སློབ་ཕྲུག་ལ་ནང་ལས་སྐུལ་སྟངས།
སྐལ་ལྡན།
བོད་དགེ། སེ་ལ་ཀུའི་བོད་ཁྱིམ།
གོ་དོན།
ནང་སྦྱོང་ཟེར་བ་ནི། ཉིན་རེའི་འཛིན་གྲྭའི་ཚོགས་ཐུན་གྱི་དུས་ཡུན་ལས་འགལ་ཏེ། དུས་ཚོད་ངེས་ཅན་ཞིག་གི་ནང་སློབ་ཕྲུག་ཚོས་ཀློག་རྩལ་དང་། འབྲི་རྩལ། ཉན་རྩལ། དེ་བཞིན་འཆད་རྩལ་སོགས་ཡར་རྒྱས་གཏོང་ཐབས་དང་སྐྱར་སྦྱོང་བྱེད་པའི་བྱེད་སྒོ་ལ་ཟེར།
སྤྱིའི་དམིགས་ཡུལ།
སྤྱིར་ནང་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི། འཛིན་གྲྭའི་ནང་བསླབས་ཟིན་པའི་སློབ་ཚན་སྐྱར་སྦྱོང་བྱེད་པའི་གོ་སྐབས་དང་། འཛིན་གྲྭའི་ནང་བསླབས་ཟིན་པའི་སློབ་ཚན་ལས་གཞི་རྒྱ་ཆེ་ལ་གཏིང་ཟབ་པའི་གནད་དོན་གོ་རྟོགས་ཡོང་བ། སློབ་སྦྱོང་བྱེད་སྐབས་དུས་ཚོད་སྟངས་འཛིན་དང་སྦྱོང་ཐབས་ཀྱི་རྩལ་ནུས་རྒྱས་པ། སློབ་ཚན་གསར་པ་སྦྱོང་བའི་སྟ་གོན་བྱེད་ཐུབ་པ་སོགས་ཀྱི་ཆེད་དུ་ཡིིན་པ་རེད།
ནང་སྦྱོང་བཀོད་སྒྲིག་བྱེད་ཐབས།
གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་ནང་སྦྱོང་བཀོད་སྒྲིག་བྱེད་ཐབས་ལེགས་ཤོས་འདི་རེད་ཅེས་ཁ་མཚོན་གཅོད་ཐབས་བྲལ་ཡང་། ཕན་ནུས་ཆེ་ལ་ནུས་པ་ལྡན་པའི་ནང་སྦྱོང་བཀོད་སྒྲིག་བྱེད་པར་གཤམ་གསལ་ཐབས་ལམ་དང་རྒྱུད་རིམ་རྣམས་ཚུལ་བཞིན་བསྟེན་ཐུབ་ན་ཧ་ཅང་ཕན་ཐོག་ཆེ།
དམིགས་ཡུལ་ཁ་གསལ།
ལས་དོན་གང་འདྲ་ཞིག་ཡིན་རུང་དམིགས་ཡུལ་དང་དགོས་པ་ཁ་གསལ་ཆགས་ན། ལས་དོན་དེའི་གྲུབ་འབྲས་སྨིན་པའི་མྱུར་ཚད་དང་སྤུས་ཚད་གང་ཅིར་ཁྱད་པར་ཆེན་པོ་ཡོད། དགེ་རྒན་གྱིས་སློབ་ཕྲུུག་ལ་ནང་སྦྱོང་བཀོད་སྒྲིག་བྱེད་སྐབས་ཀྱང་། དང་ཐོག་ནང་སྦྱོང་དེའི་གལ་གནད་ཀྱིི་རང་བཞིན་དང་། བསླབ་གཞིའི་སློབ་ཚན་དང་ཐད་ཀར་འབྲེལ་བ་ཡོད་ཚུལ། བྱ་སྤྱོད་དངོས་ལ་ཕན་ཐོགས་ཡོད་ཚུལ་སོགས་ཀྱི་དགོས་དམིགས་ཁ་གསལ་འགྲེལ་བརྗོད་བྱེད་ཐུབ་ན་ཧ་ཅང་ལེགས། དཔེར་ན། བརྡ་སྤྲོད་ཀྱི་སློབ་ཚན་ལས། ལ་དོན་གྱི་སྒྲ་སྦྱོར་དང་དོན་སྦྱོར་གྱི་སློབ་ཚན་དང་འབྲེལ་བའི་ནང་སྦྱོང་བཀོད་སྒྲིག་བྱས་པའི་དབང་དུ་བཏང་ན། རྗེས་འཇུག་གང་ཞིག་གི་རྗེས་སུ་ཕྲད་གང་ཞིག་འཇུག་པ་དང་། དེ་ལྟར་འཇུག་ཚུལ་གྱི་དཔེར་བརྗོད་རེ་གཉིས་འབྲི་སྟངས་ཤེས་པ་ཙམ་གྱིས་མི་ཆོག་པར། སྒྲ་དོན་གཉིས་ཀྱི་སྦྱོར་ཚུལ་ཤེས་པ་ལ་བརྟེན་ནས་རྩོམ་ཡིག་འབྲི་བ་དང་། རྒྱུན་གཏན་ཡིག་རིགས་འབྲི་བ། ཡིག་འབྲེལ་བྱེད་པ་སོགས་ཀྱི་སྐབས། ཕྲད་དང་རྣམ་དབྱེ་བཀོལ་སྤྱོད་ཚུལ་བཞིན་བྱེད་ཐུབ་པའི་དགེ་མཚན་ཡོད་ལུགས་དཔེ་མཚོན་དང་འབྲེལ་གསལ་བརྗོད་ཐུབ་པ་དང་། དེ་ལྟར་དམིགས་ཡུལ་ཁ་གསལ་འགྲེལ་ཐུབ་ན་སློབ་ཕྲུག་གིས་འབད་བརྩོན་ཆེ་བ་བྱེད་པ་མ་ཟད་ནང་སྦྱོང་སྤུས་ཚད་ལྡན་པ་ཡོང་ངེས་ཡིན།
དངོས་དོན་དང་འབྲེལ་བ།
ནང་སྦྱོང་ཇི་འདྲ་ཞིག་བཀོད་སྒྲིག་བྱས་ཀྱང་། གང་ཐུབ་ཅི་ཐུབ་ཀྱིས་ནང་སྦྱོང་དེ་དོན་དངོས་ཀྱི་བྱ་སྤྱོད་དང་འབྲེལ་བ་ཡོད་པ་ཞིག་དང་། སྤྱི་སྒེར་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ཚུལ་ཁ་གསལ་ར་སྤྲོད་བྱས་ན། སློབ་ཕྲུག་གི་དང་བ་འདྲེན་པའི་ཁྱད་པར་ཆེན་པོ་ཡོད། དགེ་རྒན་གྱིས་ནང་སྦྱོང་དེ་དག་ངེས་པར་དོན་དངོས་དང་མཚམས་སྦྱོར་བྱེད་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དཔེར་ན། ལས་དོན་གྱི་སྙན་ཞུ་འབྲི་སྟངས་ཀྱི་ནང་སྦྱོང་བཀོད་སྒྲིག་བྱས་པའི་དབང་དུ་བཏང་ན། གཞུང་འབྲེལ་དང་ཚོགས་སྐྱིད་ཁག་ལ་རང་ཉིད་ཀྱི་ད་ཡོད་དཀའ་སྡུག་དང་རེ་འདུན་དངོས་འབྲི་བཀོད་ཀྱིས་སྙན་ཞུ་འབྲི་འཇུག་པ་དང་། ཡང་ན་ཕྱིས་འབྱུང་རང་ཉིད་མཐོ་སློབ་ཁག་ལ་སློབ་འཇུག་གི་སློབ་ཡོན་ཞུ་ཕྱོགས་ཀྱི་སྙན་ཞུ་འབྲི་བ་ལྟ་བུ། ལག་ལེན་དངོས་དང་འབྲེལ་བའི་ཐོག་ནང་སྦྱོང་བཀོད་སྒྲིག་བྱེད་ཐུབ་ན་ཧ་ཅང་ལེགས། སློབ་ཚན་གཞན་ཡང་དེ་བཞིན་དོན་དངོས་དང་མཚམས་སྦྱོར་ཐུབ་པ་དང་། བྱེད་སྒོའི་རང་བཞིན་ཅན་གྱི་ནང་སྦྱོང་བཀོད་སྒྲིག་གང་མང་བྱེད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད།
གོ་བརྡ་འཕྲོད་པོ་དགོས་པ།
སློབ་ཕྲུག་ལ་ནང་སྤྱོང་བཀོད་སྒྲིག་བྱེད་སྐབས་གོ་བརྡ་གསལ་པོ་འཕྲོད་པ་བྱེད་དགོས་པ་ལས། དོགས་པ་དང་སོམ་ཉིའི་གནས་སུ་ནམ་ཡང་ལྷུང་འཇུག་མི་རུང་། སློབ་ཕྲུག་ཚོས་སྒྲུབ་དགོས་པའི་ལས་དོན་གང་ཡིན་དང་། དགེ་རྒན་གྱི་རེ་བ་གང་ཡིན་ཁ་གསལ་གཏིང་གསལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ནང་སྦྱོང་གང་ཡིན་གསལ་པོ་མ་ཆགས་པ་དང་ཐེ་ཚོམ་གྱི་རང་བཞིན་ཅན་ནི་དགེ་རྒན་གྱི་ཞན་ཆ་ཆེས་ཆེ་བ་ཞིག་ཡིན་པས་ངེས་པར་ཡིད་གཟབ་དགོས་པ་ཞིག་ཡིན། ཚོགས་ཐུན་རྫོགས་མཚམས་སྐར་མ་རེ་ཟུང་ཞིག་གི་ནང་བྲེལ་ཚུབ་ཆེན་པོས་ནང་སྦྱོང་བཀོད་སྒྲིག་བྱེད་པ་དང་། ངག་ཐོག་ནས་བརྡ་ལན་སྤྲོད་པ་ཙམ་ལྟ་བུ་བྱས་ན་གོ་བརྡ་གསལ་པོ་སྤྲོད་མི་ཐུབ། གང་ལགས་ཟེར་ན། སྐབས་དེར་སློབ་ཕྲུག་རྣམས་བར་གསེང་དང་ངལ་གསོའོ་སྟ་གོན་ལ་ཕྱོགས་པ་ལས། དགེ་རྒན་གྱི་ལམ་སྟོན་ལ་ཚུན་བཞིན་ཉན་འཇོག་བྱེད་པའི་འདོད་པ་མེད། རང་སྦྱོང་གི་དུས་ཡུན་ནི་སློབ་ཕྲུག་རང་ངོས་ནས་རྩལ་ནུས་ཡོངས་རྫོགས་བཏོན་ནས་སློབ་སྦྱོང་བྱེད་པའི་དུས་ཚོད་བཟང་ཤོས་ཤིག་ཡིན་སྟབས། དགེ་རྒན་གྱིས་རང་སྦྱོང་གཏན་འབེབས་བྱེད་པར་ངེས་པར་འཆར་གཞི་ལྡན་པ་དང་གོ་རིམ་ལྡན་པ། གོ་བརྡ་འཕྲོད་པ་བཅས་དགོས་རྒྱུུ་ཧ་ཅང་གལ་ཆེན་པོ་ཡིན། གོ་བརྡ་འཕྲོད་པོ་ཞིག་མ་བྱུང་བར་རང་སྦྱོང་སྤུས་ཚད་ལྡན་པོ་ཞིག་ཡོང་བའི་རེ་བ་རྒྱག་ས་མེད། དེར་བརྟེན། ནང་སྦྱོང་བཀོད་སྒྲིག་བྱེད་སྐབས་དུས་ཚོད་སྐར་མ་བཅུ་ཙམ་གཏོང་དགོས་བྱུང་ཡང་། སློབ་ཕྲུག་ཚང་མས་མ་གོ་མ་ཐོས་པ་མེད་པ་བཟོ་དགོས་ལ། བྱེད་སྟངས་བྱེད་ལུགས་ཡིག་ངག་གཉིས་ནས་ཁ་གསལ་བཟོ་དགོས་པ་ཡིན།
ནང་སྦྱོང་གི་ཚད་གཞི།
སློབ་ཕྲུག་རྣམས་ཀྱིས་ཉིན་རེའི་སློབ་ཚན་མང་པོའི་ནང་སྦྱོང་བྱེད་དགོས་པ་དང་། གལ་ཆེའི་བྱེད་སྒོ་གཞན་ཡོད་པས། དགེ་རྒན་གྱིས་ནང་སྦྱོང་བཀོད་སྒྲིག་བྱེད་སྐབས། ནང་སྦྱོང་གི་ཚད་གཞི་དང་དུས་ཚོད་ལ་ངེས་པར་དུ་བསམ་གཞིགས་ནན་པོ་བྱེད་དགོས་པ་ཡིན། ནང་སྦྱོང་མང་དྲགས་ན་སློབ་ཕྲུག་ལ་སུན་སྣང་དང་སློབ་ཚན་ལ་སྤྲོ་སྣང་བརླག་འགྲོ་བའི་ཉེན་ཁ་ཆེ་བས། དགེ་རྒན་གྱིས་གཤམ་གསལ་ཐབས་ལམ་རྣམས་སྤྱོད་ཐུབ་ན་ཧ་ཅང་ལེགས།
༡) དགེ་རྒན་ནང་ཁུལ་གོ་བསྡུར། འཛིན་གྲྭའི་དགེ་རྒན་དང་འབྲེལ་ཡོད་སློབ་ཚན་དགེ་རྒན་རྣམས་ནང་སྦྱོང་སྤྲོད་ཕྱོགས་ཀྱི་ཐད་ཕན་ཚུན་གོ་བརྡ་འཕྲོད་པོ་དགོས་པ་དང་། རབ་བྱུང་ན་ནང་སྦྱོང་གི་ཚད་གཞི་དང་དུས་ཡུན་བཅས་ཀྱི་སྐོར་མ་མཐར་ཟླ་བ་གཅིག་རེའི་མཚམས་གོ་བསྡུར་བྱེད་ཐུབ་ན་དགེ་མཚན་ཆེ། སྤྱིར་གཏན་ཉིན་སློབ་གྲྭ་སོ་སོའི་སློབ་ཕྲུག་གི་ནང་སྦྱོང་དུས་ཡུན་ཅི་རིགས་ཡིན་པས། དེ་ལ་དཔག་པས་དགེ་རྒན་ཚོས་ནང་སྦྱོང་གི་དུས་ཡུན་དང་མང་ཉུང་གཏན་འབེབས་བྱེད་དགོས། སྐབས་རེ་དགེ་རྒན་ཚོས། རང་ཉིད་ཀྱི་སློབ་ཚན་ཁོ་ན་གལ་ཆེར་བརྩིས་ཏེ་ཉིན་ལྟར་ནང་སྦྱོང་ཕོན་ཆེ་སྤྲོད་ཀྱི་ཡོད། དེས་སློབ་ཚན་གཞན་རྣམས་ཀྱི་ནང་སྦྱོང་བྱེད་པར་དོ་ཕོག་ཧ་ཅང་ཆེན་པོ་འགྲོ་གི་ཡོད་ལ། སློབ་ཕྲུག་ལ་སུན་སྣང་སྦྱིན་གྱི་ཡོད། བྱས་ཙང་དགེ་རྒན་ཕན་ཚུན་གོ་བསྡུར་དང་བསམ་ཤེས་ཐོག་སློབ་ཕྲུག་ལ་ནང་སྦྱོང་བཀོད་སྒྲིག་བྱེད་རྒྱུ་གལ་ཆེན་པོ་ཡིན།
༢) ནང་སྦྱོང་ཐོ་འགོད་དེབ་ཆུང་། log book འཛིན་གྲྭ་རེ་རེའི་ནང་སློབ་ཚན་སོ་སོའི་ཉིན་རེའི་ནང་སྦྱོང་བཀོད་སྒྲིག་གང་བྱས་ཀྱི་ཐོ་འགོད་དེབ་ཆུང་རེ་ཉར་འཇོག་བྱེད་དགོས། དེའི་ནང་ནང་སྦྱོང་གི་དུས་ཡུན་དང་། ཟླ་ཚེས། ནང་སྦྱོང་གི་བརྗོད་གཞི་བཅས་མདོར་བསྡུས་བཀོད་ན་འགྲིག སློབ་ཚན་དགེ་རྒན་ཚོས་དེབ་ཆུང་དེའི་ནང་གི་དགེ་རྒན་གཞན་གྱི་ནང་སྦྱོང་གི་དུས་ཡུན་ལ་གཞིགས་ནས་བཀོད་སྒྲིག་བྱས་ཆོག་པ་ཡིན་ལ། ཉིན་རེའི་ནང་སྦྱོང་གི་དུས་ཚོད་སྔོན་ཚུད་ནས་གཏན་འབེབས་བྱས་པ་བཞིན་ཐོ་འགོད་བྱེད་ཆོག་པ་ཡིན། ནང་སྦྱོང་གི་ཐོ་འགོད་དེབ་ཆུང་ཉར་འཇོག་བྱས་པ་དེས་དགེ་སློབ་གཉིས་ཀར་དྲན་སྐུལ་གྱི་ལག་ཆ་གལ་ཆེ་ཞིག་ཆགས་ཀྱི་ཡོད།
ནང་སྦྱོང་ཐོ་འགོད་དེབ་ཆུང་གི་དཔེ་མཚོན་རིའུ་མིག
ལོ་རིམ་བཅུ་པ། ཀ
ཨང་། | ཟླ་ཚེས། | སློབ་ཚན། | ནང་ལས། | དུས་ཡོན། | མཆན། |
༡ | བོད་ཡིག | སང་ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་མོ་ཡིན་པས། རང་ཉིད་ཀྱི་མཐོང་ཐོས་དྲན་རིགས་ཀྱི་རྩོམ་ཡིག་ཡིག་འབྲུ་ ༢༠༠ ལས་མི་ཉུང་བ་ཞིག་བྲིས། | སྐར་མ། ༤༠ | ||
༢ | 9/03/24 | Social | Write the main factors responsible for soil formation | 10 min | |
༣ | 9/03/24 | Science | Attempt the questions of chapter No. 4 “Metals and Non-metals” | 40 min | |
༤ | 9/03/24 | Math | Revise chapter No. 3 | ||
༥ | 9/03/24 | English | Write an essay on “Tibetan Freedom Movement” Word limit 200 | 50 min | |
༦ | 9/03/24 | Computer | Write reflective on chapter No. 2 with your own words | 30 min |
