མིག་དམར་དོན་གྲུབ།
གཞི་འོག་བོད་དགེ། ཀ་སྦུག་སཾ་བྷོ་ཊ་གཏན་སློབ།
༄༅། ། དཔལ་ལྡན་ཤེས་རིག་ལས་ཁུངས་ངོས་ནས་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པས་འབྲི་རྩོམ་གྱི་ལམ་ནས་༼སློབ་ཕྲུག་ལ་ནང་སྦྱོང་སྐུལ་སྟངས་༽ཞེས་པའི་བརྗོད་གཞི་ཐོག་རང་གི་ཉམས་མྱོང་ལ་གཞིགས་ཏེ་སློབ་དགེ་ཕན་ཚུན་སྦྱང་བཤད་དང་བསམ་ཚུལ་བརྗེ་ལེན་གྱི་སྡིངས་ཆ་ཞིག་བསྐྲུན་གནང་བར་སྒོ་གསུམ་གུས་པས་དགའ་བསུ་ཞུ།
ཁོ་བོའི་འདས་པའི་བགྲང་བྱ་བཅུ་ལྷག་གི་རིང་གཞི་རིམ་འོག་མིའི་སློབ་ཕྲུག་རྣམ་པར་སློབ་ཁྲིད་ཀྱི་ཉམས་མྱོང་དང་སྦྲགས་ཏེ་བརྗོད་གཞི་འདི་འོག་ས་བཅད་དྲུག་གི་ཐོག་ནས་འགྲེལ་བརྗོད་ཞུ་རྒྱུ་ཡིན།
༡། ནང་སྦྱོང་གི་ངོ་བོ།
༢། ནང་སྦྱོང་སྐུལ་བའི་དགོས་དམིགས་སམ་གལ་གནད།
༣། ནང་སྦྱོང་སྐུལ་སྟངས་ཀྱི་རྣམ་པའམ། ནང་སྦྱོང་བསྐུལ་ཚུལ།
༤། ནང་སྦྱོང་སྐུལ་སྟངས་མ་འགྲིག་པའི་ཉེས་སྐྱོན།
༥། དགེ་རྒན་ནས་ནང་སྦྱོང་ཞུ་དག་གནང་ཕྱོགས།
༦། ཕ་མའམ་ཕྲུ་གུར་ལྟ་སྐྱོང་པས་སློབ་མའི་ནང་སྦྱོང་ལ་མཐུན་འགྱུར་གནང་ཕྱོགས།
དང་པོ། ནང་སྦྱོང་གི་ངོ་བོ།
སྤྱིར་ནང་སྦྱོང་ཞེས་པ་གོ་བདེ་བོའི་ངང་བརྗོད་ན། སློབ་དགེ་ཞིག་ནས་སློབ་ཕྲུག་ཚོར་འཛིན་ཁང་གི་སློབ་ཁྲིད་དང་འབྲེལ་བའི་སྦྱོང་ཚན་རིགས་བྱེད་སྒོ་སྣ་མང་གི་ངོ་བོར་བསྐུལ་བའི་ལས་དོན་ཞིག་ལ་ཟེར། ནང་སྦྱོང་དེ་ཡང་ངག་ཐོག་ནས་བློ་འཛིན་བྱ་རྒྱུ་དང། ཡིག་ཐོག་ནས་འབྲི་རྒྱུ། འདྲ་གཟུགས་བཟོ་རྒྱུ་བཅས་རིགས་སྣ་ཚོགས་སུ་འབྱེད་རྒྱུ་ཡོད།
གཉིས་པ། ནང་སྦྱོང་སྐུལ་བའི་དགོས་དམིགས་སམ་གལ་གནད།
