བཀྲ་ཤིས་སྒྲོལ་མ།
བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ། གཞི་གོང་བོད་དགེ།

སྔོན་གླེང་།

དགེ་རྒན་རེ་ལ་འཁྲིད་སྟངས་རེ།།
སློབ་མ་རེ་ལ་ཉན་སྟངས་རེ།།
ཕན་ཚུན་ཇི་ཙམ་འདྲ་ན་ཡང་།།
ཐབས་ལམ་མི་འདྲ་སོ་སོ་རེ།།

      དགེ་རྒན་ནི། སློབ་མའི་སེམས་ཁམས་ལ་བག་ཆགས་འཇོག་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན། ངས་དགེ་རྒན་གྱི་བྱ་བར་བཞུགས་ཏེ་ལོ་ངོ་ཧྲིལ་པོ་བཅུ་ལྷག་འདས་ཟིན། འགོ་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ནས་བརྩམས་ཏེ་ད་ལྟ་སམ་བྷོ་ཊ་དྷོ་ལན་ཇི་ཉིན་སློབ་བར་སློབ་འཁྲིད་ཀྱི་བརྒྱུད་རིམ་ཁྲོད་ངས་དུས་ཡུན་ཕལ་མོ་ཆེ་སློབ་གྲྭའི་ར་བའི་ནང་གཙོ་བོ་སློབ་མར་སློབ་འཁྲིད་དང་བསམ་བློའི་སྣེ་ཁྲིད། དཔེ་དེབ་དང་གྲོགས་འདྲིས། དགེ་རྒན་གྱི་ཆེད་ལས་གོང་འཕེལ་གྱི་བྱ་བར་བཞུགས་ཏེ་རྫོགས། འདས་པའི་ལོ་ཟླ་མང་པོའི་སློབ་འཁྲིད་ཀྱི་ཉམས་མྱོང་ལས་བསྡུས་བསྡོམས་ཤིག་བྱེད་ན། སྤྱིར་སློབ་འཁྲིད་ཙམ་ཞིག་བྱེད་ཐུབ་པ་དང་དགེ་རྒན་གྱི་བྱ་བར་དངོས་སུ་བཞུགས་པ་གཉིས་ལ་ཁྱད་པར་ཆེན་པོ་མཐོང་། དགེ་རྒན་གྱི་བྱ་བ་ནི་སུས་ཀྱང་བྱེད་ཆོག་ཆོག་ཞིག་ག་ལ་ཡོད། རྒྱལ་ཁབ་ཅིག་གི་བསམ་བློའི་འཕེལ་རྒྱས་དང་མི་རིགས་གསོ་སྐྱོང་ཆེད་དགེ་རྒན་གྱི་ཞབས་ཞུ་ཚད་ལྡན་ཡོང་བ་ལ་དེ་མཚུངས་ཀྱི་ཁྱད་ཆོས། སྒྱུ་རྩལ། རྣམ་དཔྱོད། སློབ་མར་བརྩེ་སེམས། ཐབས་ལམ་སོགས་སྣ་ཚོགས་ཤིག་ཤེས་དགོས་གལ་ཆེ། དེ་ན། དགེ་རྒན་ཞིག་གི་བསམ་བློའི་གནས་ཚད་དང་འགྲོ་སྡོད་སྤྱོད་གསུམ་གྱིས་སློབ་མའི་སློབ་སྦྱོང་ཙམ་མ་ཟད། ཕྱིའི་ཀུན་སྤྱོད་དང་ནང་སེམས་ཁམས་སོགས་སྒོ་ཀུན་ལ་སྣེ་ཁྲིད་དང་ཤུགས་རྐྱེན་ངེས་ཅན་བཟོ་ངེས་པས། སློབ་མའི་སེམས་ཁམས་ལ་བག་ཆགས་བཟང་པོ་ཞིག་འཇོག་དགོས་ན། དགེ་རྒན་གྱི་བྱ་བ་ལ་སྣང་མེད་དང་སླ་ཅུད་རྩ་བ་ནས་གཏོང་མི་ངན།

འཛིན་གྲྭ་སྟངས་འཛིན་གྱི་གལ་གནད་སྐོར་གླེང་བ།
      སྤྱིར་འཛིན་གྲྭ་སྟངས་འཛིན་ཞེས་པ་དེ་གཙོ་བོ་དགེ་རྒན་གྱི་བསམ་བློའི་སྟངས་འཛིན་ལས་ཡོང་དགོས་པས། དགེ་རྒན་ཞིག་ལ་རང་ཉིད་ཀྱི་བསམ་བློའི་སྟངས་འཛིན་ཚད་ལྡན་ཞིག་མེད་པར་འཛིན་གྲྭ་སྟངས་འཛིན་ཡོང་ཐབས་ཤིན་ཏུ་དཀའ། སློབ་འཁྲིད་གནད་ལ་སྨིན་པ་ཞིག་ཡོང་དགོས་ན་དགེ་རྒན་ཞིག་གིས་ངེས་པར་དུ་འཛིན་གྲྭ་སྟངས་འཛིན་གྱི་ཐབས་ལམ་དང་གལ་གནད། ཁྱད་ཆོས་སོགས་ཤེས་དགོས་པ་དེ་གནད་འགག་ཡིན། དཔེར་ན། མོ་ཊའི་ཁ་ལོ་བས་མོ་ཊ་གཏོང་ཐུབ་པ་ཙམ་གྱིས་མི་འགྲིག་པར་ཉེན་ཁ་དང་ཆག་སྒོ་སོགས་ལས་གཡོ་ཐབས་ཆེད་དེར་དུས་ནས་དུས་སུ་བཀོད་སྒྲིག་དང་སྟངས་འཛིན་བྱེད་ཐབས་ཀྱང་ཤེས་དགོས་པ་ཡིན། འཛིན་གྲྭའི་ནང་སློབ་མའི་སྒོ་གསུམ་གྱི་ཀུན་སྤྱོད་ལ་སྟངས་འཛིན་ལེགས་པོ་ཐུབ་ན། ཉིན་གྱི་སློབ་འཁྲིད་དེ་དམིགས་ཡུལ་བཞིན་དུས་ཚད་ངེས་ཅན་ཞིག་གི་ནང་གྲུབ་འབྲས་སྨིན་པ་ཞིག་ཡོང་ཐུབ་པར་ཐེ་ཚོམ་བྲལ།

འཛིན་གྲྭ་སྟངས་འཛིན་གྱི་དམིགས་ཡུལ་དང་ཐབས་ལམ་གླེང་བ།
      འཛིན་གྲྭ་སྟངས་འཛིན་གྱི་དམིགས་ཡུལ་ནི། སློབ་ཁྲིད་ལ་ཕན་ཐོགས་ཆེ་ཤོས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་དེ་ཡིན། འཛིན་གྲྭ་སྟངས་འཛིན་ལེགས་པོ་ཡོང་བ་ལ་སྔོན་འགྲོའི་ཆ་རྐྱེན་བཞི་ཚང་དགོས། དང་པོ། དམིགས་ཡུལ་དང་ལྡན་པ། གཉིས་པ། འཆར་གཞི་དང་ལྡན་པ། གསུམ་པ། གོ་རིམ་དང་ལྡན་པ། བཞི་པ། གྲུབ་འབྲས་དང་ལྡན་པ་དགོས་རྒྱུ་གལ་ཆེ། གྲུབ་འབྲས་མེད་པའི་དམིགས་ཡུལ་དང་འཆར་གཞི་ཙམ་ཞིག་གིས་རང་གཞན་སྤྱི་ཚོགས་གང་ལ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་མི་ཐུབ་པས། འཛིན་གྲྭ་སྟངས་འཛིན་བྱེད་དགོས་པའི་གལ་གནད་ཀྱང་གཙོ་བོ་དགེ་རྒན་གྱི་ཉིན་རེའི་སློབ་འཁྲིད་ཀྱི་དམིེགས་ཡུལ་ངེས་ཅན་ཞིག་གྲུབ་ཐབས་ཆེད་ཡིན་པས། དགེ་རྒན་ཞིག་ལ་དགོས་གལ་བྱུང་ཚེ་ངེས་པར་དུ་འཛིན་གྲྭ་སྟངས་འཛིན་གྱི་ཐབས་ལམ་ཤེས་དགོས་ལ་དེ་འབྲེལ་ཕན་ནུས་ཀྱང་ཧ་ཅང་ཆེ།
