ལྷག་པ་དོན་གྲུབ།
སྦེལ་ཀོབ་བོད་ཁྱིམ། གཞི་རིམ་གོང་མའི་བོད་དགེ།

      སྤྱི་ཚོགས་ཀྱི་སྤུས་ཚད་དང་སྤྱི་ཚོགས་ཡར་རྒྱས་ནི། སྤྱི་ཚོགས་དེ་ནང་ཕྱིའི་མཐུན་རྐྱེན་བཟང་པོ་འཛོམས་མིན་ཁོ་ན་ལ་ཚད་འཇལ་བ་ནི་ཆེས་བླུན་ཞིང་ཡ་མཚན་གྱི་གནས་སུ་མཐོང་། འོན་ཏང་སྤྱི་ཚོགས་ཀྱི་ཁྲོད་དུ་ཤེས་ཡོན་ཅན་གྱི་མིས་རང་དོན་ཁོག་བཅུག་དང་སྤྱི་དོན་ཕྱིར་བྱས་ཀྱི་བསམ་ངན་བཅང་སྟེ་གཡོ་ཁྲམ་དང་། ངག་འཇམ་སོགས་ཐབས་ཤེས་དུ་མས་བྱ་སྤྱོད་སྣ་མིན་སྤེལ་ཏེ་མི་མང་མགོ་བོ་རྨོངས་སུ་བཅུག་པ་ནི་དེ་བས་ཡ་མཚན་ཆེ་བའི་གནས་ཤིག་ཡིན་པས། ཤེས་ཡོན་རྐྱང་པས་སྤྱི་ཚོགས་ཀྱི་སྤུས་ཚད་འཇལ་ན་ཨེ་འགྲིག་སྙམ་པའི་བློ་དྭོགས་རང་བཞིན་གྱིས་འབྱུང་བཞིན་འདུག
      དངོས་དོན་དུ་ཤེས་ཡོན་ཅན་གྱི་མི་ནི། སྒེར་པ་ལས་སྤྱི་པ་གཙིགས་ཆེན་དུ་འཛིན་ཞིང་སྤྱི་སེམས་དང་ལྷག་བསམ་ཆེ་བ། སྤྱི་པའི་དོན་དུ་སྒེར་པ་བློས་བཏང་གི་ཆོད་སེམས་བརྟན་པོ་ཡོད་པ། གཞན་ཕན་གྱི་བསམ་བློའི་ཞག་གིས་བརླན་པ་སོགས་ནི་དུས་རབས་ཉེར་གཅིག་གི་ཤེས་ཡོན་ཅན་གྱི་མི་རྣམས་ལ་ངེས་པར་མཁོ་ཞིང་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེ་ཞིག་ཏུ་མཐོང་།
      དེས་ན་སློབ་གྲྭར་སློབ་ཁྲིད་བྱས་པའི་བརྒྱུད་རིམ་ལས་ཐོབ་པའི་དེབ་ཀྱི་ཤེས་རྒྱ་ཇི་ཙམ་ཆེ་ཡང་སློབ་སྦྱོང་ཐོན་ཏེ་སྤྱི་ཚོགས་ཁྲོད་དུ་ཕྱག་ལས་གནང་སྐབས། ལྷག་བསམ་དང་གཞན་ཕན་དང་སྤྱི་དོན་གྱི་བསམ་པ་སོགས་ཀྱི་མ་འདངས་པའི་དབང་གིས་རང་གཞན་ཀུན་ལ་གནོད་པ་འབའ་ཞིག་ལས་ཕན་པ་མི་འབྱུང་བའི་མིག་དཔེ་རང་རེའི་སྤྱི་ཚོགས་ཁྲོད་དུ་དངོས་གསལ་མཐོང་རྒྱུ་ཡོད་པ་ལགས་ཤིང་། ༸རྒྱལ་དབང་སྐུ་ཕྲེང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་དགོངས་པའི་འོག་སཱི་ཤེས་ཡོན་ངོ་སྤྲོད་གནང་བའི་དགོས་དམིགས་གཙོ་བོ་ཡང་དེར་ཟད་སྙམ།