༣) སློབ་ཕྲུག་ལ་འདྲི་རྟོག ནང་སྦྱོང་བཀོད་སྒྲིག་བྱེད་སྟངས་ཀྱི་རྣམ་པ་དང་། མང་ཉུང་། དུས་ཡུན་སོགས་སྐབས་དང་དུས་ལ་སློབ་ཕྲུག་རྣམས་དང་ལྷན་དུ་ཇི་དགའ་གོ་བསྡུར་བྱས་ཀྱང་ཆོག། ནང་སྦྱོང་ཇི་ལྟར་བཀོད་སྒྲིག་བྱས་ན་ལེགས་པ་དང་། དཀའ་ངལ་གང་ཡོད། དུས་ཡུན་རན་མིན་སོགས་སློབ་ཕྲུག་ཚོར་ཉམས་མྱོང་ཆེ་བ་ཡོད་སྟབས། སློབ་ཕྲུག་གི་བསམ་ཚུལ་ལ་ཆ་འཇོག་དང་འདོད་པར་བསམ་ཤེས་བྱེད་རྒྱུ་གལ་ཆེ། ནང་སྦྱོང་བྱེད་རྒྱུར་འདོད་བློ་མེད་པའི་སློབ་ཕྲུག་རེ་ཟུང་ཡོད་ན་མ་གཏོགས། སློབ་ཕྲུག་ཚང་མས་རང་ཉིད་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་དང་། ནང་སྦྱོང་བྱེད་སྟངས་ཀྱི་བསམ་ཚུལ་ལེགས་པོ་དེ་འདྲ་དགེ་རྒན་དང་ལྷན་དུ་གོ་བསྡུར་དགའ་པོའི་ངང་བྱེད་ཀྱི་རེད།
ནང་སྦྱོང་ཞིབ་འཇུག
དགེ་རྒན་གྱི་ལས་དོན་གལ་འགངས་ཆེ་ཤོས་ཤིག་ནི། སློབ་ཕྲུག་གི་ནང་སྦྱོང་བཅོས་སྒྲིག་བྱེད་རྒྱུ་དང་ལམ་སྟོན་བྱེད་རྒྱུ་དེ་རེད། ནང་སྦྱོང་བཀོད་སྒྲིག་བྱེད་སྐབས། དུས་ཚོད་གང་འདྲ་ཞིག་ལ་འགྲུབ་དགོས་མིན་དགེ་རྒན་གྱིས་སྔོན་ཚུད་ནས་ལམ་སྟོན་ཁ་གསལ་བྱེད་དགོས་པ་ཨ་ཅང་བརྗོད་མེད་ཡིན། ཉིན་རྗེས་མའི་ཚོགས་ཐུན་སྐབས་ཞིབ་འཇུག་བྱེད་རྒྱུའམ་ཡང་ན། གཏན་འབེབས་ཟིན་པའི་དུས་བཀག་གི་མཚམས་སུ་དགེ་རྒན་གྱིས་ཁ་བདེན་ཚིག་ལ་གནས་པའི་ཐོག་ནང་སྦྱོང་ལ་ཞིབ་འཇུག་བྱེད་དགོས། དགེ་རྒན་གྱིས་ནང་སྦྱོང་བཀོད་སྒྲིག་བྱས་ཟིན་པའི་རྗེས་ལ་དུས་ཐོག་ཏུ་ཞིབ་འཇུག་གི་རྒྱུད་རིམ་རྩ་འཛིན་མ་བྱས་ན། དེ་ནི་སློབ་ཕྲུག་གིས་ནང་སྦྱོང་ཚགས་ཚུད་མི་བྱེད་པའི་རྐྱེན་གཙོ་བོ་ཞིག་ཆགས་ཀྱི་ཡོད། དུས་བཀག་ཟིན་རྗེས་སློབ་ཕྲུག་གི་ནང་སྦྱོང་འཛིན་གྲྭའི་ནང་ཚིག་འབྲུ་རེ་རེ་བཞིན་བཅོས་སྒྲིག་བྱས་ཏེ་ལམ་སྟོན་བྱེད་པའི་དུས་ཚོད་མེད་ཀྱང་། སྐབས་དེར་སློབ་ཕྲུག་རེ་རེའི་མདུན་དུ་ཕྱིན་ནས་ནང་སྦྱོང་ལེགས་གྲུབ་བྱས་ཡོད་མེད་འཕྲལ་དུ་རོབ་ཙམ་རོབ་ཙམ་འདྲི་རྟོག་བྱེད་དགོས། དེས་རྒྱུན་དུ་ནང་སྦྱོང་དུས་ཐོག་ཏུ་བྱེད་པའི་སྐུལ་མ་གཏོང་ཐུབ་པ་ཡིན།
