཡིག་སྲུང་སྐྱོབ་རྐྱང་པས་མི་ཆོག་པར། བོད་ཀྱི་སྐད་ཡིག་ཡར་རྒྱས་དང་སྐད་ཡིག་འདིས་རང་མི་རིགས་ལ་མདུན་ལམ་མང་པོའི་ཁ་ཕྱོགས་སྟོན་རྒྱུའི་བློ་རྒྱ་ཡངས་པོ་དེ། ནད་བརྒྱར་སྨན་གཅིག་གི་དཔེ་དང་ཅིའི་མི་མཚུངས།