༢་༡ སྐད་ཡིག་གི་བསླབ་གཞིའི་གཞི་རྩའི་ལམ་སྟོན།
༢༌༡་༡ སྐད་ཡིག་སློབ་སྦྱོང་གི་ཆོས་ཉིད།
ཀ) སྐད་ཡིག་ནི་སྒྲིག་གཞི་ཡོད་པའི་མ་ལག་ཅིག་ཡིན།
སྐད་ཡིག་ཞིབ་འཇུག་པ་ཚོས་སྐད་ཡིག་གི་གྲུབ་ཚུལ་སྐོར་ཚན་རིག་དང་མཐུན་པར་ཞིབ་འཇུག་བྱས་ཤིང། སྐད་ཡིག་ལས་བརྡ་སྤྲོད་རིག་པ་ཟུར་འདོན་གྱིས་དེའི་གྲུབ་ཚུལ་གྱི་ནང་གསེས་མ་ལག་མང་པོར་དབྱེ་ཡོད། སྒྲ་གདངས་ལྟ་བུ་ལ་མཚོན་ན་འཛམ་གླིང་འདིའི་སྐད་ཡིག་མང་ཆེ་བ་སྒྲའི་དབྱངས་རྟ་དང་སྒྲ་དྲག་ཞན་ལ་བརྟེན་ནས་སྒྲའི་འགྱུར་ཁུག་དང་སྙན་ལོས་སོགས་དབྱེ་བ་འབྱེད་པ་ཡིན། ཨིན་ཇི་ལྟ་བུར་མཚོན་ན་བརྗོད་པའི་སྒྲའི་མཐོ་དམན་གྱི་དབྱངས་རྟ་འཐེན་ཚུལ་བོད་སྐད་དང་མི་མཚུངས་ལ། བོད་སྐད་ལའང་སྙན་ངག་ཏུ་དཔའ་བའི་ཉམས་དང། དྲག་པོའི་ཉམས། སྙིང་རྗེའི་ཉམས་ལ་སོགས་བརྗོད་ཚིག་སྦྱོར་ཚུལ་གཞན་དང་མི་འདྲ་བར་ཡོད། དེ་བཞིན་སྐད་ཡིག་ལ་བྱེད་པ་པོའམ་མིང་དང། བྱ་ཚིག བྱ་བའི་ཡུལ་བཅས་བརྗོད་པའི་གོ་རིམ་སྒྲིག་ཚུལ་འདྲ་མིན་སྣ་ཚོགས་ཡོད། སྐད་ཡིག་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་གཤིས་ལ་སྣང་མེད་ཀྱིས་བེད་སྤྱོད་གཏོང་ཐལ་བྱུང་ཚེ། མ་སྐད་དང་སྐད་ཡིག་གཉིས་པ་གཉིས་ཀར་དོ་ཕོག་གམ་གནོད་སྐྱོན་འབྱུང་ཞིང། སྤྱི་ཚོགས་ཁྲོད་སྐད་ཡིག་མ་དག་རྒྱུན་འབྱམས་ཡོང་བའི་གཞི་རྩ་གཙོ་བོ་ཞིག་སློབ་གྲྭའི་སྐད་ཡིག་སློབ་ཁྲིད་ལ་རག་ལས་ཡོད་པས། སྤྱི་ཚོགས་སྤྱི་དང་ཁྱད་པར་ཆགས་འཇིག་གི་སོ་མཚམས་སུ་ཡོད་པའི་བོད་མི་རིགས་ལ་གྱོང་གུད་ཚབས་ཆེན་འཕོག་གཞིར་སོང་དགེ་རྒན་དང་འབྲེལ་ཡོད་ཚང་མས་མཐོང་ཆེན་དང་ཐུགས་ཁུར་གནང་སྟེ། གཞི་རིམ་སློབ་མའི་སྐད་ཡིག་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དགེ་རྒན་གྱིས་སློབ་ཕྲུག་གི་སྐད་ཆ་བཤད་སྐབས་གཟབ་ནན་གྱིས་ཉན་ཏེ་སྐད་ཡིག་སོ་སོའི་གྲུབ་ཚུལ་དང་གོ་རིམ་གཤིབ་བསྡུར་གྱི་སྒོ་ནས་གསལ་སྟོན་གནང་དགོས་པ་མ༌ཟད། སྐད་ཡིག་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཁྲོད་གསལ་དག་སྙན་གསུམ་གྱི་སྤུས་ཚད་དམ་འཛིན་ཡོང་ཐབས་སླད་དམིགས་བསལ་ཐུགས་སྣང་གནང་དགོས།
ཁ) ཁ་སྐད་དང་ཡིག་སྐད།
སྐད་དང་ཡི་གེ་གཉིས་ནི། འགྲོ་བ་མིའི་བརྡ་སྦྱོར་གྱི་བརྒྱུད་ལམ་མམ་རྣམ་པ་མི་འདྲ་བ་གཉིས་ཡིན། མིའི་སྤྱི་ཚོགས་ཀྱི་འཕེལ་རིམ༌ཁྲོད་ཡི་གེ་ནི་སྐད་ལ་བརྟེན་ནས་བྱུང་ཞིང། སྤྱི་ཚོགས་ཀྱི་འཕེལ་འགྲོས་དབང་གིས་སྐད་དང་ཡི་གེ་གཉིས་ཀར་འཕོ་འགྱུར་འབྱུང་བཞིན་ཡོད༌པས། སྐད་ཡིག་གཉིས་ལས་གང་ཞིག་གཙོ་བོར་འཛིན་རྒྱུ་དང། གང་ཞིག་གང་གི་རྗེས་སུ་འབྲང་དགོས་མིན་ཐད་གནའ་དེང་གི་མཁས་པ༌རྣམས་ཀྱི་བཞེད་ཚུལ་མི་འདྲ་ཞིང། དེ་གཉིས་སོ་སོར་དགེ་སྐྱོན་གྱི་ཆ་མི་འདྲ་བ༌འབྱུང་བས་གདམ་ག་མ་ནོར་བ་བྱ་གལ་ཆེ། ཡི་གེ་སྐད་ཀྱི་རྗེས་སུ་འབྲངས་པ་ཨིན་ཇི་དང་རྒྱ་ཡིག་ལྟ་བུར། གནའ་བོའི་ཤུལ་བཞག་རིག་གནས་སྦྱོང་གོམས་ཐད་དཀའ་ངལ་འཕྲད་བཞིན་ཡོད་པ༌དང། སྐད་ཡི་གེའི་རྗེས་སུ་འབྲང་བ་བོད་ཡིག་ལྟ་བུར་མཚོན་ན། ལོ་ངོ་སྟོང་ཕྲག་རིང་གི་ཤུལ་བཞག་རིག་གནས་སྦྱོང་གོམས་ཐད་དཀའ་ངལ་དེ་ཙམ་མ་མཆིས་ཀྱང། ཁ་སྐད་དང་ཡིག་སྐད་ཀྱི་བར་ཐག་གང་ཙམ་ཆེན་པོ་ཡོད་པས་ཡི་གེ་བཀོལ་སྤྱོད་ཐད་དཀའ་ངལ་འཕྲད་བཞིན་ཡོད།
སྤྱིར་བཏང་ཡིག་སྐད་ཅེས་པ་བྲིས་རྩོམ་སྐད་ཡིག་ལ་ཟེར་ཞིང། དེ་ནི་བརྡ་དག་གི་སྒྲིག་ཁྲིམས་ཀྱི་རྒྱ་ལས་མ་བརྒལ་བར་ཞིབ་མོར་བརྟགས་ནས་བྲིས་པ་ཞིག་ཡིན་པས་དུས་ཡུན་རིང་པོར་ཉར་ཚགས་ཐུབ་པའི་དགེ་མཚན་ལྡན། ཁ་སྐད་དམ་ཁ་བཤད་སྐད་ཡིག་ནི། ཡུལ་དུས་གནས་སྟངས་ཀྱི་རྒྱུ་རྐྱེན་དབང་གིས་ (ཡིག་སྐད་དང་བསྡུར་ན་) དུས་ཡུན་ཐུང་ངུའི་ནང་འགྱུར་བའི་བདག་ཉིད་ཅན་ཞིག་ཡིན།
བོད་ནི་ས་རྒྱ་ཆེ་ཞིང་ལོ་རྒྱུས་ཡུན་རིང་ལྡན་པ། ས་གནས་སོ་སོའི་ཁོར་ཡུག་དང་དམིགས་བསལ་རང་བཞིན་ལ་བརྟེན་ནས་ཁ་སྐད་ཀྱི་རིགས་མང་དག་ཅིག་གྲུབ་ཡོད། འོན་ཀྱང། ཡིག་སྐད་དམ་བྲིས་རྩོམ་སྐད་ཡིག་ནི་གཅིག་གྱུར་ཡིན་པ་མ་ཟད། ལོ་ངོ་སྟོང་ལྷག་རིང་བརྒྱུད་འཛིན་དང་བདག་གཅེས་གང་ལེགས་བྱུང་ཡོད། བོད་ཀྱི་ཁ་སྐད་རྣམས་གཞི་རྒྱ་ཆེ་བའི་སྒོ་ནས་མདོ་དབུས་ཁམས་གསུམ་གྱི་སྐད་ལུགས་གསུམ་དུ་བསྡུས་ཆོག གོང་དུ་བརྗོད་པ་བཞིན། ཁ་སྐད་དང་ཡིག་སྐད་གཉིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཡིན་པར་བརྟེན། ཕྱོགས་གཅིག་ནས་ཁ་སྐད་ལས་བྱུང་བའི་མིང་བརྡ་དང། རྩོམ་རིག༌རིག་གནས་ཀྱི་ལེགས་ཆ་བསྡུ་ལེན་གྱིས༌ཡིག་སྐད་ཀྱི་ནང་དོན་དང། བཀོལ་སྤྱོད། ཁྱབ༌ཁོངས་བཅས་རྒྱ་བསྐྱེད་བྱེད་པ་དང་ཆབས་ཅིག ཡིག་སྐད་ལ་སློབ་སྦྱོང་དང་བཀོལ་སྤྱོད་ཀྱི་སྤུས་ཚད་གོང་མཐོར་བཏང་བ་བརྒྱུད་ཁ་སྐད་ལ་སྣེ་ཁྲིད་དང་གཞོགས་འདེགས་བྱ་དགོས།
གཞི་རིམ་སློབ་གྲྭའི་སྐད་ཡིག་གི་གནས་ཚད་གོང་མཐོར་གཏོང་དགོས་ན། ཐོག་མར་སློབ་མའི་རྒྱུན་སྤྱོད་སྐད་ཆའི་ནང་དོན་དང། ཁྱབ་ཚད། ཐ་སྙད༌ཀྱི་གྲངས་འབོར༌དང་དག་ཆ། གཏན་ཚིགས༌སོགས་ཕྱོགས་ཀུན་ནས་སློབ་སྦྱོང་བྱ་དགོས་པ་ལས། འཛིན་གྲྭའི་ནང་ཡི་གེ་འབྲི་ཀློག་ཁོ་ན་ཙམ་ལ་མགོ་འཁོར་ནས་སྡོད་མི་རུང། རྒྱུན་སྤྱོད་སྐད་ཆར་རྒྱུས་ལོན་བྱེད་སྐབས་ཡུལ་ལུང་དང། ལོ་ན། ལས་རིགས། ཁོར་ཡུག་སོགས་མི་འདྲ་བའི་མི་རྣམས་ལ་རྒྱུས་ལོན་དང་འབྲེལ་འདྲིས་ཀྱི་གོ་སྐབས་བརྩོན་ལེན་བྱས་ཚེ། ད་གཟོད་རྒྱ་ཆེ་གཏིང་ཟབ་པའི་སྐད་ཆའི་སྒྱུ་རྩལ་ལ་རྒྱུས་ལོན་གཏིང་ཟབ་བྱ་ཐུབ། དེར་བརྟེན། རང་རེའི་གཞི་རིམ་སློབ་གྲྭའི་སྐད་ཡིག་སློབ་ཁྲིད་སྐབས་གོང་གསལ་གལ་གནད་ཁག་དམ་འཛིན་བྱ་དགོས།
ག) སྐད་ཡིག༌དང་རྩོམ་རིག མཛེས་དཔྱོད་ཀྱི་ལྟ་བ།
གཞི་རིམ་སློབ་མའི་རྒྱུན་སྤྱོད་སྐད་ཡིག་གི་འཇོན་རྩལ་གོང་སྤེལ་ཆེད་བཤད་ཉན་འབྲི་ཀློག་བཞི་པོ་སོ་སོའི་གལ་གནད་དམ་འཛིན་གྱིས་དམིགས་བསལ་སྦྱོང་བརྡར་བྱ་དགོས༌པ་མ་ཟད། གཞི་རྩའི་ནུས་རྩལ༌བཞི་པོ་ལས་གཞན་པའི་སྒྱུ་རྩལ་གྱི་གྲུབ་ཆ་སྟེ་དཔེར་ན། སྙན་ངག་དང། ལྷུག་མ། ཟློས་གར་སོགས་སྒྱུ་རྩལ་རྩོམ་རིག་གི་གོ་རྟོགས་ཡར་རྒྱས་བཏང་སྟེ། རང་ཉིད་ཀྱི་མི་ཚེ༌དང་ཁོར་ཡུག་ཁྲོད་མཛེས་དཔྱོད་ཀྱི་ཚོར་ཤེས་བསྐྱེད་བསྲིང་བྱས་ན། སྐད་ཡིག་བཀོལ་སྤྱོད་ཀྱི་གོ་རྟོགས་དང་ནུས་རྩལ་སྔར་ལས་ཞིབ་ཚགས་དང་གཏིང་ཟབ་ཏུ་འགྲོ་བ་ཡིན། དེ་ཡང་མཚར་གཏམ་དང། ཚིག་རྒྱག། སྒྲུང་གཏམ། དགོད་བྲོའི་གཏམ་གླེང། ལེགས་བཤད། མགུར་གླུ། དམངས་གཞས་སོགས་རྩོམ་རིག་གི་གྲུབ་ཆ་སོ་སོར་ཟབ་འཇུག་བྱས་པ་བརྒྱུད། རྩོམ་རིག་དང་མཛེས་དཔྱོད་རིག་པ༌གཉིས་ཀྱི་འབྲེལ་བ་དམ་ཟབ་ཏུ་བཏང་བ་དེས་སློབ་ཕྲུག་ཚོར་མི་ཚེའི་དོན་སྙིང་དང་། ལེགས་ཉེས། སྤྲོ་སྣང། མཛེས་དཔྱོད་བཅས་ཀྱི་འདུ་ཤེས་བསྐྱེད་དེ་འཚོ་བར་དགའ་སྣང་དང་མི་ཚེ་ལ་གཅེས་སྤྲས་བྱེད་པར་ཕན་ཐོགས་ཆེན་པོ་ཡོད།
ང) སྐད་ཡིག་དང་སྤྱི་ཚོགས།
སྐད་ཡིག་ནི་མིའི་རིགས་ཀྱི་རིག་གཞུང་རྒྱུན་འཛིན་གྱི་ཡོ་བྱད་དང་སྤྱི་ཚོགས་ཡར་རྒྱས་ཀྱི་མངོན་རྟགས་ཤིག་ཡིན༌པས། དེ་སྤྱི་ཚོགས་དང་ཁ་འབྲལ་མི་ཐུབ། སྐད་ཡིག་བྱང་ཆུབ་པ་ཞིག་མེད་ཚེ་ཕན་ཚུན་འབྲེལ་འདྲིས་དང། བསམ་ཚུལ་བརྗེ་རེས་ཀྱི་ལག་ཆ་མེད་པས། མིའི་སྤྱི་ཚོགས་ཡར་རྒྱས་འབྱུང་མི་ཐུབ།
ཕྲུ་གུ་རྣམས་ལ་སྐད་ཆའི་སྨྲ་བརྗོད་ཀྱི་ནུས་པ་དེ་ལྷན་སྐྱེས་སུ་ཡོད་པ་ལྟ་བུ་ཞིག་ཏུ་སྣང་རུང། དོན་དངོས་ཐོག་སྐད་ཆ་ནི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་དང་ཆབ་སྲིད་ཀྱི་བརྒྱུད་རིམ་ཁྲོད་བྱུང་། ཕྲུ་གུས་གནས་གང་ཞིག་ཏུ་གང་ཟག་སུ་ལ་སྐད་ཆ་གང་ཞིག་བརྗོད་མིན་ཡང། ཕྲུ་གུ་འཚར་ལོངས་འབྱུང་སའི་སྤྱི་ཚོགས་ཁོར་ཡུག་གི་ཤུགས་རྐྱེན་ལ་བརྟེན་ནས་བྱུང། དཔེར་ན། ལོ་ན་མི་འདྲ་བའི་མི་རྣམས་ཀྱི་སྐད་ཆའི་ཁྱད་ཆོས་ཀྱང་མི་འདྲ་བ་ལྟ་བུའོ། །གཞི་རིམ་སློབ་གྲྭའི་སྐད་ཡིག་བསླབ་གཞི་དེ་ཡང་སྤྱི་ཚོགས་ཀྱི་དགོས་མཁོ་དང་གནས་སྟངས་ལ་བསྟུན་ནས་དུས་ནས་དུས་སུ་སྙོམས་སྒྲིག་དང་བསྐྱར་བཅོས་བྱ་དགོས།
ཅ) སྐད་ཡིག་ཁྲིད་སྦྱོང་གི་དམིགས་ཚད།
ཕྲུ་གུ་རྣམས་སློབ་གྲྭར་མ་ཡོང་སྔོན་ནས་ཁྱིམ་ཚང་དུ་སྐད་ཆའི་གཞི་རྩའི་མ་ལག་གྲུབ་ཡོད་པས། སློབ་གྲྭའི་སྐད་ཡིག་བསླབ་གཞིའི་ཁྲོད་སྐད་ཡིག་སློབ་སྦྱོང་གི་ནང་དོན་དང་དམིགས་ཚད་ཁ་གསལ་བཀོད་སྒྲིག་བྱ༌དགོས། དམིགས་ཚད་གལ་ཆེ་ཤོས་ཤིག་ནི། སློབ་ཕྲུག་ཚོར་གོ་དོན་རྟོགས་པའི་སྒོ་ནས་འབྲི་ཀློག་བྱེད་པའི་ནུས་རྩལ་བསྐྱེད་བསྲིང་བྱས་ཏེ། ཁོ་ཚོ་རང་ངོས་ནས་སློབ་སྦྱོང་བྱེད་མཁན་ཞིག་ཏུ་འགྱུར་བར་མཐུན་འགྱུར་བྱ་རྒྱུ་དེ་ཡིན།
