གཉིས་པ་འཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ་ནི།
གཞན་ཡང་ཚིག་དོན་འོག་མ་ལས། །
བསྡུ་རྒྱུ་ཡོད་དམ་མེད་པ་དང་། །
གོང་མ་ལས་ཀྱང་དེ་བཞིན་ཏེ། །
རྣམ་གྲངས་དག་ཀྱང་བཀོད་པ་ལས། །

བསྐྱར་བ་ཡོད་དམ་མེད་པ་དང་། །
ཕོ་སྒྲ་དང་ནི་མོ་སྒྲ་དག།
མིང་གི་མཐའ་ན་ཡོད་མེད་དང་། །
རྒྱན་དུ་གྱུར་པ་རྣམས་ལ་ཡང་། །

དོན་ལ་བསྙེགས་པ་ཡོད་མེད་དང་། །
བསྟན་བྱ་ལྷག་མ་ཡོད་མེད་དང་། །
ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །
དེ་དག་ནང་གསེས་རྣམ་པར་དབྱེ། །

ཞེས་པས་བསྟན་ཏེ། གཞན་ཡང་མིང་མཐས་ཚིག་ཕྲད་ཀྱི་བྱེ་བྲག་གང་ཞིག་འདྲེན་པར་འགྱུར་བ་ནི་ཕལ་ཆེར་མིང་དེའི་མཐར་སྦྱར་རྒྱུའི་ཚིག་དོན་འོག་མ་ལས་ཤེས་དགོས་ཤིང་ཕྱི་ཚིག་ལ་ལྟོས་མ་དགོས་པར་བརྗོད་འདོད་ཙམ་གྱིས་འགྲུབ་པའང་ཡོད་པ། དཔེར་ན། ཚིག་དོན་འོག་མ་གང་ཡིན་དེ་ཉིད་དང་མཚུངས་པ་ལས་སྔ་མ་བསྡུ་རྒྱུ་ཡོད་པ་ཡིན་ན། མིང་སྔ་མ་སྔ་མའི་མཐར་སྔ་མ་སྡུད་པའི་ཚིག་ཕྲད་སྦྱར་བར་བྱ་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། ལྟ་བུ་དང་། དེ་བཞིན་དུ་ཚིག་དོན་སྔ་མ་དེ་ཉིད་དང་མཚུངས་པ་ལས་ཕྱི་མ་བསྡུ་རྒྱུ་ཡོད་པ་ཡིན་ན་ཕྱི་མ་བསྡུ་པའི་ཚིག་ཕྲད་འཇུག་སྟེ། ལྷས་ཀྱང་བཏུད་ན་མིས་ལྟ་ཅི་སྨོས། ལྷའང་འཇིགས་ན་བགེགས་ལྟ་ཅི་སྨོས། དེ་དག་ཀྱང་བདག་དང་ལྷན་ཅིག་དགའོ། ། ལྟ་བུ་དང་། མཇུག་ཏུ་བྱ་ཚིག་ལྟ་བུར་ལྷན་ཅིག་ཏུ་སྦྲེལ་བའི་ཕྱིར་ཚིག་དོན་སྔ་མ་ལ་ཕྱི་མ་བསྣན་དགོས་པ་ཡོན་ནའང་སྡུད་པའི་བྱེ་བྲག་བསྣན་པའི་ཕྲད་སྦྱར་ཏེ། སངས་རྒྱས་པའི་གྲུབ་མཐར་མ་ཟད། ཕྱི་རོལ་པའང་ཤེས་པར་བྱ། གསེར་དངུལ་ཟངས་ལྕགས་གཤའ་ཚེའང་སྦྱར། །ལྟ་བུ་དང་། ཕྱི་མར་མིང་ཚིག་གི་རྣམ་གྲངས་གཅིག་གམ་གཉིས་སམ་མང་པོ་བཀོད་པ་ལས། དེ་དག་ཀྱང་གལ་ཏེ་བསྐྱར་བ་ཡིན་ན་སྔ་མ་སྔ་མར་རྣམ་གྲངས་ཀྱིས་འབྱེད་པའམ་སྡུད་པའི་ཕྲད་སྦྱར་བར་བྱ་སྟེ། དོན་བསྐྱར་བ་ལ། ཉི་འོད་ནི་གསལ་བའམ། སྣང་བའོ། ། འཆི་མེད་དམ། རྣམ་སད་དམ། མིག་མི་འཛུམ་ནི་ལྷའོ། །འགྲོ་བ་དང་། འདོང་བ་དང་། མཆི་བ་ཞེས་བྱའོ། །ཞེས་པ་ལྟ་བུ་དང་། ཚིག་དོན་གཉི་ག་བསྐྱར་བ་ལ། སྐོར་ཞིང་སྐོར་ཞིང་སླར་ཡང་དེ་རུ་འབབ། །གཏུབས་ཤིང་གཏུབས་ཤིང་དྲག་ཏུ་གསོལ་བར་བྱེད། །ལྟ་བུ་དང་། མིང་གི་མཐར་ཕོ་སྒྲ་སྟེ་པུ་ལིངྒའི་སྒྲ་གསར་དུ་སྦྱར་བ་ཡོད་ན་མིང་མཐའ་དེ་ཉིད་བདག་པོའི་སྒྲར་འགྱུར་བ། རྟ་པ། གསེར་པ། རྟག་པ་པ། ཡོད་པ་པ། བྱེད་པ་པོ། སྒྲུབ་པ་པོ། ལྟ་བུ་དང་། བདག་པོའམ་དགག་པའི་དོན་དུ་གསར་དུ་སྦྱར་བ་མ་ཡིན་པའི་མིང་མཐའ་ཉིད་པུ་ལིངྒའམ། སྟྲཱི་ལིངྒར་གནས་པ་ནི་ངོ་བོའམ་བྱ་བ་གང་ཡིན་དེ་དེ་ཉིད་དུ་སྒྲུབ་པའི་སྒྲར་འགྱུར་བ། རྟག་པ། དམ་པ། བསྟོད་པ། མཛེས་པ། ཡག་མ། གསར་མ། བླ་མ། གོང་མ། ལྟ་བུ་དང་མིང་གི་མཐར་དགག་དོན་དུ་སྦྱར་པའི་མོ་སྒྲ་སྟེ་སྟྲཱི་ལིངྒའི་སྒྲར་གཏོགས་པ་ཡོད་ན་ངོ་བོའམ་བྱ་བ་གང་ཡིན་དེ་ཉིད་དགག་པའི་སྒྲར་འགྱུར་བ། འཇུགས་མེད། འཆི་མེད། ཡོད་མིན། མེད་མིན། གཟུགས་མེད། སྒྲ་མེད། ལྟ་བུ་དང་། ཚིག་དོན་སྔ་མ་དང་ཆོས་མཐུན་པའི་ཕྱི་ཚིག་གཞི་གཅིག་ཏུ་བསྡུ་རྒྱུ་ཡོད་ན། སྔ་མ་ལ་མཐུན་པའི་རྒྱན་དུ་གྱུར་པའི་ཕྲད་སྦྱར་ཏེ། མཛེས་ཀྱང་མཛེས་ལ་འོད་ཀྱང་འཚེར། །ལྟ་བུ་དང་། སྔ་ཕྱི་ཆོས་མི་མཐུན་པ་གཞི་གཅིག་ཏུ་བསྡུ་ན། སྔ་མར་མི་མཐུན་པའི་རྒྱན་འཇུག་སྟེ། ལྷ་ཉིད་ཡིན་ཡང་བདུད་ཀྱི་བདུད། །ཁྲོ་བ་སྤངས་ཀྱང་དགྲ་འཇོམས་པ། །ལྟ་བུ་སྟེ་རྒྱན་དུ་གྱུར་པའི་ཚིག་ཕྲད་དེ་དག་ཀྱང་ངེས་པར་དོན་ལ་སྙོག་པ་ཡོད་ན་མི་སྦྱར་དུ་མི་རུང་ཞིང་ཚིག་མཛེས་པར་བྱེད་པའི་རྒྱན་ཙམ་ཁོ་ན་ཡིན་ན་སྦྱོར་རམ་མི་སྦྱོར་ཇི་ལྟར་འདོད་པ་རུང་བ་དང་། ཚིག་དོན་སྔ་མའི་འཕྲོས་དེ་མ་ཐག་ཏུ་བསྟན་བྱ་ལྷག་མ་ཡོད་ན་སྔ་མ་ལ་ལྷག་བཅས་ཀྱི་ཕྲད་འཇུག་སྟེ། རྟག་སྟེ་འཇིགས་པ་མེད་པའི་ཕྱིར། རྒྱས་བཏབ་སྟེ་བཞག། ལྟ་བུ་དང་། ཚིག་གི་དོན་དེ་ཉིད་ཀྱི་འཕྲོས་དེ་མ་ཐག་ཏུ་བསྟན་བྱ་མེད་པས་རྫོགས་པ་ཡིན་ན་སླར་བསྡུའི་ཕྲད་སྦྱར་ཏེ། རྟག་གོ། རྫོགས་སོ། །བསྟན་ཏོ། །བྱའོ། །འགྲུབ་བོ། ། ལྟ་བུ་རྣམ་དབྱེ་དང་ཕྲད་དེ་དག་གི་ནང་གསེས་གང་དང་གང་ཞིག་འཇུག་ཅིང་དོན་ཅི་འདྲ་ཞིག་སྟོན་པ་རྣམ་པར་དབྱེ་བར་བྱའོ། །ཞེས་སོ། །