ནང་སྦྱོང་བཅོས་སྒྲིག
ནང་སྦྱོང་བཅོས་སྒྲིག་བྱེད་སྟངས་ལ། སློབ་ཕྲུག་ནང་ཁུལ་བཅོས་སྒྲིག་དང་། དགེ་རྒན་གྱིས་སློབ་ཕྲུག་རེ་རེ་བཞིན་བཅོས་སྒྲིག འཛིན་གྲྭའི་ནང་ཐུན་མོང་ཐོག་བཅོས་སྒྲིག་བྱེད་པ་སོགས་ཐབས་ལམ་མང་དག་ཅིག་ཡོད།
༡) སློབ་ཕྲུག་ནང་ཁུལ་བཅོས་སྒྲིག སློབ་ཕྲུག་ནང་ཁུལ་ནང་སྦྱོང་བཅོས་སྒྲིག་བྱེད་པའི་ཐབས་ལམ་དེ་སྟབས་བདེ་པོ་ཞིག་ཡོད། འོན་ཀྱང་དེ་ལ་དགེ་སྐྱོན་གཉིས་ཀ་ཡོད་པ་རེད། སློབ་ཕྲུག་ནང་ཁུལ་བཅོས་སྒྲིག་བྱེད་སྐབས་དགེ་རྒན་གྱིས་བཅོས་སྒྲིག་བྱེད་སྟངས་ཀྱི་ལམ་སྟོན་ཁ་གསལ་དགོས་པ་ཡིན། དཔེར་ན། རྩོམ་ཡིག་ཐུང་ངུའི་རིགས་བཅོས་སྒྲིག་བྱེད་འཇུག་པའི་དབང་དུ་བཏང་ན། དགོས་ངེས་ཀྱི་ཆ་རྐྱེན་དང་ཚད་འཛིན་གཙོ་བོ་གང་དང་གང་ལ་གཞི་བཞག་ནས་བྱེད་དགོས་མིན་ལམ་སྟོན་བྱེད་དགོས་པ་ཡིན།
གཤམ་དུ་རྩོམ་ཡིག་བཅོས་སྒྲིག་བྱེད་པའི་ཚད་འཛིན་རིའུ་མིག་སྟབས་བདེ་ཞིག་བཀོད་ན།
ཚད་གཞི། | ཕུལ་བྱུང་། ༥ | ལེགས། ༤ | འབྲིང་། ༣ | ཞན། ༢ | ཧ་ཅང་ཞན། ༡ |
ནང་དོན། | |||||
དག་ཆ། | |||||
བརྗོད་པ་བདེ་མིན། | |||||
སྔ་ཕྱི་འབྲེལ་བ། |
དེར་བརྟེན་གོང་གསལ་རིའུ་མིག་བཞིན་སློབ་ཕྲུག་ནང་ཁུལ་རྩོམ་ཡིག་འབྲི་རྒྱུའི་ནང་སྦྱོང་བཅོས་སྒྲིག་དང་ཞིབ་འཇུག་གི་ཨང་ཐོབ་སྤྲོད་བཅུག་ན་འགྲིགས།
༢) དགེ་རྒན་གྱིས་བཅོས་སྒྲིག འཛིན་གྲྭ་སྡེ་ཚན་གཉིས་ལ་ཁྱོན་བསྡོམས་སློབ་ཕྲུག་གྲངས་༤༠ཙམ་ཡོད་པའི་དབང་དུ་བཏང་ན། དགེ་རྒན་གྱིས་ཉིན་ལྟར་བཅོས་སྒྲིག་ཞིབ་ཚགས་པོ་བྱེད་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡིན་ལ། བརྡ་དག་བཅོས་སྒྲིག་ཞིབ་ཚ་