      འཛིན་གྲྭ་སྟངས་འཛིན་བྱེད་སྟངས་ལ་སློབ་མའི་ལོ་ན་དང་འཛིན་གྲྭའི་གནས་རིམ་མི་འདྲ་བ་སོ་སོའི་ལུས་སེམས་འཚར་ལོངས་དང་འཕེལ་རིམ་གྱི་གནས་སྟངས་ལ་བསྟུན་ཏེ་འགྱུར་བཅོས་ཀྱང་དགོས་པས། ཚང་མ་སྒྲིག་ཁྲིམས་གཅིག་གི་འོག་ཏུ་བཅུག་ན་རྩ་བ་ནས་མི་འགྲིག་པས། འདིར་འཛིན་གྲྭ་སྟངས་འཛིན་གྱི་ཐབས་ལམ་དེ་གཞི་རིམ་བར་མ་དང་གོང་མའི་སློབ་མར་དམིགས་ཏེ་བཀོད་པ་ཡིན།
      ༡། འཛིན་གྲྭ་སྟངས་འཛིན་ལེགས་པོ་ཡོང་བ་ལ་ཐོག་མ་དགེ་སློབ་བར་གྱི་འབྲེལ་བ་དེ་གནད་འགག་ཡིན།
      དགེ་རྒན་གྱི་ཀུན་སློང་དེ་ཉིན་རེའི་སློབ་འཁྲིད་བརྒྱུད་སློབ་མས་ཤེས་ཚོར་ཐུབ་ཀྱི་ཡོད་པས། དགེ་རྒན་ཞིག་གིས་ངེས་པར་དུ་སློབ་མར་བཅངས་པའི་བརྩེ་སེམས་དང་སློབ་མའི་ཤེས་ཚད། སེམས་ཁམས། ཀུན་སྤྱོད་བཟང་ངན་གྱི་རྒྱུ་རྐྱེན་ཤེས་རྟོགས་བྱས་ཏེ་དབྱེ་འབྱེད་མེད་པར་ལམ་སྟོན་དང་། ཉི་འོད་ཀུན་ལ་ཁྱབ་པའི་དཔེ་ལྟར་སྤྱི་སྙོམས་ཀྱི་ལྟ་སྟངས། གུས་བཀུར་དང་ཡིད་ཆེས་ལྡན་པའི་འབྲེལ་ལམ་བཟང་པོ་ཞིག་བསྐྲུན་དགོས། དེ་ལྟར་བྱུང་ན་འཛིན་གྲྭའི་ནང་དགེ་རྒན་གྱིས་སློབ་འཁྲིད་སྐབས་སློབ་མ་སྤྱི་ཡོངས་ཀྱི་ཀུན་སྤྱོད་ལ་དེ་མཚུངས་ཀྱི་རྣམ་པ་བཟང་པོ་ཞིག་ཡོང་རྒྱུ་ངེས་པ་ཡིན་པས། འཛིན་གྲྭ་སྟངས་འཛིན་ལེགས་པོ་ཡོང་བར་ཕན་རླབས་ཆེ།
      ༢། དགེ་སློབ་གཉིས་ཕན་ཚུན་གྲོས་བསྡུར་གྱི་ལམ་ནས་འཛིན་གྲྭའི་སྒྲིག་ཁྲིམས་ངེས་ཅན་ཞིག་གཏན་འབེབས་ཐུབ་ན་དགེ་མཚན་ཆེ།
      དགེ་རྒན་གྱིས་སློབ་མའི་བསམ་འཆར་ལ་བརྩི་བཀུར་བྱས་ཏེ་མང་གཙོའི་ལམ་སྲོལ་སྤྱད་དེ་དགེ་སློབ་དབར་འཛིན་གྲྭའི་སྒྲིག་ཁྲིམས་ཚད་ལྡན་ཞིག་གཏན་འབེབས་བཟོ་ཐུབ་ན་དགེ་མཚན་ཆེ་བར་མཐོང་། གཏན་འབེབས་ཟིན་པའི་འཛིན་གྲྭའི་སྒྲིག་ཁྲིམས་དེ་ཡིག་ཐོག་ཏུ་བཀོད་རྗེས་འཛིན་གྲྭའི་ནང་སྦྱར་ཏེ་དགེ་སློབ་ཀུན་གྱིས་བརྩི་བཀུར་དང་ཉིན་ལྟར་དངོས་སུ་ལག་བསྟར་ཐུབ་ན། སློབ་འཁྲིད་ཀྱི་བརྒྱུད་རིམ་ལ་བར་ཆད་མེད་པར་དགེ་སློབ་གཉིས་ཀའི་དམིགས་ཡུལ་ལེགས་གྲུབ་ཡོང་ཐུབ་པར་ཕན་ཐོགས་ཆེ།
      ༣། དགེ་རྒན་གྱི་སློབ་ཚན་ཙམ་མིན་པར། ཐབས་ལམ་འདྲ་མིན་སྤེལ་ཏེ་སློབ་མ་རེ་རེའི་དུས་རྒྱུན་གྱི་སྤྱོད་ལམ། ཁྱད་ཆོས་བཟང་པོ། འཇོན་ཐང་དང་ནུས་པ་ཇི་ཡོད་འཛིན་གྲྭའི་ནང་འབུར་དུ་མངོན་ཐབས་ལ་ཤུགས་གནོན་བྱེད་དགོས།
      དགེ་རྒན་གྱིས་ངོས་ནས་རབ་བྱུང་ན་སྐབས་འགར་འཛིན་གྲྭའི་ནང་སློབ་མ་རེ་རེའི་ནུས་པ་དང་འཇོན་ཐང་། ཁྱད་ཆོས་བཟང་པོ་རྣམས་འབུར་དུ་མངོན་ཐབས་དང་བསྟོད་བསྔགས་བྱེད་ཚེ། སློབ་མས་རང་ཉིད་ལ་ལྟ་སྟངས་ཀྱི་ཁ་ཕྱོགས་བཟང་ཕྱོགས་སུ་གྱུར་ཏེ། འཛིན་གྲྭའི་ནང་འགྲོ་འདུག་སྤྱོད་གསུམ་ལ་དེ་མཚུངས་ཀྱི་འགྱུར་བ་བཟང་པོ་ཞིག་ཡོང་ཐུབ་པས། འཛིན་གྲྭའི་ནང་སློབ་མས་རང་གི་རང་ལ་ལྟ་ཚུལ་བཟང་པོ་དེ་རྒྱུན་གནས་ཡོང་བར་མུ་མཐུད་འབད་བརྩོན་བྱེད་རྒྱུ་ངེས།
      ༤། འཛིན་གྲྭའི་ནང་སློབ་མའི་བྱ་སྤྱོད་ངན་པའི་རིགས་ལ་དགེ་རྒན་གྱིས་ངག་ཐོག་ནས་མིན་པར་སྐབས་རེར་ལུས་ཀྱི་རྣམ་འགྱུར་ངེས་ཅན་གྱི་ལམ་ནས་བརྡ་ལན་སྤྲོད་ཐབས་ཀྱི་སྒྱུ་རྩལ་ཤེས་དགོས།
འཛིན་གྲྭའི་ནང་སློབ་མས་དགེ་རྒན་གྱི་ལུས་ངག་ལ་དམིགས་བསལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས། དགེ་རྒན་གྱི་གོ་སྐབས་དེ་དམ་འཛིན་བྱས་ཏེ། སློབ་འཁྲིད་སྐབས་བྱ་སྤྱོད་ངན་པ་སྤེལ་མཁན་གྱི་སློབ་མ་ཚོར་ལུས་མིག་སོགས་ཀྱི་རྣམ་འགྱུར་ལས་ཆེད་མངགས་བརྡ་ལན་སྤྲོད་ཐུབ་ཚེ། སློབ་མས་དེ་མཚུངས་རྣམ་འགྱུར་བྱེ་བྲག་པ་དེའི་གོ་བ་རྟོགས་ཐུབ་པས་འཛིན་གྲྭ་སྟངས་འཛིན་གྱི་ཐབས་ལམ་ལ་ཆེས་དགེ་མཚན་ཆེན་པོ་མཐོང་།
      ༥། དགེ་རྒན་ལ་སློབ་མའི་བྱ་སྤྱོད་འདྲ་མིན་དང་འབྲེལ་བའི་དཀའ་རྙོག་ལ་གདོང་ལེན་དང་སེལ་ཐབས་ཀྱི་ཤེས་བྱ་དང་ནུས་རྩལ་ངེས་པར་དགོས་གལ་ཆེ།