སྐད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་དང་སློབ་སྦྱོང་གི་རྒྱུ་ཆ་སྣ་ཚོགས་ཡོད་པ་གང་ཞིག་སྤྱད་ན་ཡང། སྐད་ཡིག་སློབ་ཁྲིད་ཀྱི་ཚོགས་ཐུན༌ནི་ཉོབ་སྣང་ལྡན་པ་ཞིག་ཡིན༌པས། སློབ་ཕྲུག་ཚོར་སྔོན་ཚུད་ནས་སྐད་ཡིག་གི་རྨང་གཞི་ཡོད་པ་དེ་ཡར་རྒྱས་མངོན་གསལ་དོད་པོ་ཞིག་ཡོང་གི་མེད། བོད་ཡིག་ལྟ་བུར་མཚོན་ནའང་དགེ་རྒན་གྱིི་སློབ་ཁྲིད་ཐབས་ལམ་ཚད་ལྡན་བྱུང་མིན་དང། སློབ་ཁྲིད་ཀྱི་རྒྱུ་ཆ་འདང་ངེས་ཡོད་མེད། བསླབ་གཞི་གང་སྤྱོད་པ་དེ་དག་ཀྱང་གནད་ལ་ཁེལ་བར་བེད་སྤྱོད་གཏོང་ཐུབ་མིན་བཅས་ཀྱིས། སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་དུ་སྦྱངས་ནའང་འདོད་བློ་ཁེངས་པའི་གྲུབ་འབྲས་ཤིག་མཐོང་མི་ཐུབ། དེའི་རྒྱུ་མཚན་ལ་ལྟ་སྟངས་མི་འདྲ་བ་གཙོ་བོ་གཉིས་ཡོད། གཅིག་ནི་དགེ་རྒན་རང་ཉིད་གཅིག་པུའི་ཉམས་མྱོང་དང་སྔར་སྲོལ་གཞིར་བཞག་གིས་སློབ་ཁྲིད་བྱེད་སྟངས་ཐལ་དྲགས་པས་དེང་གི་སློབ་མའི་བསམ་སྤྱོད་དང་མི་འཚམས་པ་ཡིན། གཉིས་པ་ནི་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་དེ་རྒྱ་ཡིག་དང་ཨིན་ཡིག་ལྟ་བུའི་སྐད་ཡིག་གཉིས་པའི་སློབ་སྟངས་སྤྱོད་ཐལ་དྲགས་པར་བརྟེན་སྐད་ཡིག་རང་སྟེང་གི་གཤིས་ལུགས་ཤོར་ཏེ་སྤུས་ཚད་ལྡན་པ་ཞིག་ཡོང་གི་མེད། དོན་དངོས་ཐོག་གོང་གསལ་བཞེད་ཚུལ་གཉིས་ཀར་དོན་ལ་གནས་པའི་ཆ་ཡོད་པས། ཕྱོགས་གཅིག་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་སྐབས་དེང་རབས་ཀྱི་ཁྱད་ཆོས་དམ་འཛིན་བྱེད་པ་དང་ཆབས་ཅིག ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་བརྡ་དག་གི་ཁྲིད་ཐབས་གཙོ་བོར་བཟུང་བའི་ཐོག་རྣམ་པ་གསར་པའི་ཁྲིད་ཐབས་སྤྱོད་རྒྱུ་ཡང་ཧ་ཅང་གལ།
༢༌༡་༢ སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཚད།
ཨིན་ཇིའི་སློབ་ཚུལ་ལ་ཀུ༌མིན (Cumins) དང་སི་ཝན་ (Swain) གཉིས་ཀྱིས་བརྩམས་པའི་སྐད་གཉིས་སློབ་གསོ༌ (Bilingualism in Education, Longman, London, 1986) ཞེས་པར༌སྐད་ཡིག་གི་བྱང་རྩལ་ནི། མི་ཕན་ཚུན་དབར་འབྲེལ་བ་བྱེད་པའི་གཞི་རྩའི་སྐད་ཡིག་གི་བྱང་རྩལ་ (BICS) དང་། རྟོག་ཤེས་རང་བཞིན་ཅན་གྱི་མཐོ་རིམ་སྐད་ཡིག་གི་བྱང་རྩལ་ (CALP) བཅས་རྩ་བའི་སྡེ་ཚན་གཉིས་སུ་ཕྱེ་ཡོད། དེ་གཉིས་ལས་སྔ་མ་ནི་རྟོག་ཤེས་རིམ་པའི་དགོས་མཁོ་མི་དགོས་པར་དུས་རྒྱུན་གྱི་གནས་བབ་ཁྲོད་ལག་ལེན་བྱེད་པའི་བྱང་རྩལ་ཡིན་ལ། ཕྱི་མ་ནི་གནས་བབ་ལ་མི་ལྟོས་ཤིང་རྟོག་ཤེས་ཀྱི་དགོས་མཁོ་ཡོད་པའི་སྐབས་སུ་སྤྱོད་པའི་བྱང་རྩལ་སྐོར་ཡིན། དཔེར་ན། སློབ་ཕྲུག་ཅིག་ལ་ཁོ་རང་ཆ་རྒྱུས་མེད་པའི་བརྗོད་གཞི་ཞིག་གི་སྟེང་དཔྱད་གཏམ་འབྲི་བཅུག་པའམ། ཡང་ན་གསར་ཤོག་ནང་གི་རྩོམ་སྒྲིག་པའི་གཏམ་ཞིག་བཀླགས་ཏེ་རང་ཉིད་ཀྱི་ལྟ་ཚུལ་འབྲི་འཇུག་པ་ལྟ་བུ་ནི་གནས་བབ་ལ་མི་ལྟོས་པའི་རྟོག་ཤེས་ཀྱི་དགོས་མཁོ་ཡོད་པའི་བྱང་རྩལ་གྱི་སྦྱོང་བརྡར་ཡིན། དེ་བཞིན་སྐད་ཡིག་གཅིག་ནས་གཞན་དུ་བསྒྱུར་བའང་འདིའི་ཁོངས་སུ་བསྡུས་ཆོག
སློབ་ཕྲུག་རྣམས་གཞི་རིམ་སློབ་གྲྭ་མཐར་ཕྱིན་སྐབས། ངེས་པར་དུ་སྐད་ཡིག་གཉིས་ལ་རྟོག་ཤེས་རང་བཞིན་ཅན་གྱི་མཐོ་རིམ་སྐད་ཡིག་གི་བྱང་རྩལ་ལྡན་པ་དང། སྐད་ཡིག་གསུམ་པ་ཞིག་མི་ཕན་ཚུན་དབར་འབྲེལ་བ་བྱེད་པའི་གཞི་རྩའི་སྐད་ཡིག་གི་བྱང་རྩལ་ལྡན་པར་བྱ་དགོས།
སྤྱི་ཡོངས་སྐད་ཡིག་གི་དམིགས་ཚད་འགའ་ཞིག་ནི།
སྐད་ཆ་གང་ཐོས་པ་དེའི་སྤྱི་དང་བྱེ་བྲག་གི་གོ་དོན་རྒྱུས་ལོན་ཐུབ་པ།
གང་བཀླགས་པའི་ནང་དོན་ཤེས་པ་ཙམ་མ་ཡིན་པར་གོ་རྟོགས་ཐུབ་པ།
ཐོགས་པ་མེད་པའི་སྒོ་ནས་རང་ཉིད་ཀྱི་བསམ་ཚུལ་བརྗོད་ནུས་པ།
འབྲེལ་ཆགས་ཤིང་གཏན་ཚིགས་དང་མཐུན་པའིི་རྩོམ་ཡིག་ཐུང་ངུ་འབྲི་ཐུབ་པ།
གནས་སྟངས་སྣ་ཚོགས་དང་འཕྲད་སྐབས་འབྲི་ཀློག་བཤད་གསུམ་ལ་ཐོགས་པ་མེད་པ།
རྒྱུ་མཚན་ལྡན་པའི་སྒོ་ནས་སྐད་ཡིག་གི་གྲུབ་ཆ་ལ་དབྱེ་ཞིབ་བྱེད་ཐུབ་པ།
གསར་རྩོམ་གྱི་ནུས་པ་དང་འཆར་ཡན་གྱི་བསམ་བློའི་ཆུ་ཚད་ལྡན་པ།
འགན་ཁུར་ཡོད་པའི་རྩོམ་པ་པོ་ཆུང་ཆུང་ཞིག་གམ་གཏམ་བརྗོད་ལ་ཐོགས་པ་མེད་པའི་མི་འཇོན་ཐང་ཅན་ཞིག་ཏུ་འགྱུར་བར་བྱེད་པ་བཅས་ཡོང་བར་བྱེད་དགོས།
༢༌༡་༣ སྐད་ཡིག་སློབ་ཁྲིད་ཀྱི་རྩ་འཛིན།
ཀ) ལག་བསྟར་བྱེད་ཕྱོགས།
བསླབ་གཞིའི་རྩ་འཛིན་འདིས་སྐད་ཡིག་སློབ་ཁྲིད་དང་སློབ་སྦྱོང་གི་གཞི་རྩའི་ཆོས་ཉིད་དང། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་སྐད་ཡིག་སློབ་ཁྲིད་ཀྱི་གཞི་རྩའི་ལྟ་ཚུལ་ངོ་སྤྲོད་དང༌སྦྲགས། གཞི་རིམ་སློབ་གྲྭའི་སྐད་ཡིག་སློབ་ཁྲིད་ཀྱི་གཞི་རྩའི་ཁ་ཕྱོགས་དང། ཐབས་ལམ། གལ་གནད། དམིགས་ཚད་དང་བླང་བྱ་སོགས་གསལ་འདོན༌བྱས་པ་བརྒྱུད། སྐད་ཡིག་སློབ་ཁྲིད་ལ་གཞི་རྩའི་བླང་བྱའམ་ཉུང་མཐའི་རེ་འདུན་འདོན་སྤེལ་བྱས་ཡོད། བསླབ་གཞིའི་རྩ་འཛིན་འདི་ཉིད་ལ་བརྟེན་ནས་གཞི་རིམ་དགེ་རྒན་དང། སློབ་སྡེའི་འགན་འཛིན་གྱིས་གཙོས་པའི་སློབ་སྤྱི། དགེ་ཆེ༌སོགས་ཆེ་ཕྲ་ཡོངས་ཀྱིས་གཞི་རིམ་སློབ་གྲྭའི་སྐད་ཡིག་སློབ་ཁྲིད་ཀྱི་གཞི་རྩའི་དམིགས་ཡུལ་དང། ནང་དོན། ཐབས་ལམ། སློབ་ཚན་སྒྲོམ་གཞི་བཅས༌གང་ཅིའི་ཐད་རྩ་འཛིན་འདི་ཉིད་དང་མ་འགལ་བར་ལག་ལེན་དོན་འཁྱོལ་བྱ་དགོས།
ཁ) སློབ་སྟོན་བྱེད་ཕྱོགས།