དྲགས་པས་སློབ་ཕྲུག་གི་ནང་སྦྱོང་འབྲི་དེབ་དམར་རྟགས་ཀྱིས་ཁེངས་ན་ཡང་ཞན་ཆར་འགྱུར་འགྲོ་བ་ཡིན། བྱས་ཙང་སློབ་ཕྲུག་སྡེ་ཚན་ཁག་ལྔ་ཙམ་ལ་དབྱེ་ནས་ཉིན་རེར་སློབ་ཕྲུག་གྲངས་༨ཙམ་གྱི་ནང་སྦྱོང་ཞིབ་ཚགས་ངང་བཅོས་སྒྲིག་བྱེད་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་ཡོད། དགེ་རྒན་མང་ཆེ་བར་སློབ་ཁྲིད་བྱ་ཡུལ་གྱི་སློབ་ཕྲུག་དེ་བས་མང་བ་ཡོད། དེར་བརྟེན་ནང་སྦྱོང་བཅོས་སྒྲིག་གི་དུས་ཚོད་མང་བ་གཏོང་དགོས་པ་ཡིན།
འཛིན་གྲྭ་སྟེ་ཚན་གཉིས་ཀྱི་ཉིན་རེའི་ནང་སྦྱོང་ཞིབ་འཇུག་གི་སྐོར་རིམ་དཔེ་མཚོན་རིའུ་མིག
ལོ་རིམ། | ཟླ་བ། | མིག་དམར། | ལྷག་པ། | ཕུར་བུ། | པ་སངས། |
མིང་གཞུང་། | མིང་གཞུང་། | མིང་གཞུང་། | མིང་གཞུང་། | མིང་གཞུང་། | |
བཅུ་པ་ཀ | ༡-༤ | ༥-༨ | ༩-༡༢ | ༡༣-༡༦ | ༡༧-༢༠ |
བཅུ་པ་ཁ། | ༡༧-༢༠ | ༡༣-༡༦ | ༩-༡༢ | ༥-༨ | ༡-༤ |
གཞི་རིམ་སློབ་གྲྭའི་དགེ་རྒན་མང་ཆེ་བར་སློབ་ཁྲིད་བྱ་ཡུལ་གྱི་འཛིན་གྲྭའི་སྡེ་ཚན་བཞི་ཙམ་ཡོད་པས། གོང་གསལ་ཐབས་ནང་སྦྱོང་བཅོས་སྒྲིག་བྱེད་པའི་ཐབས་ལམ་དེ་དགེ་སློབ་གཉིས་ཀར་ཕན་ཐོགས་ཆེན་པོ་དང་། དཀའ་ཚེགས་ཆུང་བ། ཞིབ་འཇུག་གི་བརྒྱུད་རིམ་བརྟན་པ་བཅས་ཡོད་པ་རེད། གུས་རང་ཉིད་ཀྱིས་ད་ལྟའི་ཆར་ཐབས་ལམ་དེ་གའི་ཐོག་འགྲོ་བཞིན་པ་ཡིན། འཛིན་གྲྭའི་མིང་གཞུང་གི་སྐོར་རིམ་དང་རེས་གཟའ་གང་ཡིན་གྱི་དུས་ཚོད་དུས་ནས་དུས་དུ་འགྱུར་བ་གཏོང་ཆོག་པ་ཡིན།
གོང་གསལ་ནང་སྦྱོང་བཀོད་སྒྲིག་བྱེད་སྟངས་ཀྱི་བརྒྱུད་རིམ་དང་བསམ་ཚུལ་རང་ཉིད་ཀྱི་ཉམས་མྱོང་གཙོ་བོར་གཞི་བཞག་སྟེ་འབྲི་འགོད་བྱས་པ་ཞིག་ཡིན་པས་དཔྱོད་ལྡན་བཤེས་གཉེན་རྣམ་པར་ཐུགས་ཕན་གསོ་བའི་རྒྱུར་གྱུར་མིན་ཐེ་ཚོམ་གྱི་གནས་སུ་གྱར་རོ། །
ད་བར་དཔྱད་མཆན་མེད།