སྐབས་འདིར་ཡང་འགྲེལ་བྱེད་སྔ་མ་རྣམས་ཀྱིས་མ་བརྟགས་པ་ཡོད་དེ། སྤྱིར་འདི་སྐབས་མིང་མཐས་ཕྲད་དང་རྣམ་དབྱེ་སོགས་འདྲེན་ཚུལ་འཆད་པའི་སྐབས་ཡིན་པ་ལ། པ་རི། སཾ། ཨུ་པ་སོགས་ཀྱི་ཉེར་སྒྱུར་དང་སྟྲཱི་ལིངྒའི་སྒྲ་དག་མིང་གི་སྔོན་དུ་སྦྱར་ནས་ཚིག་རྒྱན་དང་། དགག་སྒྲའི་དཔེར་བརྗོད་པ་དང་། མིང་གི་རྣམ་གྲངས་བཀོད་པ་ལ་ཚིག་དོན་བསྐྱར་བ་ཡོད་མེད་ཀྱི་ཁྱད་པར་གྱིས་ཕྲད་ཀྱི་སྦྱོར་ཚུལ་ཤེས་པར་བྱ་དགོས་པ་ལ་ཕྲད་སྦྱོར་ཚུལ་སོགས་ཀྱི་དོན་འདི་ཡིན་མེད་པའི་། ལེགས་སོ་ལེགས་སོ་དང་། ཨ་ལ་ལ་ཆོས་ཨ་ལ་ལ་ཆོས། སོགས་ཀྱི་དཔེར་བརྗོད་བཀོད་པ་དང་། དེ་དག་ནང་གསེས་གང་འཇུག་པ། །ཞེས་པའི་དེ་དག་གི་སྒྲས། བཤད་མ་ཐག་པའི་ཆོས་དངོས་ལས་དང་སོགས་ནས། དུས་ལ་འཇུག་ཅེས་པའི་བར་བསྟན་ཅིང་། མཐར་སྦྱར་འོག་མའི་མིང་དོན་ལས། །ཞེས་པའི་མིང་དོན་དེ། སྤྱི་འཇུག་ཡོད་དམ་སོགས་ནས། མ་རྫོགས་ཀྱི། ཞེས་པའི་བར་གྱི་བསྟན་བྱ་ཡིན་པས་འོག་མ་ཤས་ཆེ་བའི་མིང་དོན་གང་ཡོད་ཀྱི་རྒྱུ་མཚན་ལས་མིང་མཐར་རྣམ་དབྱེ་དང་ཕྲད་གང་འཐོབ་ལྟ་དགོས་པ་གསལ་བོར་གཞུང་གིས་ཟིན་པ་ལ། དེ་འདྲའི་རྣམ་གཞག་གང་ཡང་མེད་པའི་འབྲེལ་མེད་ཀྱི་ལུང་འདྲེན་དང་བཤད་པ་མང་དུ་བྱས་པ་སོགས་སོ། །
གཉིས་པ་འཕྲོས་དོན་ནི། སྐབས་འདིར་སྤྱིར་རྣམ་དབྱེ་དང་ཕྲད་ཀྱི་དོན་ཤེས་པ་གལ་ཆེ་བར་སྣང་བས་ཅུང་ཟད་བཤད་ན། རྣམ་དབྱེ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ལ་མིང་གི་མཐར་སྦྱར་བས་ཚིག་ཏུ་འགྲུབ་པར་བྱེད་པའི་རྐྱེན་སི་སོགས་བདུན་གསུམ་ཉི་ཤུ་རྩ་གཅིག་པོ་རྣམས་ཏེ། དོན་ཐོབ་ཀྱི་དབང་གིས་དོན་རྗོད་པར་བྱེད་པའི་སྐད་རིགས་ཐམས་ཅད་ལ་རྣམ་དབྱེ་དེ་རྣམས་མེད་པ་མི་སྲིད་པས་མཁན་པོ་འདིས་བོད་ཀྱི་སྐད་ལའང་ལེགས་སྦྱར་དང་བསྟུན་ནས་རྣམ་དབྱེ་དེ་རྣམས་ཀྱི་འཇུག་པ་གསལ་བར་མཛད་པ་ཡིན་ནོ། ། དེའང་ལེགས་སྦྱར་ལ་ཨཽ་གཉིས། བྷྱཱ་མྲ་གསུམ། བྷྱསྲ་གཉིས། ཨོསྲ་གཉིས་རྣམས་སྦྱོར་ཡུལ་དོན་ཐོབ་ཀྱིས་དབྱེ་བ་ལས་རྐྱེན་གྱི་ངོ་བོ་གཉིས་སུ་མེད་པས་རྐྱེན་གྱི་ངོ་བོ་བཅུ་དྲུག་ཏུ་ངེས་པ་ཡིན་ཡང་བོད་སྐད་ལ་དེ་དང་མི་མཚུངས་པས། ལ་དོན། འབྲེལ་བ། བྱེད་པ་སྟེ་རྣམ་དབྱེའི་རྐྱེན་གྱི་ངོ་བོ་གསུམ་དུ་ངེས་ཤིང་གཉིས་ཚིག་དང་མང་ཚིག་མཚོན་པའི་སྒྲ་དག་ཀྱང་རྣམ་དབྱེའི་ཡན་ལག་ཏུ་འཇུག་པའི་ཕྲད་ཙམ་མོ། །ལ་ན་ཏུ་དུ་ལ་སོགས་པ་རྐྱེན་དེ་རྣམས་ཀྱི་ནང་གསེས་ནི་མིང་མཐའ་ཕྲད་པའི་རྣམ་འགྱུར་ཙམ་ལས་རྐྱེན་གྱི་ངོ་བོ་སོ་སོ་བ་མ་ཡིན་ཏེ། ལེགས་སྦྱར་ལ་བྷིསྲ་ཨཻསྲ་སུ་བསྒྱུར་བ་དང་། ངི་སྨིནྲ་དང་ངེ་སྨི་དང་ང་ལྡན་རྣམས་ཡཻ་ཡཱསྲ་ཡཱུསྲ་ཡཱམྲ་དུ་བསྒྱུར་བ་སོགས་དང་མཚུངས་པའི་ཕྱིར་རོ། ། རྣམ་དབྱེ་དེ་རྣམས་ཀྱང་དོན་ལ་སྦྱོར་ཚུལ་གྱི་སྒོ་ནས་དབྱེ་ན་ལེགས་སྦྱར་དང་མཐུན་པར་རིགས་བདུན་དང་རེ་རེའང་གཅིག་ཚིག་གཉིས་ཚིག་མང་ཚིག་གིས་བསྒྱུར་བས་ཉི་ཤུ་རྩ་གཅིག་ཉིད་དུ་བསྒྱུར་རོ། །དེའང་མི་ཟད་པ་མ་གཏོགས་པའི་ལེགས་སྦྱར་གྱི་མིང་ཐམས་ཅད་ལ་རྟགས་ཀྱི་དབྱེ་བ་ཡོད་པས་དེའི་ཆེད་དུ་རྣམ་དབྱེ་དང་པོ་སྦྱིན་པ་ཡིན་ཡང་འདིར་དེ་མེད་པས་མིང་དོན་ཙམ་ལ་རྣམ་དབྱེ་དང་པོ། ལས་ཀྱི་དོན་ལ་གཉིས་པ། བྱེད་པ་པོའི་དོན་ལ་གསུམ་པ། ཆེད་དུ་བྱ་བའི་དོན་ལ་བཞི་པ། འབྱུང་ཁུངས་སམ་གང་ལས་འབྲལ་བའི་དོན་ལ་ལྔ་པ། འབྲེལ་བའི་དོན་ལ་དྲུག་པ། གནས་གཞིའི་དོན་ལ་བདུན་པ་རྣམས་འཇུག་ཅིང་། བརྒྱད་པ་བོད་པ་ཞེས་ཟེར་ཡང་བོད་པའི་ཡུལ་ལ་རྣམ་དབྱེ་དང་པོ་ཉིད་འཇུག་ཅིང་ཀྱེ་དང་ཀྭ་སོགས་ནི་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་གྱི་རྣམ་དབྱེ་མ་ཡིན་པས་ལོགས་སུ་དབྱེར་མེད་དོ། །
དེ་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་གིས་མིང་དོན་གྱི་ངོ་བོ་ཙམ་ཞིག་སྟོན་པ་ནི། བུམ་པ། རྟག་པ། བསྟནད་པ། བྱས་པ། བསྒྲུབས། བསྒྲུབ། སྒྲུབ། ལྟ་བུ་སྟེ། བོད་སྐད་ལ་རྣམ་དབྱེའི་རྗེས་ལོགས་པ་མེད་པས་མིང་ཙམ་དེ་ཉིད་ཡིན་ཞིང་མིང་ལ་ནི་བདག་གཞན་དང་དུས་གསུམ་གྱི་དབྱེ་བ་ཅན་རྣམས་དང་མིང་རྐྱང་ཡང་རུང་སྟེ་ཁྱད་པར་མེད་དོ། །དཔེར་ན་ལེགས་སྦྱར་གྱི་སྐད་དུ། ཀྲྀཏ། ཀ་ར་ཎ། ཀཱཪྻ། ལྟ་བུ་དུས་གསུམ་དང་བདག་གཞན་གྱི་དབྱེ་བ་ཡོད་པའི་སྒྲ་རྣམས་ཀྱང་མིང་ཙམ་ཉིད་དུ་མཚུངས་པ་ལ་རྣམ་དབྱེས་ཚིག་ཏུ་བསྒྲུབ་དགོས་པ་བཞིན་ནོ། །དང་པོའི་གཉིས་ཚིག་དང་མང་ཚིག་དག་གིས་ནི་ལྡོག་པ་ཅུང་ཟད་དང་བཅས་པའི་མིང་དོན་གྱི་ངོ་བོ་ཙམ་སྟོན་ཏེ། ལྷག་དག། ལྷ་རྣམས། བུམ་པ་དག། བུམ་པ་རྣམས། བསྒྲུབ་པ་དག། བསྒྲུབ་པ་རྣམས། སྒྲུབ་བྱེད་དག། སྒྲུབ་བྱེད་རྣམས། ལྟ་བུའོ། །འདིར་དག་དང་རྣམས་ཞེས་པའི་སྒྲའང་ཚིག་ཕྲད་ཙམ་ལས་རྣམ་དབྱེའི་རྐྱེན་དངོས་མ་ཡིན་ཏེ། ད་དུང་དེ་དག་གི་མཐའ་ལ་རྣམ་དབྱེ་གཞན་འཇུག་པའི་ཕྱིར། དེས་ན་ཕྲད་འདི་དག་མིང་གང་གི་མཐར་སྦྱར་ཡང་རུང་རྣམ་དབྱེ་དང་པོའི་གཉིས་ཚིག་གམ་མང་ཚིག་མཚོན་ནུས་ཤིང་རྣམ་དབྱེའི་རྐྱེན་གཞན་རྣམས་ཀྱང་འདི་དག་གི་མཇུག་ཏུ་སྦྱར་བས་སོ་སོའི་གཉིས་ཚིག་གམ་མང་ཚིག་ཏུ་འགྱུར་རོ། །དག་ཅེས་པའི་སྒྲའང་སྤྱིར་གཉིས་ཚིག་ཁོ་ན་ལ་འཇུག་པའི་ངེས་པ་མེད་དེ་ཕལ་ཆེར་མང་ཚིག་ལ་སྦྱོར་བ་ཤས་ཆེ་ཞིང་། གཉིས་ཁོ་ན་ལ་འཇུག་པའི་ཕྲད་བོད་སྐད་ལ་མེད་པས་དེའི་དོད་དུ་གཅིག་ལ་མི་འཇུག་ཅིང་གཉིས་ཡན་ཆད་ལ་འཇུག་པའི་སྒྲ་ལོ་ཙཱ་བ་རྣམས་ཀྱིས་སྤྱིའི་སྒྲ་བྱེ་བྲག་ལ་སྦྱར་ནས་གཉིས་ཚིག་ཏུ་མཛད་པ་ཡིན་ནོ། །དེས་ན་དག་གི་སྒྲ་མང་ཚིག་ལ་སྦྱོར་བ་མི་འཐད་ཅེས་སྨྲ་བ་ནི་ལེགས་སྦྱར་གྱི་ལད་མོ་ཐལ་ཆེས་པའི་གསུང་དུ་སྣང་ངོ་། །འགའ་ཞིག་གིས་ཐམས་ཅད་དང་ཀུན་དང་མཐའ་དག་སོགས་ཀྱང་རྣམ་དབྱེའི་མང་ཚིག་ཏུ་འདོད་ཀྱང་མིང་དང་རྣམ་དབྱེ་མ་ཕྱེད་པར་ཟད་དོ། །
རྣམ་དབྱེ་གཉིས་པ་ལ་སོགས་པས་ནི་དོན་གྱི་ལྡོག་པ་ཁོ་ན་སྟོན་གྱི་ངོ་བོ་ནི་ནམ་ཡང་མི་སྟོན་ཏེ། དཔེར་ན། བུམ་པ་ལ། ཞེས་པས་དེའི་བྱ་བའམ་ཆེད་དོན་རྣམ་རྫས་གཞན་ལྡན་པའི་དོན་དང་། བུམ་པའི་ཞེས་པས་དེ་དང་འབྲེལ་བའི་དོན་དང་། བུམ་པས་ཞེས་པས་དེའི་བྱེད་པའི་དོན་སྟོན་པས་ཚིག་དེ་དག་གིས་བུམ་པ་རང་གི་ངོ་བོ་ཙམ་མ་ཡིན་པར་དའི་ལྡོག་པ་སྟོན་པ་ལྟ་བུའོ། །དེ་ལ་ལ་དོན་རྣམས་རྣམ་དབྱེ་གཉིས་པ་ལས་ལ་འཇུག་པའི་ཚུལ་ནི། དཔེར་ན། ལྷ་ལ་ཕྱག་འཚལ། གཟུགས་ལ་ལྟ། ཤར་དུ་འགྲོ། ལྟ་བུའི་ལྷ། གཟུགས། ཤར་རྣམས་ནི་ཕྱག་འཚལ་བ་དང་། ལྟ་བ་དང་འགྲོ་བ་རྣམས་ཀྱི་བྱ་བ་འཇུག་པའི་ཡུལ་ཡིན་པས་དེ་དག་ལ་ལས་ཀྱི་རྣམ་དབྱེ་འཇུག་པ་ཡིན་ནོ། ། ཞིབ་མོར་དཔྱད་ན། གཟུགས་ལ་ལྟ་བར་བྱེད་ལྟ་བུ། གཟུགས་ལ་ལས་ཀྱི་དོན་དང་། ལྟ་བ་ལ་བྱ་བའི་དོན་དུ་སྟེ་གཉི་ག་ལ་རྣམ་དབྱེ་གཉིས་པ་འཇུག་ཅིང་ཕྱི་མ་ལ་གཞུང་འདིར་དེ་ཉིད་ཀྱི་སྒྲས་གསུངས་སོ། །དེ་བཞིན་དུ་བུམ་པར་ཆུ་བླུགས་ཞེས་པ་ལྟ་བུ་བུམ་པ་ལ་བྱ་བ་བླུགས་པའི་ཡུལ་ཡིན་པས་གཉིས་པའམ་ཆུ་བརྟེན་པའི་ཆ་ནས་གནས་གཞི་སྟེ་རྣམ་དབྱེ་གཉིས་གང་རུང་འཇུག་ཅིང་། ཆུ་ནི་བླུགས་པར་བྱ་རྒྱུའི་ལས་ཉིད་ཡིན་པས་དེ་ཉིད་ཀྱི་དོན་ལ་གཉིས་པ་ཁོ་ན་འཇུག་མོད། ཕྱི་མ་འདི་རིགས་ཀྱི་རྣམ་དབྱེ་བོད་སྐད་ལ་མེད་པ་མང་ངོ་། །
རྣམ་དབྱེ་གསུམ་པ་བྱེད་པ་པོ་ལ་འཇུག་པ་ནི། ལྷས་བསྟན། རྡོ་རྗེས་ཕུག། ཁོད་ཀྱིས་སྐྱོང་། བདག་གིས་བརྗོད་ལྟ་བུ་སྟེ། བསྟན། ཕུག། སྐྱོང་། བརྗོད་རྣམས་བྱ་བ་ཡིན་པས་དེ་བྱེད་མཁན་གྱི་དོན་དུ་རིམ་པར། ལྷ། རྡོ་རྗེ། ཁྱོད། བདག་རྣམས་ལ་རྣམ་དབྱེ་གསུམ་པ་བྱེད་པ་པོའི་ཚིག་འཇུག་པ་ཡིན་ནོ། །དེའང་ཞིབ་མོར་དཔྱད་ན། བདག་གིས་རིག་སྔགས་ཀྱིས་ཚེ་སྒྲུབ་ལྟ་བུར་བདག་དང་རིག་སྔགས་གཉི་ག་སྤྱིར་བྱེད་པ་པོ་ཡིན་པས་གཉིས་ཀ་ལ་རྣམ་དབྱེ་གསུམ་པ་འཇུག་ཀྱང་། བདག་བྱེད་པོ་གཙོ་བོ་དང་རིག་སྔགས་བྱེད་པོ་ཕལ་བ་ཡིན་པའི་དབྱེ་བ་ཡོད་ཅིང་། ཡང་ན་བདག་བྱེད་པ་པོ་དང་རིག་སྔགས་ནི་བྱེད་པ་ཙམ་ཡིན་པའི་བྱེ་བྲག་ཤེས་པར་བྱ་དགོས་སོ། །རྒྱུ་མཚན་གྱི་དོན་ལ་གསུམ་པ་འཇུག་པའང་རྒྱུ་མཚན་དེས་དེ་ལྟར་འགྲུབ་པར་བྱེད་པས་བྱེད་པ་པོ་དང་མཚུངས་པའི་ཕྱིར་རོ། །
རྣམ་དབྱེ་བཞི་པ་ཆེད་དུ་བྱ་བའི་དོན་ལ་འཇུག་པ་ནི། ལོ་ཏོག་ལ་ཆུ་འདྲེན། ནོར་འཚོང་དུ་འགྲོ། སློང་མོ་པ་ལ་ཟན་སྦྱིན། ལྟ་བུ། ཆུ་འདྲེན་པ་དང་། འགྲོ་བ་དང་། ཟན་སྦྱིན་པ་རྣམས་བྱ་བ་ཡིན་ཞིང་། དེ་གང་གི་དོན་ནམ་ཆེད་དུ་བྱ་བའི་ཡུལ། ལོ་ཏོག། ནོར་འཚོང་། སློང་མོ་པ་རྣམས་ལ་བཞི་པ་དགོས་ཆེད་ཀྱི་རྣམ་དབྱེ་འཇུག་པ་ཡིན་ནོ། །དེས་ན་བྱ་བ་གང་ཞིག་བྱ་བའི་དོན་གྱི་ཡུལ་དེ་ལ་ཕན་གདགས་པའི་ཆེད་དུ་འཇུག་པའི་ལ་དོན་དྲུག་པོ་རྣམས་ནི་རྣམ་དབྱེ་བཞི་པ་ཞེས་བྱ་བ་ཡིན་ལ། དཔེར་ན། ཤའི་ཆེད་དུ་ཕྱུགས་གསོད་པར་བྱེད། ལྟ་བུ་ལ་མཚོན་ན། གསོད་པ་བྱ་བ། ཕྱུགས་ནི་ལས། ཤ་ནི་བྱ་བའི་དོན་གྱི་ཡུལ་ཡིན་པས་གསོད་པའི་བྱ་བས་ཤ་ཐོབ་པ་ལ་ཕན་འདོགས་པར་བྱེད་པ་དང་། སློང་མོ་པར་ཟན་སྦྱིན་ཟེར་བ་ལ། སྦྱིན་པ་ནི་བྱ་བ། ཟན་ནི་ལས། སློང་མོ་པ་བྱ་བའི་དོན་གྱི་ཡུལ་ཡིན་པའི་ཕྱིར་སྦྱིན་པས་སློང་མོ་པར་ཕན་འདོགས་པ་སོགས་གོ་དགོས་ཤིང་། བར་དུ་ལས་ཀྱི་ཚིག་མེད་ཀྱང་ཤའི་ཆེད་དུ་གསོད། སློང་མོ་པར་སྦྱིན་སོགས་ཀྱང་བཞི་པའི་དོན་དེ་ཉིད་ལས་མི་འདའོ། །འོ་ན་ལེགས་སྦྱར་ལ་བྱ་བའི་དོན་གྱི་ཡུལ་དེར་ཕན་འདོགས་པ་མ་ཡིན་པར་ཡང་བཞི་པ་འཇུག་པ་མང་དུ་མཐོང་བ་ཅི་སྙམ་ན། ལེགས་སྦྱར་ལའང་སྤྱིར་བཏང་གི་འཇུག་ཡུལ་འདི་དང་མཐུན་ཀྱང་དམིགས་བསལ་མི་མཐུན་པ་ནི། མགོ་བོར་དབྱུག་པས་བསྣུན་པའི་དོན་ལ། མསྟ་ཀཱ་ཡ་དཎྜཾ་ད་དཱ་ཏི། མགོ་བོར་དབྱུག་པ་སྦྱིན་ཞེས་དང་། བུམ་པར་ཆུ་བླུགས་པའི་དོན་ལ། གྷ་ཊཱ་ཡ་ཛ་ལཾ་ད་དཱ་ཏི། བུམ་པར་ཆུ་སྦྱིན། ཞེས་པ་ལྟ་བུ་ཡོད་པ་ནི་སྦྱིན་པའི་ཡུལ་ལ་བཞི་པ་འཇུག་པ་སྤྱིར་བཏང་པས་འདིར་བསྣུན་པ་དང་། བླུགས་པ་ལ་སྦྱིན་པའི་སྒྲས་བསྟན་པའི་ཚེ་ཚིག་ཙམ་གཙོ་བོར་བྱས་ནས་དེའི་ཡུལ་ལ་བཞི་པ་སྦྱར་བ་ཡིན་གྱི་སྐབས་དེའི་སྦྱིན་པ་སྦྱིན་པ་དངོས་མ་ཡིན་པ་བཞིན་དུ་དེའི་ཡུལ་གྱི་རྣམ་དབྱེ་བཞི་པའང་བཞི་པ་དངོས་མ་ཡིན་ཏེ། སྔ་མ་གཉིས་པ་དང་ཕྱི་མ་བདུན་པར་དོན་གྱིས་འཐོབ་པ་ལ་བཞི་པ་སྦྱར་བ་ཙམ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ན་མསྲ་སོགས་ཀྱི་ཡུལ་ལ་བཞི་པ་འཇུག་པའང་དོན་ཐོབ་ཀྱི་བཞི་པའི་འཇུག་ཡུལ་དངོས་མ་ཡིན་ཡང་། འཇིག་རྟེན་པའི་ཉེར་སྤྱོད་ལས་དེ་བཞིན་དུ་འཇུག་པ་སྟེ་སྐབས་འདིར་མ་ཟད་རྣམ་དབྱེ་གཞན་དང་གཞན་ལའང་འདི་འདྲའི་རིགས་མང་དུ་འབྱུང་བ་རྣམས་རྣམ་དབྱེ་དེ་དངོས་ཀྱི་དོན་དུ་མི་འགྱུར་བས་ཙམ་པོ་པ་ཞེས་བྱའོ། །བོད་འདིར་ནི་དམིགས་བསལ་དེ་འདྲ་དབྱེ་བ་ལ་དགོས་པ་མེད་པས་དོན་འཐོབ་ཉིད་ཀྱི་དབང་དུ་བྱེད་དགོས་པ་ཡིན་ནོ། །ཡང་གསོད་པའི་ཕྱིར་དུ་མཚོན་བསྣུན། ཞེས་པ་ལྟ་བུར་མཚོན་བསྣུན་པས་གསད་བྱ་ལ་ཕན་གདགས་ཟེར་བའི་དོན་མ་ཡིན་གྱི། མཚོན་བསྣུན་པའི་བྱ་བས་བྱ་བའི་དོན་གྱི་ཡུལ་གསོད་པ་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ། ། སྐབས་འདིར་འགའ་ཞིག་གིས་དོན་དང་ཆེད་དང་ཕྱིར་ཞེས་པའི་སྒྲ་རྣམས་རྣམ་དབྱེ་བཞི་པར་བྱས་པ་མི་འཐད་དེ། དེ་རྣམས་རྣམ་དབྱེ་འཇུག་ཡུལ་གྱི་མིང་ཙམ་ཡིན་པའི་ཕྱིར་ཏེ་དེ་དག་ལ་རྣམ་དབྱེ་ཞུགས་པས། དོན་དུ། དོན་གྱི། དོན་གྱིས། ལྟ་བུར་འགྱུར་བའི་ཕྱིར། དཔེར་ན། ལེགས་སྦྱར་ལ་དེའི་ཆེད་དུ་ཞེས་པར། ཏ་ད་རྠཱ་ཡ། ཞེས་འབྱུང་བའི་ཨརྠའི་སྒྲ་དེ་རྣམ་དབྱེ་མ་ཡིན་པ་བཞིན་ནོ། །
རྣམ་དབྱེ་ལྔ་པ་འབྱུང་ཁུངས་ལ་འཇུག་པ་ནི། སངས་རྒྱས་ལས་ཆོས། གསེར་ཁ་ནས་གསེར། རྒྱ་མཚོ་ལས་ཆུ་བོ་འབྱུང་། བྲག་རི་ནས་རྦབ་ལྷུང་། མཛོད་ནས་ནོར་བླངས། ལྟ་བུ་སྟེ། ཆོས། གསེར། ཆུ་བོ། རྦབ། ནོར་རྣམས་ཀྱི་འབྱུང་ཁུངས་རིམ་པ་བཞིན། སངས་རྒྱས། གསེར་ཁ། རྒྱ་མཚོ། བྲག་རི། དཀོར་མཛོད་རྣམས་ཡིན་པས་དེ་དག་ལ་རྣམ་དབྱེ་ལྔ་པ་འཇུག་པ་ཡིན་ཞིང་། རྟ་ལས་ལྷུང་། འཛེག་སྐས་ལས་བབས། ཤར་ཕྱོགས་ནས་འོད་བྱུང་། ལྟ་བུ་ལྷུང་བ་དང་། བབས་པ་དང་། འོད་རྣམས་ཀྱི་འབྱུང་ཁུངས་དངོས་རྟ་དང་། སྐས་དང་ཤར་རྣམས་མ་ཡིན་ཡང་འཕྲལ་དུ་དེ་དང་དེ་དག་ལས་འབྱུང་བའི་རྒྱུ་མཚན་གྱིས་རྣམ་དབྱེ་ལྔ་པ་སྦྱར་བ་དང་། དུ་བའི་རྟགས་ལས་མེ་ཡོད་པར་རྗེས་སུ་དཔག་གོ། ལྟ་བུ་རྒྱུ་མཚན་གྱི་དོན་ལའང་རྟགས་དེ་ལས་རྗེས་སུ་དཔག་པའི་ཚད་མ་སྐྱེ་བས་འབྱུང་ཁུངས་ལྟར་སྣང་བའི་ཕྱིར་ལྔ་པ་སྦྱར་བ་དང་། བུད་མེད་རྣམས་ལས་སྔོ་བསངས་མཛེས། ལྟ་བུ་ཡོན་ཏན་སོགས་ཀྱི་སྒོ་ནས་ལོགས་སུ་བཀར་བ་སྟེ་བུད་མེད་རྣམས་ཀྱི་ནང་ནས་བློས་ཁྱད་པར་ཕྱེ་ནས་ཕྱུང་བ་ཡིན་པའི་ཕྱིར་འབྱུང་ཁུངས་དང་འདྲ་བའི་དོན་གྱི་ལྔ་པ་སྦྱར་བ་སོགས་ཤེས་པར་བྱའོ། །ལེགས་སྦྱར་ལ་ནི་གང་ལས་འབྲལ་བའི་དོན་ལ་ལྔ་པ་བཤད་ཅིང་དོན་དེས་ལྔ་པའི་འཇུག་ཡུལ་ཐམས་ཅད་ལ་ཁྱབ་པར་ཡང་བཤད་པ་མཐོང་བས་བོད་སྐད་ལའང་ཞིབ་མོར་བརྟགས་ན་འཆད་ཚུལ་དེ་འབྱར་པར་སེམ་མོ། །
རྣམ་དབྱེ་དྲུག་པ་འབྲེལ་བའི་དོན་ལ་འཇུག་པ་ནི། ཕྱུག་པོའི་ནོར། ཁྱིམ་གྱི་ལྷ། ཆོས་ཀྱི་སྐུ། བདག་གི་དོན། ཤིང་གི་ཡལ་ག། ལྟ་བུ། ནོར། ལྷ། སྐུ། དོན། ཡལ་ག་རྣམས་རིམ་པ་བཞིན། ཕྱུག་པོ། ཁྱིམ། ཆོས། བདག། ཤིང་རྣམས་དང་འབྲེལ་བ་ཡིན་པའི་ཕྱིར། དེ་དག་ལ་རྣམ་དབྱེ་དྲུག་པ་འཇུག་ཅིང་འདིར་གོང་དུ་བསྒྲུབ་བྱ་ཞེས་གསུངས་པས་ཞིབ་མོར་བརྟགས་ན་དྲུག་སྒྲ། འི། གྱི། ཀྱི། རྣམས་བསྒྲུབ་བྱ་ནོར་དང་། ལྷ་དང་། སྐུ་རྣམས། བདག་པོ་ཕྱུག་པོ་དང་། རྟེན་གནས་ཁྱིམ་དང་། ཞི་བའི་ཆོས་རྣམས་དང་འབྲེལ་བའི་སྒྲུབ་བྱེད་དུ་འགྲོ་བ་ལྟ་བུར་གོ་དགོས་སོ། ། འབྲེལ་བའང་བདག་ཉིད་གཅིག་པའི་འབྲེལ་བ་བརྗོད་པ། ཆོས་ཀྱི་སྐུ། རྒྱ་མཚོའི་ཆུ། གསེར་གྱི་བུམ་པ་ལྟ་བུ་དང་། ཕྱུག་པོའི་ནོར་ལྟ་བུ། བདག་པོ་དང་ཡུལ་གྱི་འབྲེལ་བ། ཁྱིམ་གྱི་ལྷ་ལྟ་བུ་རྟེན་དང་བརྟེན་པའི་འབྲེལ་བ། ཤིང་གི་ཡལ་ག་ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་སོགས་དུ་མར་འགྱུར་བ་སྟེ་རྟོགས་པར་སླའོ། །
ལ་དོན་དྲུག་པོ་རྣམ་དབྱེ་བདུན་པ་གནས་གཞི་ལ་འཇུག་པ་ནི། ཤིང་ལ་བྱ། ཁྱིམ་དུ་མི། བུམ་པར་ཆུ། གདན་ལ་འདུག། ས་ལ་ཉལ། རྒྱབ་ཏུ་རི་ཡོད། ལྟ་བུ། བྱ། མི། ཆུ། འདུག། ཉལ། རི་རྣམས་ཀྱི་རྟེན་གནས་སམ་གནས་པའི་གཞི་ནི། ཤིང་། ཁྱིམ། བུམ་པ། གདན། ས། རྒྱབ་ཕྱོགས་རྣམས་ཡིན་པས་དེ་དག་ལ་རྣམ་དབྱེ་བདུན་པ་འཇུག་པ་ཡིན་ཞིང་། དེ་བཞིན་དུ་ཆུ་ལ་ཞུགས། ཁུང་དུ་འཛུལ། གཡུལ་དུ་གོ་བགོས། གཡུལ་དུ་བསད། ལྟ་བུ་རྣམས་ཀྱང་ཞུགས་པ་དང་འཛུལ་བ་དང་གོ་བགོས་པ་དང་བསད་པ་རྣམས་ཀྱི་བྱ་བ་དེ་དག་གི་རྟེན་རིམ་བཞིན་དུ་ཆུ་ལ་སོགས་པ་དེ་དག་ཡིན་པས་ལ་དོན་གྱི་རྣམ་དབྱེ་དེ་རྣམས་བདུན་པའི་དོན་དུ་འགྱུར་བ་ཡིན་གྱི་རྣམ་དབྱེ་གཉིས་པ་ལས་ཀྱི་དོན་མ་ཡིན་པར་ཤེས་པར་བྱའོ། །ཡང་སྐྱེས་བུ་ཞིག་གིས་སྐྱེས་བུ་གཞན་ཞིག་ལ་མཛུབ་མོའི་བརྡས་བསྟན་ནས་མཛུབ་མོའི་རྩེ་འདི་ན་གླང་པོ་ཆེ་བརྒྱ་ཡོད་དེ་ཟེར་བ་ལྟ་བུ་ལ་མཛུབ་མོའི་རྩེ་དེར་གླང་པོ་ཆེ་དེ་རྣམས་བརྟེན་པ་མ་ཡིན་ཀྱང་མཛུབ་མོའི་རྩེ་དེས་མཚོན་པའི་ཡུལ་ཕྱོགས་དེར་གླང་པོ་ཆེ་མཐོང་བའི་མིག་ཤེས་སྐྱེ་བའི་རྐྱེན་བྱེད་པའི་ཆ་ནས་རྟེན་དང་འདྲ་བའི་ཕྱིར་བདུན་པ་འཇུག་པ་དང་། སྡིག་པ་ལ་འཇིགས། སེང་གེ་ལ་སྐྲག་སོགས་གང་ལས་འཇིགས་པ་འབྱུང་བའི་གནས་དེ་ལ་རྣམ་དབྱེ་ལྔ་པ་འཇུག་པ་ལེགས་སྦྱར་གྱི་ལུགས་ཡིན་ཡང་། བོད་སྐད་ལ་འཇིགས་པ་སྐྱེ་བའི་ཡུལ་ལམ་རྟེན་དུ་གྱུར་བའི་ཆ་ནས་བདུན་པ་ཉིད་སྦྱོར་བ་དང་། སྨག་ལ་རྐུན་མ་འབྱུང་། ཉི་མ་ཤར་བ་ན་གཉིད་སད། ལྟ་བུ་གནས་སྐབས་དེ་དང་དེར་བརྟེན་ནས་དེ་འདྲ་འབྱུང་བས་དངོས་སུ་མ་བརྗོད་ཀྱང་དོན་ཐོབ་ཀྱིས་དུས་བརྗོད་པ་ལ་བདུན་པ་སྦྱར་བ་དང་། ཚེས་གསུམ་ལ་ལྷ་མཆོད། དཔྱིད་ལ་ཁུ་བྱུག་གྲགས། སྟོན་དུས་སུ་བཙས་མ་བརྔ་ལྟ་བུ། དུས་དངོས་སུ་བརྗོད་པ་ལ་བདུན་པ་སྦྱར་བ་སྟེ་འདི་དག་གིས་མཚོན་ནས་འཇུག་ཡུལ་གྱི་བྱེ་བྲག་ཐམས་ཅད་ཞིབ་མོར་རྟོགས་པར་བྱའོ། །
དེ་ལྟར་རྣམ་དབྱེའི་འཇུག་ཚུལ་ཕྱོགས་ཙམ་བསྟན་ནས་ཚིག་གི་ཕྲད་ཅེས་བྱ་བ་ནི་སྤྱིར་མིང་ཙམ་གཉིས་སམ་དུ་མ་སྦྲེལ་བའི་ཚེ་བར་དུ་མཚམས་སྦྱོར་བའམ་དོན་གསལ་བ་ལ་ཕན་འདོགས་པར་བྱེད་ཅིང་འགའ་ཞིག་དེ་འདྲའི་ཐོག་མཐའ་གཉིས་དང་མིང་རྐྱང་ཙམ་ལའང་དོན་གསལ་བའམ་བརྗོད་བདེ་བ་ལ་ཕན་འདོགས་པར་བྱེད་པའི་སྒྲའི་རྣམ་པ་ཞིག་སྟེ་དེའང་། མིང་ངམ་ཚིག་གཞན་ལ་མ་སྦྱར་ན་དེ་ཉིད་རྐྱང་བ་བརྗོད་པས་དོན་གསལ་བར་མི་མཚོན་པའི་ཕྲད་ནི། བཤད་མ་ཐག་པའི་རྣམ་དབྱེའི་རྐྱེན། ལ། ན། ཏུ། དུ། སུ། རུ། ཀྱི། གྱི། གི། འི། སོགས་དང་རྣམ་དབྱེ་ལ་མི་གཏོགས་པའི། ལ། ན། ཀྱི། གྱི། གི། ཡི། ནས་རྣམས་དང་། གོ། ངོ་། དོ། ནོ། བོ། མོ། འོ། རོ། ལོ། སོ། ཏོ། པ། པོ། བོ། མ། མི། ཅན། ནི། ཕྱིར། ཀྱེ། ཀྭ། ཅིང་། ཞིང་། ཤིང་། ཅེས། ཞེས། ཤེས། ཅིག། ཞིག། ཤིག། ཅེའོ། ཞེའོ། ཤེའོ། ཅེ་ན། ཞེ་ན། ཤེ་ན། གུ། ཀྱང་། འང་། ཡང་། གམ། ངམ། དམ། ནམ། བམ། མམ། འམ། རམ། ལམ། སམ། དག། རྣམས། ཏེ། སྟེ། དེ། ལྟ། ལྟར། བཞིན། སྙེད། དང་། ལོ། ལ་སོགས་པ་རྣམས་ཡིན་མོད་ཀྱི་རྣམ་དབྱེ་རྣམས་ལོགས་སུ་བཤད་པས་ལྷག་མ་རྣམས་གཟུང་བར་བྱའོ། །དེ་རྣམས་ཀྱང་མིང་ཚིག་ལ་ཇི་ལྟར་སྦྱོར་ན། དག་ལ་གསལ་ན་ལེགས་མོད་ཀྱི། ། བསྟན་གྱི་འཇུག་གི་འཆད་བྱ་ཡི། །མཁས་པར་བྱས་ནས་ཚུལ་བརྟག་གོ། བྱ་བ་བཟང་ངོ་ལེགས་བཀོད་དོ། །འབྱོན་ནོ་འགྲུབ་པོ་དོན་བསམ་མོ། །བྱ་འོ་ཕྱར་རོ་ལྷ་རྒྱལ་ལོ། །བལྟས་སོ་བསྟན་ནོ་ལྷ་ཆོས་པ། །སྒྲུབ་བོ་དགའ་བོ་གསར་མ་པ། །མ་རྙོག་མི་ལྟུང་དགེ་བ་ཅན། །ད་ནི་ཅི་ཕྱིར་ཀྱེ་ཀྱེ་བུ། །ཀྭ་ཡེ་གྲོགས་དག་བརྒོད་ཅིང་མཆིས། །བདེ་ཞིང་དགྱེས་ཤིང་ཡོད་ཅེས་ཐོས། །གསལ་ཞེས་མཛེས་ཤེས་ (ས་མཐར་ཞེས་སྦྱོར་བ་འདི་བཞིན་འཐད་ཀྱང་འཁྲུལ་གཞི་འབྱུང་བར་གཟིགས་ནས་མཁས་པ་ཕྱི་མ་རྣམས་ཀྱིས་མ་མཛད་པ་བཞིན་ད་ལྟའི་ལག་རྒྱུན་ལ་མི་བྱེད་དོ།།) ཞད་ཅིག་གདའ། ། ས་མཐར་ཤེས་ཞེས་སྦྱོར་བ་འདི་བཞིན་འཐད་ཀྱང་འཁྲུལ་གཞི་འབྱུང་བར་གཟིགས་ནས་མཁས་པ་ཕྱི་མ་རྣམས་ཀྱིས་མཛད་པ་བཞིན་ད་ལྟར་ལག་རྒྱུན་ལ་མི་བྱེད་དོ། །ནམ་ཞིག་གྲོས་ཤིག་གདབ་ཅེ་འོ། ། སུ་ཡོད་ཅེ་ན་གང་ཞེ་ན། ། མ་བྱས་ཤེ་ན་བྱོས་ཤིག་གུ། འཁོད་ཀྱང་འགྲོ་བའང་དྲན་ན་ཡང་། །རྒྱུག་གམ་འདོང་ངམ་སྡོད་དམ་ཅི། །མདུན་ནམ་རྒྱབ་བམ་ལེགས་སམ་མམ། །བྱའམ་འཆར་རམ་ཅང་ཐལ་ལམ། །རྒྱས་སམ་དེ་དག་དཔལ་འབྱོར་རྣམས། །མཁས་ཏེ་འཆད་དེ་ཀུན་ཆུབ་སྟེ། །དེ་ལྟ་