      དུས་རབས་ཀྱི་འགྱུར་འགྲོས་དང་དུས་ཚོད་ཀྱི་དགོས་མཁོ་ལ་བརྟེན་ནས་སློབ་གྲྭར་སློབ་སྦྱོང་སྤྲོད་ཐབས་དང་འཛིན་གྲྭ་སྟངས་འཛིན་གནང་ཕྱོགས་ཐད་འགྱུར་བ་ཆེན་པོ་ཕྱིན་ཟིན་པ་ནི་དགེ་རྒན་རྣམས་ཀྱིས་ངེས་པར་ཁས་ལེན་གནང་དགོས་ཤིང་། རང་ཉིད་ཀྱིས་ཀྱང་དེ་མཚུངས་འགྱུར་བ་གཏོང་དགོས་བཟློག་མེད་ལས་འགན་ཞིག་ཏུའང་མངོན།

      སྔ་མོ་ཕྱི་དྲོ་སློབ་གྲྭ་གྲོལ་མཚམས་སློབ་ཕྲུག་རྣམས་ཁང་པའི་ཉེ་འཁྲིས་སྲང་ལམ་ཁག་ཏུ་ཐོན་ཏེ་རྐང་ཤུབས་རྙིང་པ་རྡོག་པོར་བསྒྲིལ་ཏེ་སྤོ་ལོ་བཟོས་ནས་རྐང་རྗེན་དུ་རྐང་སྤོལ་བརྩེས་པ་དང་། རྒྱུག་ཆུ་ཆུང་གྲས་བཀག་སྟེ་རྐྱལ་རྫིང་བཟོས་ནས་ཆུ་བརྐྱལ་པ་དང་། གཅིག་སྟེང་གཅིག་བརྩེགས་ཀྱི་རྡེའུའི་རྩིག་པ་སྤོ་ལོས་གཏོར་ཏེ་བསྐྱར་དུ་བརྩིགས་དགོས་པ་སོགས་ལུས་པོ་ཡར་རྒྱུག་མར་རྒྱུག་གི་རྩེད་མོ་སྣ་ཚོགས་བརྩེས་ཤིང་། སྐབས་དེར་ཕྲུ་གུ་ཕན་ཚུན་གཅིག་གིས་གཅིག་ལ་ཤོད་རེས་དང་འཁྲུག་འཛིང་སོགས་ཀྱིས་ཉམས་མྱོང་འདྲ་མིན་བསགས་ཏེ་འཚར་ལོངས་བྱུང་བས་མི་ཚེའི་དཀའ་ངལ་མང་པོ་ཞིག་གདོང་ལེན་བྱེད་རྒྱུའི་སློབ་སྦྱོང་ཆུང་དུས་རྩེད་མོའི་ཞར་ནས་ཤེས་རྒྱུའི་གོ་སྐབས་བཟང་པོ་ཡོད་རུང་། དེང་དུས་སློབ་ཕྲུག་རྣམས་ཕྱི་དྲོ་འཛིན་གྲྭ་གྲོལ་རྗེས་སྤྱོད་བདེའི་བརྙན་འཕྲིན་དང་ལག་ཐོགས་ཁ་པར་སོགས་སུ་གཅིག་གིས་གཅིག་ལ་གསོད་རེས་དང་རང་རྒྱལ་གཞན་ཕམ་སོགས་ཀྱི་བསམ་ངན་སློབ་པའི་རྩེད་མོ་འབའ་ཞིག་ལ་མགོ་བོ་གཡེངས་ཏེ་ལུས་པོ་འཚར་ལོངས་བྱུང་བ་ལ་འགལ་རྐྱེན་དང་དབང་པོ་འཕྲོ་བརླག་གཏོང་བ་ལ་མཐུན་རྐྱེན། དེ་བཞིན་ཕྲུ་གུ་ཕན