དགེ་རྒན་ཞིག་གི་ངོས་ནས་སློབ་མ་ཚོར་ནང་སྦྱོང་སྐུལ་བའི་དགོས་དམིགས་གསལ་པོ་ངོ་སྤྲོད་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན། ནང་སྦྱོང་སྐུལ་བ་འདི་ནིི། སློབ་གཉེར་བ་ཞིག་ལ་ཆ་མཚོན་ན་ཤེས་ཡོན་སློབ་གསོ་སྤྲོད་པའི་བརྒྱུད་རིམ་ཁྲོད་གནད་དོན་གལ་འགངས་ཆེན་པོ་ཞིག་ཆགས་ཡོད། དེ་ནི་འཛིན་ཁང་གི་སློབ་ཁྲིད་ལ་སྐྱར་སྦྱོང་གི་རྣམ་པ་འབའ་ཞིག་ལ་ངོས་འཛིན་པ་ཙམ་མིན་པར། དེ་བས་སློབ་མ་ཞིག་ནས་འཛིན་ཁང་དུ་སློབ་ཁྲིད་གནང་བ་དེའི་ནང་དོན་རྣམས་རང་ངོས་ནས་བསམ་གཞིགས་དང། འདྲི་བརྩད། དཔྱད་ཞིབ་སོགས་ཐབས་ལམ་དུ་མ་བརྒྱུད་ནས་རང་ཉིད་ཀྱི་རྣམ་རྟོག་རྒྱ་ཆེར་གོང་སྤེལ་གཏོང་ཐུབ་པའི་བརྒྱུད་ལམ་གལ་ཆེན་པོ་ཞིག་ཆགས་ཡོད། གཞན་ཡང་། ནང་སྦྱོང་དེ་ནི་དགེ་རྒན་ཞིག་ནས་སློབ་ཁྲིད་ཐབས་ལམ་སྣ་ཚོགས་བརྒྱུད་འཛིན་ཁང་ནང་སློབ་ཁྲིད་གནང་བཞག་པ་དེ་ལ། སློབ་མ་སོ་སོས་སྦྱངས་བརྩོན་གྱིས་བསླབ་གཞི་དེའི་ནང་དོན་ཐད་ངེས་ཤེས་བརྟན་པོ་ཞིག་སྐྱེས་ཐུབ་པ་མ་ཟད། ནང་སྦྱོང་དེའི་བརྒྱུད་ནས་སློབ་མ་ཚོའི་བློ་འཛིན་གྱི་རྩལ། ཀློག་རྩལ། འབྲི་རྩལ། དཔྱད་ཞིབ་ཀྱི་རྩལ། གནས་ཚུལ་མཁོ་སྒྲུབ་ཀྱི་རྩལ། གསར་གཏོད་ཀྱི་རྩལ་སོགས་རྩལ་སྣ་མང་གོང་འཕེལ་འགྲོ་ཐུབ་པའི་ཆ་རྐྱེན་ཚང་དགོས།
གསུམ་པ། ནང་སྦྱོང་སྐུལ་སྟངས་ཀྱི་རྣམ་པའམ། ནང་སྦྱོང་བསྐུལ་ཚུལ།
༡། སྤྱིར་སློབ་མ་གང་ཞིག་ལ་ནང་སྦྱོང་སྐུལ་སྐབས་སློབ་མ་བྱེ་བྲག་པ་དེའི་ཤེས་ཚད་དང། ལོ་ཚད། ཁམས་དང་མོས་པ། དེའི་ཁྱིམ་ཚང་དང་ཁོར་ཡུག་གི་གནས་བབ་སོགས་གནད་དོན་མང་དག་ཅིག་ལ་གཞིགས་རྒྱུ་གལ་ཆེན་པོ་ཆགས་ཡོད། ལྷག་པར་དུ་སློབ་མ་ཚོར་ནང་སྦྱོང་སྐུལ་བ་དེ་ཡང་ཁོང་ཚོས་བསླབ་གཞི་དེའི་སྦྱོང་ཚན་ཁག་སློབ་དེབ་ནས་འབྲི་དེབ་ནང་བཤུས་བཞག་པ་ཁོ་ན་མིན་པར། ནང་སྦྱོང་སྐུལ་བ་དེར་ཁོང་ཚོས་རང་ངོས་ནས་བསམ་གཞིགས་དང། འདྲི་བརྩད་བྱ་རྒྱུ་ཡོད་པ་ཞིག་སྐུལ་ཐུབ་ཚེ་དེས་ཁོང་ཚོས་རང་ངོས་ནས་བསླབ་གཞི་དེའི་ནང་དོན་དཔྱིད་ཕྱིན་པ་ཁོང་དུ་ཆུད་པ་མ་ཟད། དེའི་བརྒྱུད་སློབ་མ་ཚོར་དུས་རབས་ཉེར་གཅིག་པའི་སློབ་སྦྱོང་སྤྲོད་པའི་ཐབས་ལམ་མམ་ཁྱད་ཆོས་གཙོ་བོ་སྟེ་ཉམས་ཞིབ་དང་དཔྱད་ཞིབ་ཀྱི་སྒྱུ་རྩལ་བཟང་པོ་ཞིག་བསྐྲུན་ཐུབ་པ་མ་ཟད། ཁོང་ཚོས་ནང་སྦྱོང་དེ་ལ་སྤྲོ་བས་འཇུག་ཐུབ་པའི་དགེ་ཕན་ཡང་ཡོད།
ང་ཚོའི་བཙན་བྱོལ་གཞུང་གི་ཤེས་ཡོན་གྱི་ལམ་ལུགས་ལ་ཆ་མཚོན་ན་ཡང་། འདས་པའི་ལོ་ངོ་བཅུ་ཕྲག་འགའི་བརྒྱུད་རིམ་ཁྲོད་འགྱུར་བ་རླབས་ཆེ་ཕྱིན་ཏེ། ངེད་ཅག་བོད་མི་རིགས་ཀྱི་གནའ་བོའི་རིག་གཞུང་དང། དུས་རབས་ཉེར་གཅིག་པའི་ཤེས་ཡོན་བཅས་གནའ་དེང་ཟུང་འབྲེལ་གྱི་བཙན་བྱོལ་བོད་མིའི་ཡང་དག་པའི་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་བྱུང་བའི་རྗེས། གཙོ་བོ་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དགོས་དམིགས་དང། དེར་འཇུག་པའི་བསླབ་གཞི་རྩ་འཛིན། རྩ་འཛིན་དེར་གཞི་ལ་བཞག་པའི་ཐོག་བསླབ་གཞི་དང་སློབ་དེབ་ཀྱི་ནང་དོན་སོགས་ལ་ཡར་རྒྱས་ཀྱི་རྣམ་པ་ཇེ་ཆེར་འགྲོ་མུས་ཁར། སློབ་ཚན་དེ་དག་གི་བྱེད་སྒོ་ཁག་ཏུ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཕྱིན་ཡོད།
༢། ནང་སྦྱོང་སྐུལ་བའི་གནད་དོན་གལ་ཆེན་པོ་གཞན་ཞིག་ནི། ནང་སྦྱོང་དེ་བཞིན་སློབ་མ་རང་ཉིད་ཀྱི་མི་ཚེའི་མྱོང་བ་དང་འབྲེལ་བ་བཏགས་ཐུབ་པ་ཞིག་དགོས། དཔེར་ན། གུས་པའི་སློབ་ཁྲིད་བྱ་ཡུལ་གཞི་རིམ་འོག་མའི་འཛིན་རིམ་ལྔ་པའི་བོད་ཡིག་སློབ་དེབ་ཀྱི་སློབ་ཚན་དང་པོ་༼༸གོང་ས་མཆོག་གི་བཀའ་སློབ་༽ ནང་གི་བྱེད་སྒོ་ཞིག་ཏུ། ༼དུས་རྒྱུན་སློབ་གྲྭའི་ནང་ཡ་རབས་དང་མ་རབས་ཀྱི་བྱ་སྤྱོད་ཅི་ཡོད་གཤམ་གསལ་སྒམ་གཉིས་ནང་སོ་སོར་བྲིས་༽ཞེས་འཁོད་པ་བུར་ཆ་མཚོན་ན། སློབ་མ་སོ་སོས་རང་ཉིད་ལ་གཞིར་བཞག་སྟེ་བྱེད་སྒོ་དེ་ནང་སྦྱོང་དུ་འབྲི་འཇུག་སྐབས་ཁོང་ཚོས་སྦྱོང་ཚན་དེ་རང་ཉིད་ལ་འབྲེལ་བ་བཏགས་ཏེ་སོ་སོས་སློབ་གྲྭའི་ནང་ཡ་རབས་དང་མ་རབས་ཀྱི་བྱ་སྤྱོད་གང་དང་གང་སྤེལ་བ་བསམ་བློ་བཏང་སྟེ་སྤྲོ་སྣང་གིས་བྲིས་པ་ཙམ་མ་ཟད། ཉིན་ཕྱི་མར་སློབ་མ་ཕན་ཚུན་ནས་དེ་སྐོར་གྲོས་སྡུར་བྱེད་འཇུག་སྐབས་ཡ་རབས་ཀྱི་བྱ་སྤྱོད་དེ་དག་གོང་སྤེལ་གཏང་དགོས་པ་དང། མ་རབས་ཀྱི་བྱ་སྤྱོད་དེ་དག་ཉུང་དུ་གཏང་དགོས་པ་རང་ངོས་ནས་ངོས་འཛིན་ཐུབ་པའི་དགེ་མཚན་ཡང་ལྡན་ཡོད། དེ་ལས་ལྡོག་སྟེ་དེ་སྔ་ཡིན་ན་སྦྱོང་ཚན་དེ་ལྟ་བུ་ཞིག་འབྲི་སྐབས་ཡ་རབས་དང་མ་རབས་ཀྱི་བྱ་སྤྱོད་འགའ་ཤས་དཔེར་བཀོད་པ་དང་དེ་དག་ལས་ཡ་རབས་ཀྱི་སྤྱོད་པ་གང་དང་གང་ཡིན་པ་དང། མ་རབས་ཀྱི་སྤྱོད་པ་གང་དང་གང་ཡིན་པ་སོ་སོར་དབྱེ་བ་འབྱེད་འཇུག་པ་ཙམ་ལས་རང་ཉིད་ནས་དེ་དང་འབྲེལ་བ་བཏགས་མི་ཐུབ་པས་ནང་སྦྱོང་དེ་ལྟ་བུ་འབྲི་བར་མི་སྤྲོ་ཞིང་། བློ་ལ་ཡང་ངེས་དཀའ་བ་ལྟ་བུ་ཆགས་ཡོད།
༣། ནང་སྦྱོང་སྐུལ་སྐབས་སློབ་མའི་ཁྱིམ་ཚང་དང། ནང་མི། ཁོར་ཡུག་སོགས་དང་འབྲེལ་བ་མཐུད་ཐུབ་པ་ཞིག་དགོས། དཔེར་ན། འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་རང་བྱུང་ཚན་རིག་གི་སློབ་ཚན་ལྟ་བུར་ཆ་མཚོན་ན། སློབ་ཚན་དེ་དག་ཏུ་སྦྱོང་ཚན་ཕལ་མོ་ཆེ་སོ་སོའི་ཁྱིམ་ཚང་དང། ནང་མི། ཁོར་ཡུག་སོགས་དང་འབྲེལ་བ་ཡོད་པ་ཁོ་ན་ཡིན་པར་བརྟེན་སློབ་མ་ཚོར་དེ་དང་འབྲེལ་བའི་ནང་སྦྱོང་སྐུལ་སྐབས་སོ་སོའི་ཁྱིམ་ཚང་གི་ཅ་དངོས་ཁག་ལ་ལྟ་ཞིབ་བྱས་པ་དང། ནང་མི་རྣམས་ལ་ནང་སྦྱོང་དང་འབྲེལ་བའི་གནད་དོན་འདྲི་བརྩད་བྱས་པ། དེ་བཞིན་རང་ཉིད་ནས་རང་བྱུང་ཁམས་ལ་མྱུལ་ཞིབ་བྱས་ཏེ་བསྒྲུབ་རྒྱུ་ཡོད་པའི་ནང་སྦྱོང་དེ་དག་ལ་ཁོང་ཚོས་སྤྲོ་བ་བརྟས་ཏེ་འཇུག་པ་ཅིས་མི་མངོན།
༤། རྣམ་དཔྱོད་འཕེལ་བའི་བྱེད་སྒོ་སྣ་མང་གི་ཐོག་ནས་ནང་སྦྱོང་སྐུལ་བ།
རྣམ་དཔྱོད་འཕེལ་བའི་བྱེད་སྒོ་སྟེ། མཐོང་ཐོས་མྱོང་གསུམ་དང། ཉ་རུས་དཔེ་རིས། དགེ་སྐྱོན་དོགས་གསུམ་སོགས་ཆེས་མཐོའི་རིག་རྩལ་གྱི་བྱེད་སྒོ་དེ་ལྟ་བུ་ནི་སློབ་མ་སོ་སོས་རང་ཉིད་ཀྱི་རྣམ་དཔྱོད་དང་མྱོང་བ་དང་འབྲེལ་ཏེ་བསྒྲུབ་དགོས་པའི་བྱེད་སྒོ་ཡིན་ན། སློབ་མ་ཚོར་བསླབ་གཞི་དང་འབྲེལ་བའི་གནད་དོན་ཁག་བྱེད་སྒོ་དེ་རིགས་བརྒྱུད་ནང་སྦྱོང་དུ་བསྐུལ་ན་དེས་སློབ་མ་ཚོའི་རྣམ་དཔྱོད་གོང་འཕེལ་དུ་ཕྱིན་པའི་དགེ་མཚན་ཆེ་བར་མངོན།
༥། ནང་སྦྱོང་མང་ཉུང་འཚམས་པ་དགོས་གལ།
དེང་དུས་སློབ་གྲྭའི་ཤེས་ཡོན་ལམ་ལུགས་ནང་སློབ་མའི་ཕྱོགས་ཡོངས་ནས་འཕེལ་རྒྱས་(Holistic Development) ལ་གཙིགས་ཆེ་བར་ངོས་འཛིན་ཞུ་བཞིན་ཡོད་ན། སློབ་མ་ཚོས་རང་ཁྱིམ་དུ་ལོག་རྗེས་རང་གི་རོགས་པ་ལྷན་དུ་རྩེད་མོར་རོལ་བ་དང། ཕ་མ་དང་སྤུན་མཆེད་མཉམ་དུ་དུས་ཚོད་སྐྱེལ་རྒྱུ་ཡོད་པ། རི་མོ་བྲི་རྒྱུ་ཡོད་པ། སྒྲུང་བཀླག་རྒྱུ་ཡོད་པ་སོགས་སློབ་མའི་རིག་རྩལ་སྣ་མང་གོང་འཕེལ་གྱི་གལ་གནད་ལ་གཞིགས་ཏེ། དགེ་རྒན་ཞིག་ནས་སློབ་མ་ཚོར་ཉིན་ལྟར་ནང་ལས་མ་བསྐུལ་བ་དང། བསྐུལ་བ་དེ་ཡང་མང་ཉུང་འཚམས་པ་ཞིག་དགོས་རྒྱུ་ཡང་གལ་འགངས་ཆེ།
