འཛིན་གྲྭ་སྟངས་འཛིན་བྱེད་སྟངས།

ཉི་མ་དོན་གྲུབ།
བོད་དགེ། གོ་པལ་པུར་བོད་ཁྱིམ།

མ་འོངས་ཤུལ་འཛིན་བུ་རབས་ཚ་རྒྱུད་ཚོར། །
ཁྱིམ་ཚང་སློབ་གསོའི་ཀུན་སྤྱོད་བླང་དོར་དང་། །
སློབ་གྲྭའི་ཁོར་ཡུག་འཛིན་ཁང་ལ་སོགས་པ། །
སྟངས་འཛིན་ཚུལ་བཞིན་ཡང་དག་མ་གནང་ན། །
འབྱུང་འགྱུར་འབྲས་མེད་ལྗོན་ཤིང་ཁེངས་འགྱུར་ན། །
ཐོན་མི་བཀའ་དྲིན་ཅན་ཚོས་ཅི་དགོངས་སྲིད། །

      གོ་ལ་ཧྲིལ་པོ་འདིའི་སྟེང་དུ་འགྲོ་བ་མི་རིགས་བྱུང་བ་ནས་བཟུང་། དུས་ཚོད་ཀྱི་སྟངས་འཛིན་དང་། ཁྱིམ་ཚང་གི་སྟངས་འཛིན། འཛིན་ཁང་གི་སྟངས་འཛིན། དངུལ་ལ་སྟངས་འཛིན། སེམས་ལ་སྟངས་འཛིན་གནང་དགོས་པ་སོགས་སྣ་མང་བྱ་དགོས་པ་ནི། འགྲོ་བ་མི་རིགས་ཀྱི་བཟང་སྤྱོད་དང་དྲང་བདེན་གྱི་མ་ལྡང་པ་ཞིག་ལ་ངོས་འཛིན་བྱ་དགོས་པ་སྙམ། དུས་རབས་འདི་ལ་ནང་སེམས་བཟང་དང་ཕྱི་ཡི་རིག་གནས་ཤིག་དབེན་ཚེ་དཀའ་ཚེགས་གང་འཚམས་ཆེ། དེ་ཡང་། ང་ཚོའི་བསླབ་གཞི་ཕལ་ཆེ་བ་ནི། དུས་རབས་བཅོ་བརྒྱད་བཅུ་དགུའི་ནང་གཏན་འབེབས་གནང་བ་དང་། བསླབ་གཞི་དེ་དག་ཁྲིད་པ་པོ་ནི། དུས་རབས་ཉི་ཤུ་པའི་མི་སྣའི་དགེ་རྒན་དང། བསླབ་གཞི་དེ་དག་སྦྱོང་མཁན་ནམ་འཁྲིད་ཡུལ་ནི། དུས་རབས་ཉེར་གཅིག་པའི་སློབ་མ་དག་ཡིན་པས། དུས་ཚོད་ཀྱི་འཕོ་འགྱུར་ལ་གཞིགས་ནས་ང་ཚོས་དུས་ཀྱི་ཁ་ལོ་དང་བསྟུན་ནས་སྟངས་འཛིན་བྱེད་ཕྱོགས་ལ་གོམ་པ་མདུན་ནས་མདུན་དུ་སྤོ་དགོས།
      དེ་ཡང་། ཡོན་ཏན་ཀུན་གྱི་གཞི་མ་ནི་རང་སྲུང་རང་ཁྲིམས་ཡིན་པར་བརྟེན། དུས་རབས་ཉེར་གཅིག་གི་སློབ་མའི་བསམ་པའི་ཆུ་ཚད། ཉན་རྩལ། བཟོད་སྒོམ། བསམ་བློ་གཏོང་ཕྱོགས། ཕྱི་ཡི་ཟང་ཟིང་གི་དངོས་པོ་ལ་སྤྲོ་སྣང་ངམ་དབྱིངས། ལག་ཐོགས་ཁ་པར་སོགས་འཕྲུལ་ཆས་རིགས་ལ་ཞེན་ཆགས་བཅས་ཕྱོགས་གང་ཐད་ནས་སློབ་དགེ་སོ་སོ་ལ་དཀའ་ངལ་ཡིན་ལ། གདོང་ལེན་གྱི་གོ་སྐབས་ཀྱང་ཡིན་པ་བཅས་མི་ཉུང་བ་ངལ་བ་ཕྲད་དང་འཕྲད་མུས་ཡིན། འཛིན་ཁང་ནང་སློབ་དགེ་སོ་སོས་སློབ་ཚན་འཇུག་པོ་དང་གོ་རྟོགས་མཐིལ་ཕྱིན་པ་སྤེལ་དགོས་པ་ནི་སློབ་ཁྲིད་ཙམ་མིན་པར་མི་རིགས་ཀྱི་ཐབས་རྩོད་ཆ་ནས་ཟློག་ཐབས་བྲལ་བའི་ཕྲག་སྟེང་གི་འོས་འགན་ཅིག་རང་ཆས་སུ་ཡོད། དེ་ནི་འཛིན་ཁང་སྟངས་འཛིན་བྱེད་ཕྱོགས་ལ་རག་ལུས་ཡོད། ངོས་རང་ལོ་མང་རིང་སློབ་དགེ་བྱས་པའི་བརྒྱུད་རིམ་ཁྲོད་ནས་མཐོང་ཐོས་མྱོང་གསུམ་གྱི་ཉམས་སྣང་གཙོར་བཟུང་ནས་ཤ་ཟིན་སྤུ་ཟིན་ལྟར་འཛིན་ཁང་སྟངས་འཛིན་གནང་ཕྱོགས་ཐད་གནད་དོན་ཚན་པ་འགའ་ཞིག་བརྗེས་ལེན་ཚུལ་དུ་ཞུ་འདོད་སྤྲོ་བ་བྱུང་། དེ་ཡང་། གཞི་རིམ་བར་མ་དང་གོང་མ་གཉིས་ལ་གཞི་བཅོལ་ཏེ་འཆད་ཐབས་འབད་བརྩོན་ཞུས་ན།

གདོང་ལེན་བྱ་དགོས་པའི་ཁག་ངོས་བཟུང་ན།
      ༡། གཉིད་ལ་ཡུར་བ། ༢། ཅ་ཅོ་ལ་དགའ་བ། ༣། ཡར་མཆོངས་མར་མཆོངས། ༤། རྣམ་གཡེངས་ཆེ་བ།
༥། ཉན་རྩལ་ཞན་པ། ༦། བཟོད་སྒོམ་ཞན་པ། ༨། ལས་བྱ་རིགས་མི་སྒྲུབ་པས་རྫུན་སྨྲ་བ། ༩། གཞན་ཕན་གྱི་བསམ་བློ་ཞན་པ། ༡༠། རང་ཉིད་ཀྱི་སློབ་ཚན་དང་འབྲེལ་མེད་སྒྲུང་དེབ་ཀློག་པ། ༡༡། ཚོགས་ཐེངས་རྗེས་ལུས་ཐེབས་པ། ༡༢། སློབ་ཚན་ལ་དགའ་ཞེན་མེད་པ་། ༡༣། འཛིན་ཁང་ཤོག་སྙིགས་ཀྱི་ཁེངས་ནས་ཛར་ཛོར་ཡིན་པ་སོགས་རང་སྣང་གང་ཤར་བྱེད་དུ་བཅུག་ན་འཛིན་ཁང་སྟངས་འཛིན་གྱི་ནུས་པའི་འདང་མེད། མདོར་ན། གོང་གསལ་སྐྱོན་ཆ་རྣམས་རྣམ་གཡེངས་དང་ལེ་ལོ། སློབ་གསོ་མ་ལྡང་པ་ལ་ཐུག་སྙམ།

དངོས་སུ་འཛིན་ཁང་སྟངས་འཛིན་བྱེད་ཕྱོགས།
      སློབ་འགོ་ཐོག་མ་བཙུགས་མ་ཐག་རང་ཉིད་ཀྱི་ཚོགས་ཐེངས་སྐབས་སྒྲིག་འཛུགས་དོན་ཚན་འགའ་ཞིག་རང་གཞན་གཉིས་ཀ་ལ་ཕན་པའི་སླད་དུ་འགྲེལ་བརྗོད་ངེས་པར་དུ་དགོས། མདོར་ན། རང་ཉིད་ཀྱི་ཚོགས་ཐེངས་ལ་སྒྲིག་འཛུགས་དགོས།
      ༡། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་བསླབ་དགོས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། ༸གོང་ས་མཆོག་གི་བཀའ་སློབ་ནང་གཞན་ལ་ཕན་མ་ཐོགས་ནའང། གནོད་མ་སྐྱེལ་གསུངས་པ་བཞིན། སློབ་མ་ནང་ཁུལ་བར་བརྙས་བཅོས་དང་འཕྱ་སྨོད། མིང་འདོགས་དང་ཚིག་ངན་རིགས། མཐོ་དམའ་དང་དབུལ་ཕྱུག ནག་པོ་དང་དཀར་པོ་བཅས་སྤངས་ནས། སློབ་མ་ཚང་མ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་བསླབ་དགོས།
      ༢། དྲང་བདེན་བྱེད་དགོས་པ་བསླབ་དགོས། རང་ཉིད་ལ་གྲོགས་པོ་དང་གྲོགས་མོ་བཟང་པོ་དང་ཕན་གྲོགས་བྱེད་མཁན་དགོས་ན། དྲང་བདེན་གྱི་ནུས་པའི་སྐོར་བསླབ་དགོས། དྲང་བདེན་ཡོད་ན་ཡིད་ཆེས་ཡོད། ཡིད་ཆེས་ཡོད་ན་རོགས་པ་ཡོད། དཔེར་ན། སློབ་དགེ་བྱེ་བྲག་པས་ཁྱིམ་སྦྱོང་རིགས་བསྐུར་བ་དག་དྲང་པོ་དྲང་ཤག་འབྲི་ཡོད་མེད་བརྟག་ནས་གནས་ཚུལ་དངོས་གང་ཡིན་པ་དེ་གསུང་དགོས། དྲང་བདེན་གྱི་ནུས་སྟོབས་གང་མང་འགྲེལ་བརྗོད་གནང་ཚེ། སློབ་མ་ཀུན་ལ་གཅིག་མཚུངས་གཟིགས་ཐུབ་པ་དང་སློབ་མས་སློབ་དགེ་ལ་བརྩི་མཐོང། ཚོགས་ཐེངས་ནས་བྱོལ་བ་སོགས་ངན་གོམས་རིགས་དོར་ནས་དགེ་རྒན་བཟང་པོའི་སློབ་མ་བཟང་པོར་འགྱུར་བའི་རེ་བ་ཡོད།
      ༣། འཛིན་ཁང་ལ་འཛིན་ཁང་དུ་ངོས་འཛིན་དགོས་པ་བསླབ་དགོས། འཛིན་ཁང་ནི་ལྷ་ཁང་དང། སློབ་དགེ་ནི་ལྷ་ཡིན། ཟེར་བའི་ཁ་དཔེ་བཞིན། རང་ཉིད་ཀྱི་ཚོགས་ཐེངས་སྐབས་སུ་འཛིན་ཁང་གཙང་མ་ཉར་དགོས་པ་། འཛིན་ཁང་ནང་རྔན་པ་རིགས་ཟ་མི་ཆོག་པ། རྩེད་མོ་རྩེད་མི་ཆོག་པ། གཉིས་ལ་ཡར་མི་ཆོག་པ། རང་ཉིད་ཀྱི་སློབ་ཆས་དང་གཞུང་གི་འཛིན་ཆས་བཅས་བདག་གཅེས་གཙང་མ་བྱེད་དགོས་པའི་བསླབ་བྱ་དང་ལམ་སྟོན་གང་མང་དང་སྐབས་རེར་གཟིགས་ཞིབ་གནང་ཚེ་ཕན་རླབས་ཆེ། དེའི་ཕུགས་ཀྱི་དམིགས་ཡུལ་ནི། མ་འོངས་པར་རང་མགོ་ཐོན་ཐུབ་དང་གདེང་སྤོབས་བསླེབ་རྒྱུར་སྨན་པར་སྣང།
      ༤། རང་ལས་གཞན་གཅེས་པར་འཛིན་པའི་བསམ་བློ་བསླབ་དགོས། གནད་དོན་འདི་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཏུ་མཐོང་གི་འདུག ང་ཚོ་ནི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན། ཚང་མ་གཅིག་ལ་གཅིག་བརྟེན་ཡིན། ཆོས་དང་འཇིག་རྟེན་གང་ནས་བསམས་ཀྱང་གཞན་ཕན་གྱི་བསམ་བློ་ཡོད་ཚེ་། གཞན་དོན་སྒྲུབ་ན་རང་དོན་ཞོར་ལ་གྲུབ་རྒྱུ་ཡིན་པ་ནི་ངེས་པ་ཡིན། ད་དུང་སློབ་མ་རང་ཉིད་ཀྱི་རྒྱུད་ལ་སྤྱི་སེམས་སྐྲུན་ཐབས་སོགས་ཡོད། དཔེ་མཚོན་ཏུ་བོད་མི་ཡོངས་ཀྱི་དབུ་ཁྲིད་༸གོང་ས་ཡིད་བཞིན་ནོར་བུ་དང་གཞན་ཡང་འཇིག་རྟེན་སྟེང་གི་མི་སྣ་སྙན་གྲགས་ཅན་ཕལ་མོ་ཆེའི་མཛད་རྣམ་ལས་ཤེས་རྟོགས་ཐུབ་པ་ཡིན།