འགྲོ་བ་མིའི་རིགས་ལ་སྨྲ་ཤེས་དོན་གོ་བའི་ཁྱད་ནུས་དེ་མ་བསྒྲིགས་རང་ཆས་སུ་ཡོད་པ་ཞིག་མ་ཡིན་པར། མིའི་འཚོ་གནས་ཀྱིི་བརྒྱུད་རིམ་དང་སྤྱི་ཚོགས་འཚོ་བའི་དགོས་མཁོ་ལ་བརྟེན་ནས་བྱུང་ཞིང། སྤྱི་ཚོགས་ཀྱི་འཕེལ་འགྲོས་ལྷན་ཡར་རྒྱས་དང་འཐུས་ཚང་དུ་འགྱུར་བ་ཡིན། སློབ་མའི་སྐད་ཡིག་གི་ནུས་རྩལ་ཡར་རྒྱས་གཏོང་སྐབས་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་སྣ་མང་དགོས་མཁོ་སྐོང་ཐུབ་པ་ཞིག་བྱ་དགོས། དེ་ཡང་དགེ་རྒན་གྱིས་འཛིན་གྲྭའི་ནང་འཆད་ཁྲིད་བྱ་རྒྱུ་ཁོ་ན་མ་ཡིན་པར། ཕུན་སུམ་ཚོགས་པའི་སྐད་ཡིག་དང་འབྲེལ་བའི་ཕ་རོལ་པོའི་རྣམ་འགྱུར་ལ་ལྟ་བ་དང་། ངག་ལ་ཉན་པ། དོན་ལ་བསམ་པ་ (བྱ་དངོས་སམ་གནད་དོན་འབྲེལ་མཐུད་དང་དབྱེ་ཞིབ་ལྟ་བུ།) རང་གི་བསམ་ཚུལ་ལེགས་པར་འབྲི་བ་བཅས་ཕྱོགས་ཡོངས་ནས་སྐད་ཡིག་གི་ནུས་རྩལ་དང་སྤུས་ཚད་ཡར་རྒྱས་གཏོང་དགོས།
ག) སྐད་ཡིག་གི་བྱེད་ནུས༌ལ་ཐུགས་སྣང་།
སྐད་ཡིག་ནི་འགྲོ་བ་མིའི་རིགས་ཕན་ཚུན་བསམ་བློ་བརྗེ་རེས་སམ་བརྡ་སྟོན་བྱེད་གཙོ་བོ་ཡིན་པ་མ་ཟད། མིའི་རིགས་ཀྱི་འཚོ་གནས་ལས་བྱུང་བའི་ཉམས་མྱོང་དང་ཤེས་ཡོན་གསོག་ཉར་དང་བརྒྱུད་སྤེལ་ལ་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཀྱང་ཡིན། སྐད་ཆ་དང་བསམ་བློ་གཉིས་ནི་རྟེན་བྱུང་གི་འབྲེལ་བ་ཡིན་ཞིང། སྐད་ཆ་ལ་དོན་སྟོན་པའི་ནུས་པ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་བསམ་བློའི་འགུལ་སྐྱོད་ལ་བརྟེན་ནས་གྲུབ། དེར་བརྟེན། སྐད་ཆ་ལ་ཕྱིའི་ངག་གི་སྐད་ཆ་དང། ནང་བསམ་པའི་སྐད་ཆ་སྟེ་རིགས་གཉིས་སུ་དབྱེ་ཆོག་ཅིང། གཞི་རིམ་སློབ་གྲྭའི་སྐད་ཡིག་སློབ་ཁྲིད་ཁྲོད་ཕྱིའི་ངག་ཐོག་གི་སྐད་ཆའི་སྒྲ་གདངས་དང། རྣམ་འགྱུར། བརྡ་སྤྲོད། སྒྱུ་རྩལ་བཅས་ཕྱིའི་སྐད་ཆ་ལ་ཐུགས་སྣང་གནང་དགོས་པ་མ༌ཟད། སྐད་ཆའི་རྣམ་རྟོག་དང། ནང་དོན། མཚམས་སྦྱོར། འཇིག་རྟེན་དང་མི་ཚེའི་ལྟ་གྲུབ་བཅས་ནང་གི་སྐད་ཆ་ལ་ཡང་དམིགས་བསལ་ཐུགས་སྣང་གནང་དགོས།
སྐད་ཡིག་གི་ནུས་པ་གཞན་ཞིག་ནི། སྐད་ཡིག་སྣ་ཚོགས་ལ་སྦྱོང་གོམས་བྱེད་པའམ་སྐད་ཡིག་སྣ་མང་མཉམ་དུ་གནས་པ་དེས་རྟོག་ཤེས་དང། སྤྱི་ཚོགས་ཀྱི་བྱ་དངོས་དང་བསམ་ཚུལ་སྣ་མང་ལ་བསམ་ཤེས་དང་བཟོད་སྒོམ། མཁས་པའི་བྱ་བ་རྣམ་གསུམ་བཅས་ཡར་རྒྱས་དང་གོང་འཕེལ་ཡོང་བར་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད། དེར་བརྟེན། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ནང་གཞི་རིམ་སློབ་གྲྭར་ཉུང་མཐར་སྐད་ཡིག་གསུམ་ལ་སྦྱོང་གོམས་བྱེད་པའི་བླང་བྱ་བཏོན་ཡོད།
ང) སྐད་ཡིག་གི་དམིགས་ཚད།
སྐད་ཡིག་ནི་རིག་པའི་གཞུང་ལུགས་གནས་སའི་རྟེན་གཞི་དང། རིག་གནས་མཐའ་དག་ལ་འཇུག་སྒོ་གཉིས་ཀ་ཡིན་ཞིང། མི་སྒེར་གྱི་འཚོ་གནས་དང་སྤྱི་ཚོགས་ཁོར་ཡུག་ལ་འབྲེལ་འདྲིས་ཀྱི་ཡོ་བྱད་གལ་ཆེན་ཞིག་དང། སྐྱེ་བོ་སྒེར་སོ་སོས་རང་ཉིད་ཀྱི་ལས་དོན་དང་། སྤྱི་ཚོགས་ཞབས་ཞུ་ལ་མེད་ཐབས་བྲལ་བའི་ཆ་རྐྱེན་ཞིག་ཡིན༌ཕྱིན། གཞི་རིམ་ཤེས་ཡོན་སྲིད་བྱུས་ནང། “གཞི་རིམ་གོང་མའི་འཛིན་གྲྭ་བཅུ་པ་ཐོན་སྐབས་རང་སྐད་