      འཛིན་གྲྭའི་ནང་སློབ་མའི་ལུས་སེམས་ཀྱི་བྱ་སྤྱོད་ལ་གློ་བུར་གྱི་འགྱུར་བ་གང་ཞིག་ཡོང་མིན་ནི་ཚོད་དཔག་བྱེད་ཐུབ་མིན་དཀའ་བས། དགེ་རྒན་ཞིག་ལ་སློབ་མའི་བྱ་སྤྱོད་འདྲ་མིན་ལ་གདོང་ལེན་དང་དེ་འབྲེལ་དཀའ་རྙོག་སེལ་ཐབས་ཀྱི་རྣམ་དཔྱོད་དང་ནུས་རྩལ་དགོས་རྒྱུ་གལ་ཆེ། དེ་ཡང་སློབ་མའི་སེམས་ཁམས་ལ་ཕོག་ཐུག་མེད་པ་ཞིག་ཡོང་ཐབས་ལ་དམིགས་བསལ་གྱིས་གཟབ་ནན་བྱེད་དགོས།
      ༦། འཛིན་གྲྭ་སྟངས་འཛིན་གྱི་རྣམ་པ་ཆེས་མཐོ་ཤོས་དེ། དགེ་རྒན་གྱིས་ཡང་ཡང་བཤད་མི་དགོས་པར་སློབ་མ་ཚོས་རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱིས་ནུས་པ་འབུར་དུ་ཐོན་ཏེ་འཛིན་གྲྭའི་སྒྲིག་ཁྲིམས་ལ་བརྩི་བཀུར་དང་སློབ་འཁྲིད་སྐབས་ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བའི་ཁྱད་ཆོས་ཆ་ཚང་ལྡན་པ་ཞིག་འགྱུར་རྒྱུ་དེ་ཡིན།
      རྣ་བ་མི་གཏོད་ཁ་སྦུབས་ལྟ་བུའི་སྐྱོན། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། སྐྱོན་གསུམ་དེ་དང་བྲལ་ན་ཐོས་པ་འཕེལ། ཞེས་པ་བཞིན་དགེ་རྒན་གྱིས་སྟངས་འཛིན་ཡང་ཡང་མི་དགོས་པར་སློབ་མ་ཚོས་རང་གི་རྣམ་དཔྱོད་དང་ཤེས་རབ་བེད་སྤྱད་དེ་ཤེས་ཡོན་གྱི་གལ་གནད་ཤེས་པའི་ཐོག འཛིན་གྲྭའི་ནང་དགེ་རྒན་གྱི་སློབ་འཁྲིད་ལ་བློ་སེམས་གཅིག་སྒྲིལ་གྱིས་འཇུག་ཐུབ་པ་ཞིག་བྱུང་ན། དགེ་རྒན་ཞིག་ལ་དེ་ལས་བཟང་བའི་གནས་ཚུལ་ཞིག་ག་ལ་ཡོད།
      དེས་འཛིན་གྲྭ་སྟངས་འཛིན་གཞི་རྩར་བྱས་ཏེ། རང་ཉིད་སྟངས་འཛིན། དུས་ཚོད་སྟངས་འཛིན། བསམ་བློ་སྟངས་འཛིན། མི་ཚེ་སྟངས་འཛིན། བཅས་ནི་དགེ་རྒན་ཙམ་ཞིག་མིན་པར་མི་ཞིག་ཡིན་ཕྱིན་ཆད་གོང་གི་གནད་དོན་ཐོག་དོ་སྣང་དང་རང་གི་སྤུན་གཉེན་གྲོགས་པོ་ཉེ་འཁོར་གྱི་མི་ཚོར་གོ་རྟགས་གང་སྤེལ་བརྒྱུད་སློབ་གསོ་བཟང་པོ་སྤྲོད་ཐབས་ལ་འབད་པར་ཞུའོ། །དགེའོ།།