བརྙན་འཕྲིན་བལྟ་བ། ཟས་བཟའ་བ། མཚམས་ཆད་པ། སུན་སྣང་སྐྱེས་པ། སྒོར་མོ་བསྡུ་བ། གློག་བརྙན་སྟོན་པ། ཆོག་མཆན་ཐོབ་པ། ལམ་ཁ་བཀག་པ། ཁ་ཕྱིར་འཁོར་བ།
ང་ཚོའི་ནང་དུ་བརྙན་འཕྲིན་ལ་བལྟ་རུ་ཡོང་མཁན་མང་ནས་མང་དུ་ཕྱིན་པ་དང་། ང་ཚོ་ནང་མི་ཚང་མ་སྔར་ལྟར་ཟས་ཞིམ་པོ་བཟའ་བའི་སྐལ་བ་ཡང་མི་འདུག དང་ཐོག་ང་ནི་མི་དེ་འདྲ་མང་པོ་ཞིག་ང་ཚོའི་ནང་དུ་འཛོམས་པ་དེར་སྤྲོ་སྣང་གིས་ཁེངས་སོང་མོད། བརྙན་འཕྲིན་ལ་ལྟ་མཁན་མཚམས་མི་ཆད་པས་ང་ལ་རིམ་བཞིན་སུན་སྣང་སྐྱེས་བྱུང་། དེ་བས་ཉིན་ཞིག་ངས་ཕ་རྒན་ལ་ཁྲོམ་དུ་གློག་བརྙན་སྟོན་མཁན་གྱིས་སྒོར་མོ་བསྡུ་བ་མ་ཡིན་ནམ། ང་ཚོས་ཀྱང་བརྙན་འཕྲིན་ལ་ལྟ་མཁན་ཚོར་སྒོར་མོ་བསྡུས་ན་ག་འདྲ་འདུག་གམ་ཞེས་བཤད། དེ་ལ་ངའི་ཕ་རྒན་གྱིས་ཅི་ཡང་བཤད་མ་བྱུང་། ང་ཚོའི་ནང་མི་ཚང་མ་ང་ལྟར་ཟམ་མི་ཆད་པར་ཡོང་བའི་མ་བོས་མགྲོན་པོ་དེ་དག་ལ་སུན་སྣང་གིས་ཁེངས་ཡོད་ངེས། ཕ་རྒན་གྱིས་འགྲིག་མིན་གྱི་སྐད་ཆ་ཅི་ཡང་མི་བཤད་པ་ནི་ང་ལ་མཚོན་ན་ཆོག་མཆན་ཐོབ་པའི་བརྡ་ཞིག་ཏུ་གྱུར། དེ་བས་ཉི་མ་དེ་ནས་བཟུང་ང་དང་གཅེན་མོ་གཉིས་ང་ཚོའི་ཕྱི་སྒོ་རུ་རྐུབ་སྟེགས་ཤིག་བཞག་པ་དང་། ང་དེའི་སྟེང་དུ་བསྡད་ནས་རྐང་པ་སྒོའི་འགྲམ་སྐྱོར་ལ་གཏད་ནས་ནང་དུ་འགྲོ་བའི་ལམ་ཁ་བཀག་པ་ཡིན། གློག་བརྙན་ལྟ་མཁན་སླེབས་ཚེ་སྒོར་མོ་བསྡུས་རྗེས་རྐང་པ་ཚུར་བླངས་ཏེ་ནང་དུ་གཏོང་དགོས་སྙམ། བརྙན་འཕྲིན་ལ་བལྟ་རུ་ཡོང་མཁན་གྱིས་ངས་དེ་ལྟར་སྒོར་མོ་བསྡུ་བ་མཐོང་དུས་ཅི་ཡིན་གྱི་ཧ་གོ་སོང་བ་ལྟར་ཁ་ཕྱིར་འཁོར་ནས་ལོག་སོང་། གང་ལྟར་ཀྱང་ངས་སྒོར་བསྡུས་པ་ནས་བཟུང་། ང་ཚོའི་ནང་དུ་བརྙན་འཕྲིན་ལ་བལྟ་རུ་ཡོང་མཁན་ཇེ་ཉུང་དུ་གྱུར་ཅིང་། ང་ཚོའི་འཚོ་བ་རྒྱུན་ལྡན་དུ་གྱུར་སོང་།
 
མཆན་འགྲེལ།
སྐལ་བ། བགོ་བཤའ་བྱས་ནས་ཐོབ་པའི་ཆ་ཤས། སྤྲོ་སྣང་། སེམས་སྐྱིད་པའི་སྣང་བ། མཚམས། བར། སུན་སྣང་། སེམས་མི་དགའ་བའི་སྣང་བ། ཟམ། རྒྱུན། བོས། སྐད་གཏོང་བ། ཆོག་མཆན། འོག་རིམ་ནས་རེ་འདུན་ཞུས་པ་གོང་རིམ་ནས་ཁས་བླངས་པ། བརྡ། གོ་བྱེད། ཁ་བཀག་པ། འགྲོ་མ་བཅུག་པ། ཇེ་ཉུང་། ཉུང་ནས་ཉུང་དུ། རྒྱུན་ལྡན། དུས་རྒྱུན།