དགེ་རྒན་རང་ཉིད་ཀྱིས་དཔེ་སྟོན་དགོས།
      སྤྱིར་དགེ་རྒན་གྱི་ཕྱག་ལས་འདི་ལས་སླ་པོ་ཞིག་རྩ་བ་ཉིད་ནས་མཐོང་གི་མི་འདུག་ཀྱང་རླབས་ཆེན་དང་གཟི་བརྗིད་། འགན་ལྗིད་པོ་ཞིག་ཡིན། གཞུང་ཆེན་མོ་ཁག་ན་དགེ་རྒན་གྱི་མཚན་ཉིད་བཅུ་དང་བརྒྱད། གསུམ་བཅས་གསུངས་པའི་ནང་མ་འདུས་པ་མེད་ཀྱང། ལར་ནས་སློབ་མ་ཚོས་དཔེ་ལྟ་ས་ནི་ང་ཚོ་ཡིན། དགེ་རྒན་ནི་སློབ་མའི་ཡོད་ཚད་དེ་ཡིན། ལག་བསྟར་ཐུབ་པའི་དཔེ་མཚོན་འགའ་གླེང་རྒྱུ་ཡིན།
      ༡། གང་དུ་འཛོམས་དགོས་ཀྱང་དུས་ཐོག་ལ་འཛོམས་དགོས།
      ༢། ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་དགེ་རྒན་ཡིན་པའི་རྣམ་པ་སྟོན་དགོས།
      ༣། ངན་བསླབ་སྤང་ནས་ཁྱིམ་ཚང་དང་འཛིན་ཁང་གི་སློབ་གསོ་གནང་དགོས།
      ༤། སློབ་མ་ངོ་ཤེས་དགོས།
      ༥། དེང་གི་སློབ་མ་རྣམས་ཉན་རྩལ་སྐྱོ་བས་བཤད་འཁྲིད་རྐྱང་རྐྱང་གནང་ན་མི་འོས། འབྲི་སྦྱོང་དང་ཀློག་སྦྱོང་། དྲི་བ་དྲི་ལན་སོགས་ཀྱི་དུས་ཚོད་ཕུལ་དགོས།
      ༦། སློབ་ཚན་འཁྲིད་སྐབས་རྣམ་གཡེང་སྒྱིད་ལུག་དང་གཉིད་ལ་ཡུར་བའི་རྣམ་པ་ཚོར་ཚེ། མཚར་གཏམ་དང་གཏམ་དཔེ་རིགས། གབ་ཚིག་སོགས་གསུངས་དགོས།
      ༧། སྐབས་རེར་སློབ་ཚན་དང་འབྲེལ་བའི་བྱེད་སྒོ་སྣ་མང་སྤེལ་ན་རང་ཉིད་ཀྱི་སློབ་ཚན་ལ་དོ་དབྱིངས་བསླེབ་པར་ཕན།
      ༨། སློབ་མ་ཚོར་ང་ཚོ་སྐྱབས་བཅོལ་བ་ཡིན་པ་དང། ༸གོང་ས་མཆོག་ང་ཚོའི་དབུ་ཁྲིད་བླ་ན་མེད་པ་ཡིན་བཅས་དྲན་གསོ་བསྐྱར་ནས་ཡང་དུ་གནང་དགོས་གལ།

མཇུག་གི་གཏམ།
      གོང་དུ་གང་བྲིས་ཟིན་པ་རྣམས་ནི། རང་མྱོང་རང་ཚོར་ཐོག་བྲིས་པ་ལས་མཁས་པའི་ཕྱག་དེབ་ནས་དཔེ་བཤུས་དང་དྲ་རྒྱ་ནས་འཚོལ་སྒྲུབ་བྱས་ནས་རྒྱུ་ཆ་བསགས་ཏེ་བྲིས་པ་ཞིག་མིན། མཐར་རྗེ་ཀིར་ཤུ་ན་མུར་ཏིས་མཛད་པའི་སློབ་གསོ་གླེང་བ་ལས། འགྲོ་བ་མི་རིགས་ཀྱི་ལག་ཆ་གཉིས་ཏེ། ཤེས་བྱའི་ལག་ཆ་དང་རྣམ་དཔྱོད་ཀྱི་ལག་ཆ་གཉིས་གསུངས་ཡོས་པས་ང་ཚོའི་སློབ་ཚན་འཁྲིད་སྐབས། སྙིང་རྗེ་རྩ་བར་བཟུང་ནས་ཐབས་ཤེས་རབ་བམ་རྣམ་དཔྱོད་ཀྱི་ལག་ཆ་བེད་སྤྱོད་དགོས་པ་མཐོང་།