བཞི་པ། ནང་སྦྱོང་སྐུལ་སྟངས་མ་འགྲིག་པའི་ཉེས་སྐྱོན།
ནང་སྦྱོང་སྐུལ་བའི་དགེ་ཕན་གོང་དུ་བརྗོད་པ་བཞིན་དེ་གལ་ཆེན་པོ་ཡིན་མོད། འོན་ཀྱང་དེ་ལས་ལྡོག་སྟེ་སློབ་མ་ཚོར་ནང་སྦྱོང་སྐུལ་སྟངས་མ་ཤེས་ཚེ་ནང་སྦྱོང་བསྐུལ་བ་དེས་ཁོང་ཚོར་དགེ་ཕན་ལས་གནོད་སྐྱོན་ཆེ་བ་འབྱུང་སྲིད། དཔེར་ན། སློབ་མ་ཚོར་ནང་སྦྱོང་སྐུལ་སྐབས་ཁོང་ཚོས་སོ་སོའི་མྱོང་བ་དང་འབྲེལ་བ་བཏགས་རྒྱུ་མེད་པ་དང། རང་ངོས་ནས་དཔྱད་ཞིབ་རིགས་བྱེད་རྒྱུ་མེད་པ། སློབ་དེབ་ནས་གནས་ཚུལ་ཇི་བཞིན་དཔེ་བཤུས་པ་ལྟ་བུའི་རིགས་སུ་གྱུར་ཚེ་དེས་སློབ་མ་ཚོའི་རིག་སྟོབས་འཕེལ་རྒྱུ་མེད་པའི་ཁར། ཁོང་ཚོས་ནང་སྦྱོང་དེར་འཇུག་པའི་སྤྲོ་སྣང་ཇེ་ཞན་དུ་གྱུར་བ་མ་ཟད། ནང་སྦྱོང་ཞེས་ཚིག་ཐོས་མ་ཐག་ཉོབ་སྣང་སྦྱིན་པ་དང། ཁོང་ཚོས་ནང་སྦྱོང་ལ་ཁུར་པོ་ལྕི་བོ་ཞིག་ཏུ་ངོས་འཛིན་པའི་ཉེན་ཁ་ཡང་ཆགས་པ་ཉམས་ཞིབ་དུ་མའི་གྲུབ་དོན་དུ་མངོན་རྒྱུ་ཡོད།
ལྔ་པ། དགེ་རྒན་ནས་སློབ་མའི་ནང་སྦྱོང་ཞུ་དག་གནང་ཕྱོགས།
དགེ་རྒན་ཞིག་ནས་སློབ་ཕྲུག་ཚོར་ནང་སྦྱོང་དུས་ཐོག་ཏུ་ཞུ་དག་ངེས་པར་དུ་གནང་དགོས་པ་དང། ཞུ་དག་གནང་བའི་སྐབས་སུ་ཡང་སློབ་ཕྲུག་ཚོས་ཕྲད་སྦྱོར་ཚུལ་དང། དག་ཆ་སོགས་ནོངས་པ་ཡོད་ཚད་ལ་སྒོར་ཐིག་གིས་ཤོག་ངོས་དམར་རྟགས་ཀྱིས་བཀང་ཚེ་སློབ་མའི་བློ་ཞུམ་སྟེ། དེ་སྔ་ནས་ནང་སྦྱོང་བྲིས་ཁག་པའི་ཁར་ཡང་སྐྱར་ནང་སྦྱོང་བྱེད་པའི་སྤྲོ་སེམས་ཇེ་ཉུང་དུ་འགྲོ་ཉེན་ཆེ་ན། སློབ་མ་ཚོར་དག་ཆ་ཡར་རྒྱས་སམ་ཕྲད་སྦྱོར་ཚུལ་ལ་སོགས་པའི་དམིགས་ཡུལ་གཅིག་གཞིར་བཞག་གིས་ནོར་བཅོས་གནང་སྟེ་རིམ་པས་ཕྱོགས་ཡོངས་ནས་ཡར་རྒྱས་གཏང་རྒྱུར་འབད་དགོས།