་ཚུན་འཁྲུག་འཛིང་སྐབས་གདོང་ལེན་སྣ་མིན་བྱེད་དགོས་སོགས་དངོས་ཡོད་མི་ཚེའི་དཀའ་ངལ་མང་པོར་ཆུང་དུས་ནས་ཉམས་གསོག་གི་གོ་སྐབས་བརླགས་ཏེ་ནར་སོན་ནས་དཀའ་ངལ་ཆུང་རིགས་ལའང་རང་རྒྱལ་གཞན་ཕམ་གྱི་བསམ་བློའི་མེ་ལྕེ་ཆུང་ཡང་རི་བོ་མེར་བསྲེགས་ཀྱི་དཔེ་ལྟར་གནས་ཚུལ་ཆུང་རིགས་ཀྱིས་ཆེན་པོ་བཟོས་པ་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་པ་ནི་འཛམ་གླིང་ཡར་རྒྱས་ཀྱི་མིང་ཐོག་ནས་དོན་དངོས་ཉམས་ཆག་ཏུ་བཏང་བ་ཞིག་ཏུ་མཐོང་།

      མདོ་དོན་སྤྱི་ཚོགས་དང་དུས་ཀྱི་འགྱུར་འགྲོས་ཀྱིས་བཟོས་པའི་བཅུན་དཀའ་བའི་དུས་རབས་ཉེར་གཅིག་གི་སློབ་ཕྲུག་རྣམས་འཛིན་གྲྭར་འབྱོར་སྐབས་སྟངས་འཛིན་བྱེད་སྟངས་ཀྱང་དུས་ཀྱི་དགོས་མཁོ་དང་བསྟུན་ནས་འགྱུར་བ་དགོས་རྒྱུ་ནི་ཤིན་ཏུ་གནད་ཆེ། དེ་ཡང་འཛིན་གྲྭ་སྟངས་འཛིན་གྱི་ཐོག་ལ་བསམ་ཚུལ་བརྗོད་པའི་སྔ་རོལ་དུ་སློབ་ཕྲུག་རྣམས་དུས་ཐོག་འཛིན་གྲྭར་ཚང་འཛོམས་དགོས་རྒྱུ་ཤིན་ཏུ་གལ་ཆེ་བས་ཐོག་མར་འབྲེལ་ཡོད་དགེ་རྒན་རྣམ་པ་དྲིལ་བུ་བརྡུང་མ་ཐག་ཏུ་འཛིན་ཁང་ཕྱི་རུ་གྲ་སྒྲིག་གིས་དུས་ཐོག་འཛིན་གྲྭར་ཕེབས་ནས་སློབ་ཕྲུག་རྣམས་ལ་མིག་དཔེ་བསྟན་དགོས། འཛིན་གྲྭར་ཞུགས་མ་ཐག་སློབ་ཁྲིད་ཀྱི་བྱ་བར་མ་ཞུགས་པར་མཚམས་སྦྱོར་གྱི་ཚུལ་དུ་སློབ་གྲྭའི་ཁོར་ཡུག་དང་གནམ་གཤིས་སོགས་ཐད་སྐར་མ་གཅིག་ཙམ་བཀའ་མོལ་གནང་ནས་སློབ་ཕྲུག་གི་བློ་ལྷིང་བབས་འཇུག་རྒྱུ་ཤིན་ཏུ་གལ་ཆེ།
      དེའི་རྗེས་དངོས་གཞི་སློབ་ཁྲིད་སྐབས་སུ་དགེ་རྒན་འགའ་ཞིག་གིས་བསམ་བློ་གུ་ཡངས་ཡིན་མདོག་གིས་སྣོད་ཁ་སྦུབས་པའི་སྐྱོན་འཛིན་གྲྭར་གཉིད་ཁུག་མཁན་སློབ་ཕྲུག་རྣམས་སྣང་མེད་བཞག་པའི་འབྲས་བུར་བསམ་བློའི་གནས་ཚད་མ་སྨིན་པའི་སློབ་ཕྲུག་ཕལ་མོ་ཆེས་ཞྭ་དཔེ་ལྷམ་འགེབས་ཀྱི་དཔེ་ལྟར་གྱུར་ཏེ་ནམ་ཞིག་འཛིན་གྲྭའི་སློབ་ཕྲུག་ཕྱེད་ཙམ་གཉིད་ཁུག་པའི་ཁྲོད་དུ་སློབ་ཁྲིད་བྱ་དགོས་པའི་དཀའ་ངལ་ངེས་པར་བྱུང་ངེས་ཤིང་། དེས་སློབ་ཕྲུག་གི་འདུན་ལམ་ཙམ་མིན་པར་ནམ་ཞིག་མི་རིགས་དང་རྒྱལ་ཁབ་ཀྱི་ཕུགས་དམིགས་ཀྱང་བརླགས་པར་ཐེ་ཚོམ་མེད། དེས་ན་དཀའ་ངལ་དེ་རིགས་ཐོག་མར་འབྱུང་མ་ཐག་ཏུ་སྣང་མེད་མི་འཇོག་པར་འཕྲལ་དུ་གོ་སྐོན་གནང་ནས་སློབ་ཕྲུག་དང་རྒྱལ་ཁབ་མི་རིགས་བཅས་ཀྱི་ཕུགས་དོན་སྒྲུབ་པར་རམ་འདེགས་ཞུ་དགོས། དེ་ལྟར་བྱེད་ན་སློབ་ཕྲུག་རྣམས་ཀྱིས་སྐབས་ཐོབ་མི་དགའ་བ་བྱེད་རྒྱུ་ངེས་ཀྱང་དགེ་རྒན་ལ་འཁྲི་བའི་ལས་འགན་གྱི་བྱ་བར་འཐུས་ཤོར་ཕྱིན་མེད་པས་ནམ་ཞིག་རང་གི་ཐག་ཆོད་ལ་སྤོབས་པ་བྱ་བའི་དུས་ཤིག་ངེས་པར་སླེབས་ངེས་སྙམ།

      དེང་དུས་ཀྱི་སློབ་ཕྲུག་ནི་སྤྱི་ཚོགས་དྲ་རྒྱས་གར་ཁྲིད་དུ་གྱུར་པའི་གནས་སྟངས་ལ་གཞིགས་ན་འཛིན་གྲྭ་སྟངས་འཛིན་ནི་དགེ་རྒན་ཚོར་གདོང་ལེན་བྱ་དཀའ་བའི་གནས་ཚུལ་ཆེན་པོ་ཞིག་ཏུ་གྱུར་ཡོད་སྟབས། དགེ་རྒན་རྣམ་པས་ཐབས་ཤེས་གཉིས་ཀྱི་ཐོག་ནས་སློབ་ཕྲུག་བསྐྱང་དགོས་རྒྱུ་ནི་བདེན་པའི་གནས་ཚུལ་རྣལ་མ་ཞིག་ལགས། དེ་ཡང་མཐའ་གཅིག་ཏུ་བྱམས་པོ་འབའ་ཞིག་དང་མཐའ་གཅིག་ཏུ་ཉེས་རྡུང་ཁོ་ནས་མ་ཡིན་པར་སྐབས་ཐོབ་གནས་སྟངས་ལ་གཞིགས་ཏེ་ཐབས་ལམ་བརྟེན་དགོས་རྒྱུ་གལ་ཆེར་མཐོང་། དེ་ཡང་སྐབས་འགར་སློབ་ཕྲུག་གི་སྤྱོད་ཚུལ་མི་མཛེས་པ་ཆུང་ཚགས་རིགས་ལ་མཐོང་ནའང་མ་མཐོང་བའི་ཚུལ་འཛིན་དགོས་ཤིང་། སྐབས་འགར་ངེས་པར་མཇུག་སྣོན་བྱ་དགོས་པའི་གནས་ཚུལ་ཡོང་ངེས་ན། དུས་ནམ་ཡང་སློབ་ཕྲུག་དམངས་ཀྱི་མདུན་སར་མཇུག་སྣོན་འཕྱ་སྨོད་མི་བྱེད་པར་ཟུར་དུ་ཆེད་འགུགས་ཀྱིས་སློབ་གསོ་ལམ་སྟོན་གནང་ཐུབ་ན། སློབ་ཕྲུག་སྒེར་གྱི་རང་མཐོང་ལ་དོ་ཕོག་མི་འགྲོ་བའི་འགན་འཁུར་གྱི་བསམ་པས་ཀུན་ནས་བསླངས་ཐུབ་ན། སློབ་ཕྲུག་དེས་ཀྱང་རང་སྐྱོན་ངོས་ལེན་དང་ཁས་ལེན་སོགས་གསན་འཇོག་གནང་རྒྱུའི་གོ་སྐབས་ཆེ་བར་མཐོང་། དེ་མོན་སྤྱི་དམངས་མདུན་སར་ལེགས་བཅོས་བྱེད་ན་སློབ་ཕྲུག་བྱེ་བྲག་དེའི་རང་མཐོང་ལ་གནོད་དེ་བཟང་སྤྱོད་བྲལ་བའི་སྤྱོད་ཚུལ་བསྟན་ནས་སློབ་དགེ་ལའང་ཁ་ལན་སློག་པ་དང་། སློབ་གསོ་ལམ་སྟོན་ལ་བརྩི་འཇོག་མི་བྱེད་པ་སོགས་ཀྱི་དཀའ་ངལ་དངོས་སུ་འཕྲད་དང་ཕྲད་མུས་ཀྱི་མྱོང་བ་དེང་དུས་ཀྱི་དགེ་རྒན་ཕལ་མོ་ཆེ་ལ་ཡོད་གཤའ་ལགས།

      འཛིན་གྲྭ་སྟངས་འཛིན་ཞེས་བརྗོད་དུས། སློབ་ཕྲུག་རྣམས་འཛིན་ཁང་གི་ནང་དུ་ལུས་པོ་འགུལ་སྐྱོད་ཀྱང་མི་ཆོག་ཅིང་། ཞེད་སྣང་དང་དངངས་སྐྲག་གི་སྒོ་ནས་དགོས་ངེས་ཅན་གྱི་བཀའ་མོལ་ཡང་གནས་མི་ཐུབ་པར་ཙོག་པུར་བཞུགས་ནས་གསན་བཞེས་གནང་ན་འཛིན་གྲྭ་སྟངས་འཛིན་ཡག་པོ་ཡོད་པའི་གོ་ན་མིན་སྙམ། འོ་ན་ཅི་འདྲ་ཞིག་ལ་ཟེར་ཞེ་ན། སློབ་ཕྲུག་རྣམས་དགའ་མོས་དང་ལྡན་པའི་ཐོག་ནས་དགེ་རྒན་ལ་གསན་འཇོག་གནང་ཞིང་། དགོས་ངེས་ཅན་གྱི་བཀའ་མོལ་གནང་བར་འཇིགས་སྣང་དང་དངངས་སྐྲག་མེད་པར་སྡོད་རོགས་ལ་བཀའ་མོལ་གནང་པའི་གུ་ཡངས་ཀྱི་རང་དབང་ཡོད་པའི་ཐོག་ནས་སློབ་སྦྱོང་ལ་གསན་བཞེས་གནང་ན་འཛིན་གྲྭ་སྟངས་འཛིན་ལེགས་པོ་ཡོད་པའི་གྲས་སུ་བརྩིས་འཐུས་སྙམ། དེས་ན་སློབ་དགེ་ཚོས་འཛིན་གྲྭའི་ནང་དུ་སློབ་ཕྲུག་རྣམས་ལ་སྡིག་ར་བསྐུལ་ནས་འཇིགས་སྣང་ཅན་གྱི་ཁོར་ཡུག་ཁྲོད་དུ་མིན་པར་དགའ་སྣང་དང་སྤྲོ་སྣང་ལྡན་པའི་ཐོག་ནས་རང་གི་བསམ་ཚུལ་བཟང་ཞན་གང་ཡང་དམངས་ཀྱི་མདུན་སར་གསུང་རྒྱུའི་སྤོབས་པ་སྐྱེས་ཤིང་། དམའ་ཞུམ་གྱི་བསམ་པ་མི་སྐྱེ་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པ་དགོས་རྒྱུ་ཤིན་ཏུ་གལ་ཆེ།