དེ་ལྟར་དེ་བཞིན་སླད། །ཇི་སྙེད་བདེ་དང་ལྡན་ནོ་ལོ། །ལྟ་བུ་དང་། ཡང་སྦྱར་ཡུལ་ལ་མི་ལྟོས་པར་ཡང་རང་ཉིད་ཀྱི་བརྗོད་དོན་གསལ་བར་མཚོན་པ་ཅན་གྱི་འཕྲད་ནི། གང་། ཅི། དེ། འདི། སུ། ཡང་། ནམ། སླར། འོ་ན། ལ་ལ། ཇི། ཞེས་པ་ལྟ་བུ་འཕྲད་རྐྱང་བ་རྣམས་དང་། ཕྲད་གཉིས་གསུམ་སོགས་འདུས་པ། གང་དག། དེ་དག། གང་རྣམས། དེ་རྣམས། ཇི་སྙེད། དེ་སྙེད། གང་ལྟར། ཇི་ལྟར། གལ་ཏེ་ན། གལ་ཏེ། ཅི་ཞིག། སུ་ཞིག། ཅི་ཕྱིར། གང་ཕྱིར། དེ་སླད། དེ་ལྟ་ན། འོན་ཀྱང་། ཅིའང་། ཅི་ནས་ཀྱང་། ཡང་ཡང་། སླར་ཡང་། ཅི་ཞིག་ན་དེ། ནམ་ཞིག་སུའང་ཅི་ཞེ་ན། ཞེས་པ་ལྟ་བུ་རྣམས་དང་། འོ་ན་ཞེས་པ་བསྡུས་པས་འོན་དང་། ཅིངའ་ཞེས་པ་བསྡུས་པས་ཅང་དང་། གང་ལ་ལ་ཞེས་པ་བསྡུས་པས་ག་ལ་དང་། གང་ལ་ཞེས་པ་བསྡུས་པས་གལ་ཞེས་པ་ལྟ་བུ་རྣམས་སོ། །དེས་ན་ཚིག་ཕྲད་ཀྱི་རིགས་འདི་འདྲ་ཤིན་ཏུ་མང་བས་འདིར་ཕྱོགས་ཙམ་མཚོན་པའི་ཕྱིར་ཅུང་ཟད་བཀོད་ཀྱི་ཞིབ་མོར་ཡི་གེར་འབྲིར་མ་ལངས་སོ། །འདིར་འགའ་ཞིག་གིས་ལེགས་སྦྱར་གྱི་སྐད་ནི་པཱ་ཏ་བསྒྱུར་བ་ཚིག་ཕྲད་ཡིན་པའི་རྒྱུ་མཚན་གྱིས་བོད་སྐད་ཀྱི་ཚིག་ཕྲད་གང་ཡིན་པ་རྣམས་ཀྱང་ལེགས་སྦྱར་གྱི་ནི་པཱ་ཏ་རྣམས་དང་བསྒྲིག་རུང་བ་ཞིག་དགོས་སོ་སྙམ་དུ་བསམས་ནས་སྨྲ་སྒོ་རྩ་འགྲེལ་ལ་དགག་པ་བརྗོད་པའི་ཞར་དུ་གཞུང་འདི་ལའང་ཟུར་ཟ་བ་དང་། བྱེ་བྲག་རྟོགས་བྱེད་ཆེན་མོ་ལའང་སྐྱོན་གདགས་པར་བྱེད་མོད། དག
ོངས་པ་ཅན་ཞིག་ཡིན་ན་མ་གཏོགས་མཁས་པའི་གསུང་དུ་མ་མཐོང་སྟེ། སྤྱིར་ལོ་ཙཱ་བ་རྣམས་ཀྱིས་ནི་པཱ་ཏ་ཞེས་པ་ཚིག་ཕྲད་དུ་བསྒྱུར་མོད་ཀྱི་ལེགས་སྦྱར་གྱི་ནི་པཱ་ཏ་ཡིན་ཚད་བོད་སྐད་ཀྱི་ཚིག་ཕྲད་ཡིན་དགོས་པ་དང་། བོད་སྐད་ཀྱི་ཕྲད་ཡིན་ཚད་ནི་པཱ་ཏ་ཡིན་དགོས་པའི་ཁྱབ་པ་སུ་ཞིག་གིས་ཁས་བླངས། ཁྱེད་ཉིད་ཀྱིས་ཁས་བླངས་པས་ནི་གཞན་ལ་གནོད་བྱེད་དུ་མི་འགྱུར་ཏེ། ད་དུང་དམ་བཅའ་དེ་བསྒྲུབ་དགོས་ཤིང་བསྒྲུབས་ཀྱང་མི་འགྲུབ་པའི་ཕྱིར་རོ། ། ཅིའི་ཕྱིར་ན་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ནི་པཱ་ཏ་ཚིག་ཕྲད་དུ་སྒྱུར་པའི་དགོངས་པ་ནི། ལེགས་སྒྱར་གྱི། ཙ། པཱ། ཨེ་བ་ལ་སོགས་པ་ནི་པཱ་ཏ་རྣམས་ཕལ་ཆེར་ཚིག་གི་ཕྲད་ལ་འབྱུང་བ་ཤས་ཆེ་བས་ཡིན་གྱི་བོད་སྐད་ཀྱི་ཚིག་ཕྲད་དང་ནི་པཱ་ཏ་གཉིས་ཡིན་ཁྱབ་མཉམ་དུ་དགོངས་པས་དེ་བཞིན་དུ་བསྒྱུར་བ་མ་ཡིན་པའི་ཕྱིར་ཏེ། ལེགས་སྦྱར་གྱི་ནི་པཱ་ཏ་ལ་ཡོད་པའི། སྭརྒ། ཤཱི་གྷྲཾ། ཏཱུརྞྞཾ། ཀརྟ་བྱཾ། སྭསྟི། མི་ཐྱཱ། ཨུཙྪསྲ། ལྟ་བུ་རྣམས་རིམ་བཞིན་བསྒྱུར་པའི། མཐོ་རིས། མགྱོགས་པ། མྱུར་བོ། བྱ་བ། བདེ་ལེགས། བརྫུན། མཐོན་པོ་ལྟ་བུ་རྣམས་བོད་སྐད་ཀྱི་ཚིག་ཕྲད་མ་ཡིན་པ་དང་། བོད་ཀྱི་སྐད་ལ་ཚིག་ཕྲད་དུའང་བགྲང་ཆོག་པའི་རྣམ་དབྱེའི་རྐྱེན་གྱི་གྱི་ལ་ན་ལྟ་བུ་ཡོད་ཀྱང་། ལེགས་སྦྱར་ལ་དེའི་དོད། སྱ། ཡཱསྲ། ཡཱམྲ། ལྟ་བུ་རྣམས་རྣམ་དབྱེའི་རྐྱེན་གྱི་རྗེས་ཙམ་ལས་ནི་པཱ་ཏ་མ་ཡིན་པའི་ཕྱིར་རོ། །སྤྱིར་ཡང་ནི་པཱ་ཏ་ཞེས་པ་སྒྲ་ཐད་ཀློག་ཏུ་བསྒྱུར་ན་ངེས་ཚིག་ཅེས་བྱ་ཞིང་ངེས་པའི་དོན་ཡང་ནི་པཱ་ཏ་ཡིན་པ་རྣམས་ལ་རྟགས་གསུམ་གྱི་དབྱེ་བ་མེད་པ་དང་། རྣམ་དབྱེའི་རྣམ་འགྱུར་ཕལ་ཆེར་མེད་པས་སྒྲའི་གཟུགས་ངེས་པའི་དོན་ཡིན་ཞིང་དེ་དག་ལ་མིང་གི་རྣམ་གྲངས་གཞན་མི་ཟད་པ་ཞེས་ཀྱང་བྱ་ལ། བོད་ཀྱི་ཚིག་ཕྲད་ཅེས་བཏགས་པ་ནི་ཚིག་གི་བར་བར་དུ་མཚམས་སྦྱོར་བའི་འཕྲད་དུ་འབྱུང་བ་ཤས་ཆེ་བའི་རྒྱུ་མཚན་གྱིས་དེ་སྐད་ཅེས་བྱ་བས་མིང་དོན་གྱི་རྒྱུ་མཚན་ཡང་མཚུངས་པ་མ་ཡིན་ནོ། །དེས་ན་བྱེ་རྟོགས་སུ་བོད་བརྡ་ཉིད་ཀྱི་དབང་དུ་བྱས་ནས་སྐབས་སྐབས་ནས་ཚིག་གི་འཕྲད་དུ་འབྱུང་བ་ཞེས་མདོན་བསྟན་ནས་འཕྲད་དུ་འབྱུང་བ་རྣམས་བཀོད་པ་ལ་ནི་པཱ་ཏ་མ་ཡིན་པ་འགའ་ཞིག་མཐོང་བ་ལ་སྐྱོན་དུ་སྨྲ་བ་ནི་ཡ་ཆའོ། །དེ་བཞིན་དུ་སྨྲ་སྒོ་རྩ་འགྲེལ་དུ་གང་ལ་ཞེས་པ་བསྡུས་པས་གལ་དང་ཅི་ཞིག་ན་ཞེས་པ་སྟེ་ནར་བསྒྱུར་ནས་སྦྱར་བས་གལ་ཏེ་ན་ཞེས་གྲུབ་པར་བཤད་པ་སུན་འབྱིན་པའང་ལེགས་བཤད་ཡིན་མིན་བརྟག་དགོས་ཏེ། གལ་ཏེ་ཞེས་པ་དེའི་སྐད་དོད་ཡ་དི་དང་ངེས་པར་སྦྱར་དགོས་ན། ཡ་དི་ཞེས་པ་ཡ་ཏ་ལ་དུས་བརྗོད་པའི་དོན་དུ་རྣམ་དབྱེ་བདུན་པའི་དི་བྱིན་ནས་ཚིག་ཕྲད་ཀྱི་ལུགས་སུ་བསྒྲུབས་ཤིང་ཚིག་ཕྲད་དུ་གྱུར་པ་ཏ་དི་དང་ཏརྷི་ལྟ་བུ་ཡིན་པས་བོད་སྐད་གང་ལ་ཞེའམ་གང་ཚེ་ཞེས་པར་འགྱུར་བས་སྨྲ་སྒོའི་འཆད་ཚུལ་དེ་ཕྱོགས་གཅིག་ནས་འགྲིག་པ་མ་ཡིན་ནམ། དེ་བས་ཡ་དིའི་མཐའ་དེ་སྒྲུབ་ཚུལ་ཅི་ཡིན་མ་མཁྱེན་པའི་ཚུལ་བསྟན་པ་དེ་ག་མཚང་ཆེ་བར་དོགས་སོ། །ཡང་ལེགས་སྦྱར་ལ་རྣམ་དབྱེའི་རྐྱེན་དང་ནི་པཱ་ཏ་མི་མཚུངས་པ་ཐུགས་མད་ཀྱང་བོད་སྐད་གཞིར་གཞག་གི་རྣམ་དབྱེའི་རྐྱེན་ལ་ཚིག་ཕྲད་དུ་བརྗོད་པ་མི་འགལ་ཏེ་རྐྱེན་དེ་དག་ཚིག་ཕན་ཚུན་མཚམས་སྦྱོར་བའི་ཕྲད་ཀྱི་དོན་ལས་མི་འདའ་བའི་ཕྱིར་རོ། །རྣམ་དབྱེ་རྐྱེན་ཙམ་དང་ཚིག་ཕྲད་མིང་ངམ་ཚིག་ཡིན་པས་ཁྱད་ཆེའོ་སྙམ་པ་སྲིད་ཀྱང་གང་སྨོས་སྦྱོར་ཡུལ་གཞན་མེད་པར་རང་ཉིད་གཅིག་པུ་བརྗོད་ན་དོན་མི་གསལ་བའི་ཕྲད་རྐྱང་དེ་རྣམས་ཀྱང་རྐྱེན་ཙམ་ཡིན་གྱི་མིང་ཚིག་གང་ཡང་མ་ཡིན་ནོ། །འོ་ན་ལེགས་སྦྱར་གྱི་ཙ་དང་ཙེཏྲ་བསྒྱུར་བའི་དང་དང་ན་ལྟ་བུའང་རྐྱེན་དུ་འདོད་དགོས་པས་ཧ་ཅང་ཐལ་ལོ་སྙམ་ན་གོང་སྨོས་ལྟར་སྐད་གཉིས་དོན་ཐོག་ཏུ་དབབ
་དུས་མཚུངས་ཕྱིན་རྐྱེན་དང་མིང་སོགས་ཡིན་མཉམ་དགོས་པར་བསམས་པ་ནི་དེ་བས་ཀྱང་ཐལ་ཆེས་ཏེ། དཔེར་ན། ནཱ་རཱ་ཡ་ཎ། ཞེས་པར་ན་ར་སྲེད་མེད་དང་། ཨཱ་ཡ་ན་ཎ་ཀྱི་རྐྱེན་དོན་བུར་བསྒྱུར་བ་ན་བོད་སྐད་བུ་ཞེས་པ་མིང་ཡིན་གྱི་རྐྱེན་མ་ཡིན་པ་དང་། སརྦཱི་ཡ་ཞེས་པར་སརྦྦ་ཀུན་དང་ཨཱི་ཡའི་དོན་ཕན་པར་བསྒྱུར་བ་ན་ཕན་པ་རྐྱེན་མ་ཡིན་པ་སོགས་མཐའ་ཡས་པའི་ཕྱིར་རོ། །ལེགས་སྦྱར་གྱི་ལུགས་ལའང་ཀྟྭཱ་དང་ཏ་བྱ་དང་ཏུ་མུན་ལ་སོགས་པ་རྐྱེན་ཡིན་མོད་ཀྱི་དེའི་མཐའ་ནི་པཱ་ཏའང་ཡིན་པས་རྐྱེན་དང་ནི་པཱ་ཏ་རྣམ་པ་ཀུན་ཏུ་འགལ་བར་བསམས་ནའང་མི་རུང་ངོ་། །ཡང་སྐད་དོད་ལ་རྣམ་དབྱེ་དབྱི་བར་མི་ངེས་པའི་རྒྱུ་མཚན་གྱིས་གང་ཅི་དེ་སོགས་ཚིག་ཕྲད་མིན་ཞེས་གསུངས་པའང་བྱེ་བྲག་མ་ཕྱེ་པའི་གསུངས་ཏེ་དེ་དག་གི་སྐད་དོད་ཡཏྲཏཱཏ་ཀིཾ་སོགས་རྒྱུ་མཚན་སོགས་ཀྱི་དོན་ལ་འཇུག་པའི་ཚེ། ནི་པཱ་ཏ་ཡིན་པ་འཆི་མེད་མཛོད་སོགས་སུ་གསལ་ཞིང་སརྦ་ནཱ་མའི་སྐབས་སུ་ནི་པཱ་ཏ་མ་ཡིན་པའང་སྒྲ་གཞུང་རྣམས་སུ་གསལ་བས་དེ་དག་མ་ཕྱེད་པར་སྤོམ་ཡོར་གྱིས་གཞན་ལ་རྒོལ་བར་སྣང་བའི་ཕྱིར་རོ། །དེས་ན་འཆི་མེད་མཛོད་སོགས་གཟིགས་པའི་ཞལ་རྦད་ཀྱང་དེ་ཙམ་དུ་བས་སོ། །ཡང་དོན་དམ་པར་དབྱེར་མེད་ན་ཞེས་པ་ལྟ་བུའི་ན་དེ་ལ་དོན་འཆད་པའི་ནུས་པ་མེད་པར་བཤད་འདུག་པ། ཕྱི་ཚིག་མི་མཐུན་པར་སྟོན་པའི་ནུས་པ་ནའི་སྒྲ་དེ་ལ་མེད་ན་དོན་དམ་དུ་དབྱེར་མེད་ཅེས་ཚིག་སྔ་མ་དང་ཀུན་རྫོབ་ཏུ་དབྱེར་ཡོད་ཅེས་ཚིག་ཕྱི་མ་དག་སོ་སོའི་ངོ་བོ་བརྗོད་པ་ཙམ་ཡིན་པའི་ཕྱིར་དེ་གཉིས་ལ་མི་མཐུན་པར་སྟོན་པའི་ནུས་པ་དེ་བས་ཀྱང་མེད་དོ། །གཞན་ཡང་མི་འཐད་པ་དུ་མ་ཞིག་སྣང་ཡང་དགག་པའི་སྤྲོས་པ་མ་བྱས་ལ། སྨྲ་སྒོ་རྩ་འགྲེལ་དང་སྨྲ་བ་ཀུན་ལ་འཇུག་པའི་སྒྲའི་བསྟན་བཅོས་རྩ་འགྲེལ་འདི་རྣམས་ལའང་མི་འཐད་པ་ཤིན་ཏུ་མང་ཞིང་མཁས་པ་གཞན་གྱིས་གནོད་བྱེད་བརྗོད་པ་གནད་དུ་སོང་བའང་མང་བར་སྣང་བས་འཕགས་ཡུལ་མཁས་པའི་ལེགས་བཤད་ནི་མིན་པར་ངེས་མོད། འོན་ཀྱང་སུམ་ཅུ་པའི་སྐབས་སུ་འགའ་ཞིག་དྲངས་པ་སོགས་གཞུང་འདིའི་དོན་དང་སྐབས་འགར་མཐུན་པའི་ལེགས་བཤད་མང་དག་ཀྱང་འདུག་པས་རྣམ་པ་ཀུན་ཏུ་འདོར་བྱ་ནི་མ་ཡིན་ནོ། །