ལས་གཞན་པའི་ཕྱི་རྒྱལ་གྱི་སྐད་ཡིག་གང་ཡང་རུང་བ་ཞིག་ལ་བྱང་ཆུབ་པ་དང༌། སྐད་ཡིག་གསུམ་པ་ཞིག་འབྲི་ཀློག་འཕེར་ངེས་བཅས་བསླབ་དགོས་པའི་སྐད་ཡིག་གསུམ་ལྡན་གྱི་སྲིད་བྱུས་འཛིན་རྒྱུ་དང༌། སྐད་ཡིག་གཉིས་པ། རྒྱ་དཀར་ནག་གི་སྐད་དང༌། དབྱིན་སྐད། ཨི་སི་པེ་ནི་ཤིའི་སྐད་བཞི་གང་རུང་ཞིག་གདམ་རྒྱུ་དང༌། མཐུན་རྐྱེན་འཛོམས་ན་འདམ་ག་མང་དུ་གཏོང་དགོས། གནས་སྐབས་སློབ་སྟོན་གྱི་བརྒྱུད་ལམ་ཆ་ཚང་བོད་སྐད་དུ་བསྒྱུར་མ་ཐུབ་པའི་བར། སྐད་ཡིག་གཉིས་པ་དབྱིན་སྐད་མི་གཟུང་མཐུ་མེད་ལ་བརྟེན་གོང་གསལ་སྐད་ཡིག་གཉིས་པའི་འདམ་གའི་སྲིད་བྱུས་ལག་བསྟར་མ་ཐུབ་ཀྱང༌། ཕུགས་དམིགས་དེ་འདྲ་ཞིག་ད་ལྟ་ནས་གཟུང་རྒྱུ། སྐད་ཡིག་གསུམ་པ་སློབ་གྲྭ་གང་དུ་ཡོད་པའི་ས་ཁུལ་དེའི་སྐད་ཡིག་སློབ་སྟོན་བྱ་རྒྱུ་དང༌། གནས་ཡུལ་ས་ཁུལ་གྱི་སྐད་ཡིག་བོད་སྐད་དམ། སྐད་ཡིག་གཉིས་པ་དེ་ཡིན་ན་དགོས་མཁོ་ཆེ་བའི་སྐད་ཡིག་གཞན་ཞིག་བསླབ་རྒྱུ།”ཞེས་གསལ་བ་བཞིན། གཞི་རིམ་གོང་མའི་འཛིན་རིམ་བཅུ་པ་མཐར་ཕྱིན་པའི་སྐབས་སུ་སྐད་ཡིག་དང་པོ་སྟེ་བོད་ཀྱི་སྐད་ཡིག་དང། སྐད་ཡིག་གཉིས་པ་ཨིན་ཇིའི་སྐད་ཡིག་གཉིས་ཀ་གཞི་རྩའི་ནུས་རྩལ་ལ་བྱང་ཆུབ་པའི་ཐོག ལག་ལེན་གྱི་གཞི་རྩ་བརྟན་པོ་ཞིག་བསྐྲུན་དགོས།
གཞི་རིམ་སློབ་གྲྭ་སྤྱི་དང་ཁྱད་པར་གཞི་རིམ་བར་མ་དང་གོང་མའི་སྐབས་སུ་སྐད་ཡིག་སློབ་སྦྱོང་ལ་ཉེ་བར་མཁོ་བའི་བརྡ་སྤྲོད་དང་རྩོམ་རིག དེ་དག་ལག་ལེན་དང་སྦྱོང་བརྡར་གྱི་ཁོར་ཡུག་དང་མཐུན་རྐྱེན་ཆེད་སྐྲུན༌བྱ་དགོས།
བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭའི་སྐད་ཡིག་སློབ་སྦྱོང་གི་ནང་། འགྲོ་བ་མིའི་རིགས་ཀྱི་འོས་འགན་སྤྱི་དང། ཡང་སྒོས་སྙིང་རྗེ་རྩ་བར་བཟུང་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་བླ་ན་མེད་པ་སྟེ། བོད་མིས་འཇིག་རྟེན་སྤྱི་ཡོངས་ལ་དཀྲི་བའི་འགན་ཁུར་སྒྲུབ་ཐུབ་པ་བྱ་རྒྱུ་དེ་ཡང་སློབ་སྦྱོང་དང་སློབ་ཚན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་གསར་འཇུག་བྱ་དགོས།
༢༌༡་༤ བོད་ཀྱི་སྐད་ཡིག
ཀ) སྐད་ཡིག་སློབ་ཚན།
བོད་ཀྱི་སྐད་ཡིག་ནི་བརྗོད་འདོད་ཀྱི་དོན་སྟོན་པའི་ནུས་པ་ཕུན་སུམ་ཚོགས་ཤིང། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཁྲོད་སྒྲ་དོན་ལ་འཕོ་འགྱུར་ཆེས་ཉུང་བ། ནང་པ༌སངས་རྒྱས་པའི་ལྟ་གྲུབ་ཀྱིས་དབུས་པའི་སྲོལ་རྒྱུན་རིག་གནས་རྒྱ་ཆེ་གཏིང་ཟབ་ཀྱི་གཞི་མར་གྱུར་པའི་ཕུལ་བྱུང་གི་སྐད་ཡིག་ཅིག་ཡིན། ལོ་རྒྱུས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་བོད་ཀྱི་སྐད་ཡིག་ལའང་ས་ཁུལ་མི་འདྲ་བར་སྐད་གདངས་དང་སྐད་གཤིས་མི་འདྲ་བ་དུ་མ་བྱུང་ཡོད་པ་དཔེར་ན། རྒྱ་ཆེ་ས་ནས་དབུས་སྐད་དང། ཨ་མདོའི་སྐད། ཁམས་སྐད་བཅས་དང། བྱེ་བྲག་དབུས་གཙང་དུའང༌གཙང་ཁུལ་དང། སྟོད་མངའ་རིས། དབུས་ཁུལ། ཧོར་རམ་བྱང་ཐང་བཅས་དང། ཁམས་ཕྱོགས་སུའང་ཆབ་མདོ་དང། དཀར་མཛེས། བདེ་ཆེན། རྫ་ཆུ་ཁ་སོགས་དང། ཨ་མདོའི་ནང་དུའང་མགོ་ལོག་དང། རྒྱལ་རོང། དཔའ་རིས་སོགས་ས་གནས་སམ་ཡུལ་ལུང་སོ་སོའི་སྨྲ་བརྗོད་བྱེད་ཚུལ་ལམ་སྐད་ལུགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ཀྱང་། བོད་ཀྱི་སྐད་ཡིག་ནི། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀུན་གྱི་རྟེན་གཞི་ཡིན་ཞིང། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར། བོད་ཡིག་ཐོག་བྲིས་པའི་བསྟན་བཅོས་གང་ཞིག་ཡིན་ཡང་སྟོད་ལ་དྭགས་ནས་སྨད་ཨ་མདོའི་བར་འབྲི་ཀློག་དོན་གསུམ་གཅིག་ཏུ་གནས་པ་དེ་ནི། འདས་པའི་ལོ་ངོ་སྟོང་ཕྲག་ལྷག་རིང་ཆོས་སྲིད་གང་ཅིར་ལག་ལེན་རྒྱ་ཆེར་བྱས་པ་ལས་བྱུུང་ངོ༌། །
ཕྲུ་གུའི་འཚར་ལོངས་དང་སྐད་ཡིག་སློབ་ཁྲིད་ཀྱི་ཆོས་ཉིད་ངོས་ནས་བལྟས་ཚེ། ཕྲུ་གུར༌མ་སྐད་ཀྱི་ཐོག་ནས་རིག་གཞུང་དང་འབྲེལ་བའི་འདུ་ཤེས་དང་ཤེས་ཡོན་གྱི་རྨང་གཞི་བརྟན་པོ་འཛུགས་རྒྱུ་དེ་ཕྲུ་གུའི་མི་ཚེ་ཧྲིལ་པོར༌འབྲེལ་བ་དམ་ཟབ་ཡོད༌པས། དེ་ལྟར་ཡོང་བ་ལ་སྐད་ཡིག་གཉིས་པ་གང་གིས་ཀྱང་མ་སྐད་ཀྱི་ཚབ་བྱེད་མི་ཐུབ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་སྔོན་འགྲོའི་གནས་སྐབས་ནས་བཟུང་མ་སྐད་སློབ་སྦྱོང་ཐོག་དམིགས་བསལ་ཤུགས་སྣོན་རྒྱག་དགོས།
གཞི་རིམ་སློབ་གྲྭ་སྤྱི་དང་ཁྱད་པར་གཞི་རིམ་བར་མ་དང་གོང་མའི་བསླབ་གཞིའི་ནང་སྐད་ཡིག་སློབ་སྦྱོང་ལ་ཉེ་བར་མཁོ་བའི་བརྡ་སྤྲོད་དང་རྩོམ་རིག དེ་དག་ལག་ལེན་དང་སྦྱོང་བརྡར་གྱི་ཁོར་ཡུག་དང་མཐུན་རྐྱེན་ཆེད་སྐྲུན༌བྱས་ཏེ། བོད་ཀྱི་སྐད་ཡིག་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་བྱེད་པའི་རྨང་གཞི་སྲ་བརྟན་དང་གྲ་སྒྲིག་འཐུས་ཚང་བྱེད་པ་མ་ཟད། གཞི་རིམ་གོང་འོག་བར་གསུམ་གྱི་བསླབ་གཞིའི་ནང་བོད་ཀྱི་སྐད་ཡིག་སློབ་ཚན་ངེས་སྦྱོང་སློབ་ཚན་ཁོངས་སུ་འཇོག་དགོས།
ད་ལྟའི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་སྲིད་བྱུས་འོག རྒྱ་གར་ནང་ཡོད་ཧི་མ་ལ་ཡ་སྤྱི་ཡོངས་ཀྱི་གནས་ཚུལ་ལ་འཚམས་ཐབས་གཙོར་འཛིན་བྱེད་པ་ལས། བཙན་བྱོལ་བོད་མིའི་བོད་ཡིག་སློབ་སྦྱོང་གི་དགོས་མཁོ་ལ་འཚམས་མིན་ཅི་རིགས་ཡོང་གི་ཡོད་པས། སློབ་ཚན་གཏན་འབེབས་དང་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གནས་ཚད་གང་ཅིར་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་དགོས་མཁོ་དང་འཚམས་པ་གཏན་འབེབས་ཡོང་ཐབས་སླད། ཤེས་རིག་ལས་ཁུངས་ནས་ཤུགས་སྣོན་གང་ཐུབ་གནང་རྒྱུ་དང། འབྲེལ་ཡོད་བོད་དགེ་རྣམ་ཀྱིས་དམ་དོན་ཆེ་བཞེས་གནང་གལ།