      ང་ཚོས་སློབ་ཁྲིད་བྱེད་སའི་ཡུལ་ནི་གཟུགས་པོ་རིང་ཡང་བསམ་བློའི་གནས་ཚད་མ་སྨིན་པའི་སློབ་ཕྲུག་རྣམས་ཡིན་པས་འཛིན་ཁང་ནང་དུ་ཁོང་དག་གི་ནོར་འཁྲུལ་བཟོ་རྒྱུ་ཐེ་ཚོམ་མེད་སྙམ་པའི་བསམ་པའི་འཁྱེར་སོ་འཛིན་རྒྱུ་ཤིན་ཏུ་གནད། དེ་མིན་སློབ་ཕྲུག་གི་ནོར་འཁྲུལ་བཟོས་པ་ལ་མི་འདོད་ཅིང་སུན་སྣང་གི་བསམ་པས་སློབ་ཕྲུག་བྱེ་བྲག་པར་ཉེས་རྡུང་དང་། དེའི་རྐྱེན་གྱིས་དགེ་རྒན་ཉིད་ཀྱི་སློབ་ཁྲིད་ཀྱི་བྱ་བར་འཐུས་ཤོར་དང་གྲ་སྒྲིག་བྱས་པ་ལྟ་བུའི་སློབ་ཁྲིད་བྱེད་རྒྱའི་གོ་སྐབས་མེད་པའང་ང་ཚོར་ཉམས་མྱོང་མང་དག་བསགས་ཡོད་ངེས། དེས་ན་སློབ་ཕྲུག་ནི་ལོ་ཚད་ལ་དཔག་པའི་ནོར་འཁྲུལ་ཆུང་ཚགས་རིགས་བཟོ་ངེས་སྙམ་པའི་གུ་ཡངས་ཀྱི་བསམ་བློ་གཏོང་ཐུབ་ན་སློབ་ཕྲུག་གི་ནོར་འཁྲུལ་ལ་མི་བཟོད་པའི་བསམ་པ་མི་སྐྱེ་ཞིང་། དེ་ལ་བརྟེན་ནས་ཉེས་རྡུང་གཏང་རྒྱུའི་ཉེན་ཁའང་ཆུང་བ་མ་ཟད། ཉིན་རེའི་སློབ་ཁྲིད་ཀྱི་བྱ་བའང་རང་གིས་འཆར་འགོད་ལྟར་ལག་ལེན་གནད་སྨིན་ཡོང་རྒྱུ་དང་། དེ་ལ་བརྟེན་ནས་སློབ་ཕྲུག་རྣམས་ཀྱིས་ཀྱང་ཉིན་རེའི་སློབ་སྦྱོང་ལ་དོ་འཁུར་ཆེན་པོའི་གསན་བཞེས་གནང་རྒྱུའི་གོ་སྐབས་ཡོད་པའང་ང་ཚོར་མྱོང་བ་ཆེན་པོ་བསགས་ཡོད།
      མཐའ་དོན་དགེ་རྒན་རྣམས་ནི་མ་འོངས་སྤྱི་ཚོགས་ཀྱི་ཁ་ཕྱོགས་བཟོ་མཁན་གྱི་གནད་ཡོད་མི་སྣ་ཞིག་ཆགས་ཡོད་པས་རང་གི་སྒོ་གསུམ་གྱི་བྱ་སྤྱོད་མ་འོངས་སོན་རྩ་རྣམས་ཀྱི་མིག་དཔར་གྱུར་པ་ཞིག་དགོས་རྒྱུ་གནད་ཀྱི་སྙིང་པོ་ཡིན་པས་དེ་དོན་དགོངས་འཇགས་ངེས་པར་དགོས་སྙམ་མོ།།