ནང་སྦྱོང་དང་འབྲེལ་བའི་མཆན་འགོད་སྟངས་ཀྱི་ཐད་ལའང། ནང་སྦྱོང་ལེགས་པོ་བྲིས་པའི་སློབ་ཕྲུག་ཚོར་འཛིན་གྲྭའི་ནང་དུ་བསྔགས་བརྗོད་ཀྱི་མཆན་འགོད་དགོས་པ་ལྟ་ཅི། ཡང་སྒོས་རིག་སྟོབས་ཞན་པའི་སློབ་ཕྲུག་ཚོར་ཡང་ནང་ལས་དུས་ཐོག་བྱས་པའམ། ཡིག་གཟུགས་ཡག་པོ་བྲིས་པ་སོགས་ཀྱི་བསྔགས་བརྗོད་ཀྱི་མཆན་ཐུང་རེ་འགོད་པ་དང་སྦྲགས། རྗེས་མ་ནང་སྦྱོང་འབྲི་སྐབས་དག་ཆ་ལ་ཐུགས་སྣང་གནང་དགོས་སྐོར་ཡང་མཆན་དུ་འགོད་ཚེ་སློབ་མ་དེར་བསྔགས་བརྗོད་དང་རེ་སྐུལ་གཉིས་པོའི་བརྒྱུད་ནས་རིམ་པས་ཡར་རྒྱས་ལ་འཇུག་པའི་སྤྲོ་སེམས་བརྟས་ཐབས་གནང་དགོས། དེ་ལས་ལྡོག་སྟེ་སློབ་མ་ཞིག་ནས་ནང་སྦྱོང་བྲིས་མེད་པའམ། ནོངས་པ་བྲིས་པར་སློབ་ཕྲུག་དམངས་ཀྱི་མདུན་ལ་གཤེ་གཤེ་བཏང་བ་དང། དམའ་འབེབས་བྱས་ཚེ་དེས་སློབ་མ་དེའི་ནང་སྦྱོང་བྲི་རྒྱུའི་འདུན་པ་སྔར་ལས་ཇེ་ཞན་དུ་འགྲོ་ངེས་ན་དེ་དོན་ཐུགས་གཟབ་གནང་གལ་ཆེ།
དྲུག་པ། ཕ་མའམ་ཕྲུ་གུར་ལྟ་སྐྱོང་པས་སློབ་མའི་ནང་སྦྱོང་ལ་མཐུན་འགྱུར་གནང་ཕྱོགས།
སྤྱིར་སློབ་གྲྭའི་བྱེད་སྒོ་རྣམ་གཞག་ཆེ་འབྲིང་ཆུང་གསུམ་གང་འདྲ་ཞིག་ཡིན་རུང་དེའི་ཐོག་ཕ་མས་མཁྱེན་རྟོགས་ཡོད་པ་དང། དེ་ལ་ཉེར་མཁོའི་མཐུན་འགྱུར་སྦྱོར་སྤྲོད་བྱ་རྒྱུ་གལ་ཆེན་པོ་ཡིན། འདས་པའི་ལོ་ཤས་ནས་དཔལ་ལྡན་ཤེས་རིག་ལས་ཁུངས་ངོས་ནས་ཀྱང་ཕ་མ་ཚོར་༼ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་༽དང་འབྲེལ་བའི་ཟབ་སྦྱོང་རབ་དང་རིམ་པས་གནང་ཡོད་པ་དེའི་ནང་ཕ་མ་ཚོས་སོ་སོའི་ཕྲུ་གུར་གསོ་སྐྱོང་གནང་སྟངས་སྐོར་སློབ་སྟོན་ཟབ་རྒྱས་སྤེལ་ཡོད།
སློབ་མའི་ནང་སྦྱོང་ཐད་ཕ་མའི་ངོས་ནས་མཐུན་འགྱུར་བྱ་ཚུལ་སྐོར་མདོ་ཙམ་བརྗོད་ན། དེ་ཡང་ཐོག་མར་ཕ་མ་རྣམ་པས་སོ་སོའི་ཕྲུ་གུར་ཉིན་རེར་འཛིན་གྲྭར་སློབ་ཁྲིད་གང་དང་གང་གནང་ཡོད་པ་དང་། ནང་སྦྱོང་གང་བསྐུལ་ཡོད་པ་སོ་སོའི་སློབ་མར་འདྲི་བརྩད་བྱ་དགོས། གཞན་ཡང་སློབ་མའི་བྲི་དེབ་ལ་ལྟ་ཞིབ་བྱ་དགོས། ལྷག་པར་དུ་ཕྲུ་གུས་ནང་སྦྱོང་བྲི་སྐབས་མ་ཤེས་པ་རིགས་བྱུང་ཚེ་ཕྲུ་གུ་ལྷན་དུ་དེའི་ཐོག་གོ་སྡུར་བྱ་དགོས། འོན་ཀྱང་ནང་སྦྱོང་སློབ་མ་རང་ཉིད་ནས་བྲི་རུ་འཇུག་དགོས། ཅི་སྟེ་ཕ་མས་ནང་སྦྱོང་གི་གནད་དོན་མ་རྟོགས་ཚེ་དྲྭ་རྒྱ་ནས་འཚོལ་ཞིབ་བྱེད་པ་སོགས་ཀྱི་བརྒྱུད་སོ་སོའི་ཕྲུ་གུ་ལ་མཐུན་འགྱུར་བྱ་དགོས། གལ་ཆེ་ཤོས་ཕ་མ་གཉིས་པོས་ནང་གི་བྱེད་སྒོ་ཁག་ཤ་སྟག་བསྒྲུབ་པ་ལ་མགོ་མ་གཡེང་བར་ཕ་མ་གང་རུང་ཞིག་ནས་སོ་སོའི་ཕྲུ་གུ་ལ་ནང་སྦྱོང་འབྲི་སྐབས་གང་ཐུབ་མཉམ་དུ་བསྡད་དགོས།
ལྷག་པར་དུ་དེང་དུས་ཕ་མ་མང་པོ་ཞིག་ནས་རང་ཉིད་ལག་ཐོགས་ཁ་པར་དུ་སྤྱི་ཚོགས་དྲྭ་རྒྱའི་ལྟད་མོ་རྣམས་ལ་མགོ་རྨོངས་ཤིང་སོ་སོའི་ཕྲུ་གུ་ལ་ཡང་ཁ་པར་སྤྲད་དེ་ཁོང་ཚོའི་ཤེས་ཡོན་ལ་གྱོང་གུད་ཚབ་ཆེ་བཏང་དང་གཏོང་བཞིན་པ་ནི་ཡ་ང་བའི་གནས་ཚུལ་ཞིག་རེད། དེའི་ཐད་ཕ་མ་ཚོར་གོ་རྟོགས་སྤེལ་རྒྱུ་དང། དུས་ནས་དུས་སུ་དྲན་གསོ་གཏང་རྒྱུ་གལ་ཆེ།
མཐའ་དོན། རང་གཞུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བརྗོད་གཞི་གལ་ཆེ་འདི་ལྟ་བུར་འབྲི་རྩོམ་གྱི་ལམ་ནས་བསམ་ཚུལ་བརྗེ་ལེན་ཞུ་རྒྱུ་ཙམ་མིན་པར། དངོས་ཡོད་སློབ་ཁྲིད་ཀྱི་ལག་ལེན་དུ་ཡང་དེ་དང་འབྲེལ་བའི་སློབ་མར་ནང་སྦྱོང་སྐུལ་སྟངས་ཀྱི་ཐོག་ལ་དགོས་ངེས་ཀྱི་འགྱུར་བ་གཏང་དགོས་པ་ཁ་ཚ་དགོས་གཏུགས་ཤིག་ལ་ངོས་འཛིན་ཞུ་བ་དང་སྦྲགས། དེ་མཚུངས་ཕྱག་བསྟར་གྱི་རེ་སྐུལ་ལན་མང་ཞུ།

ད་བར་དཔྱད་མཆན་མེད།