བསོད་ནམས་སྒྲོལ་མ།
འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།
རྩོམ་པ་པོ། གཞོན་ནུ་མགོ་སེ། དཔར་ཁང་། བོད་ཀྱི་དཔེ་མཛོད་ཁང།
དང་པོ། སྒྲུང་གི་ནང་དོན། ག་རེའི་སྐོར་ལ་བྲིས་འདུག་ཟེར་ན། བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་བཀྲ་ཤིས་ཞེས་པ་ཞིག་གིས། སྐལ་བཟང་དོན་གྲུབ་ཀྱིས་ཕྱག་རྩོམ་གནང་བའི་སྒྲོལ་མ་ཉེར་གཅིག་ཅེས་པའི་སྙན་དེབ་དེ་བཀླགས་རྗེས། བཀྲ་ཤིས་ཀྱི་ཡིད་སེམས་དུས་རྟག་ཏུ་སྒྲོལ་མ་ཉེར་གཅིག་གི་ཕྱོགས་སུ་དབང་བ་དང་། དེ་བཞིན་ཤོ་ལོ་ཀ་རེ་རེའི་གསང་བ་དེ་དུས་ནམ་ཞིག་ལ་ཤེས་རྟོགས་ཐུབ་ན་སྙམ་ནས་རྩོམ་ཡིག་དེའི་རྒྱབ་ལོགས་སུ་གསང་བ་ཅི་འདྲ་ཞིག་ཡོད་མེད་ལ་སོགས་པ་དང་། དེ་བཞིན་ཕོ་ཧྲེང་ཞིག་གི་རང་ཉིད་ཀྱི་མི་ཚེ་གཅིག་གི་ནང་སྙིང་སྡུག་ཉི་ཤུ་རྩ་གཅིག་བྱུང་ཡོད་པས། ཁོའི་བརྩེ་གདུང་ངོ་མ་དེ་སུ་ལ་ཡོད་མེད་དག་གི་དྲི་བ་རྣམས་བཀྲ་ཤིས་ལ་མཚོན་ན་ལན་འདེབས་དེ་དག་ཤེས་འདོད་ཀྱི་འདུན་པ་དྲགས་པོ་དེ་དོར་དཀའ་བའི་གནས་ཚུལ་བྲིས་འདུག
གང་ཡིན་ཟེར་ན། དང་ཐོག་བཀྲ་ཤིས་ཀྱིས་སྒྲུང་ནང་གི་གསང་བ་དེ་དག་ཤེས་ཆེད་རྩོམ་པ་པོ་སྐལ་བཟང་དོན་གྲུབ་ཀྱི་སྐྱེ་ཡུལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕྱིན་ཡང་། སྐལ་བཟང་དོན་གྲུབ་ཀྱི་ནུ་བོ་ཚེ་རིང་དོན་གྲུབ་ཀྱིས་སྐལ་བཟང་ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དེ་སྨྲས་མོད། འོན་ཀྱང་། གནས་ཚུལ་དེ་ཡིས་བཀྲ་ཤིས་ཀྱི་འདོད་པ་དང་འདུན་པའི་ལམ་ཁ་དེ་ནམ་ཡང་བཀག་ཐུབ་མེད་ཅིང་ཤོ་ལོ་ཀ་གཅིག་ཙམ་མ་གཏོགས་གཞན་རྣམས་ཀྱི་གསང་བ་བརྟོལ་ཐུབ་པ་བྱུང་ཡོད་པའི་སྐོར་བྲིས་འདུག
གཉིས་པ། སྒྲུང་འདི་ནང་གི་མི་སྣ་ཡི་སྐོར། རྩོམ་པ་པོས་མི་སྣ་ཉི་ཤུ་རྩ་གཅིག་ཚིགས་བཅད་ནང་བཀོད་པ་རྣམས་སྐལ་བཟང་དོན་གྲུབ་ཀྱི་མཛའ་མོ་ཤ་སྟག་ཡིན་འདུག་ལ། དེ་ལས་གཞན་པ་ནི་སྐལ་བཟང་ཁོ་རང་དང་བཀྲ་ཤིས་ཚེ་རིང་དང་། ཚེ་རིང་དོན་གྲུབ། ཨ་ཁུ་རྡོ་རྗེ་བཀྲ་ཤིས་བཅས་ནི་མི་སྣ་གཙོ་བོ་བཟུང་ནས་བྲིས་འདུག
གསུམ་པ། སྒྲུང་འདི་བཀླགས་ནས་ཕན་ཐོགས་ཀྱི་སྐོར། ངས་དཔེ་དེབ་འདི་ཐོག་མར་ལག་ཏུ་ལེན་སྐབས། རེ་བ་ཅི་ཡོད་མི་ཤེས་པའི་ཚོར་སྣང་བྱུང་། ངས་ཀློག་འདོད་ཆེན་པོ་ཡོད་ནའང་། རང་ཉིད་ཀྱིས་གོ་རྟོགས་དང་ནུས་པ་ཇི་ཙམ་ཞིག་ཐོབ་ཐུབ་མིན་ཐད་དོགས་པ་ཞིག་ཀྱང་རང་བཞིན་གྱིས་སྐྱེས་ནས་སླེབས་སོང་མོད། འོན་ཀྱང་། ངས་ཨུ་ཚུགས་ཀྱིས་མུ་མཐུད་ནས་་བཀླགས་པ་ན། རང་ཉིད་ཀྱི་གོ་རྟོགས་དང་ནུས་པ་གཉིས་ཀར་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་པ་མཐོང་བྱུང་།
ངས་ཐོག་མར་དོ་སྣང་བྱུང་བའི་གནད་དོན་དང་པོ་ནི། རང་གི་མིང་ཚིག་གི་ཤེས་ཚད་ཡར་རྒྱས་ཕྱིན་པ་དེ་རེད། ངས་ཇི་ཙམ་མང་བ་ཀློག་པ་དེ་ཙམ་གྱིས་སྔར་མཐོང་མ་མྱོང་བའི་མིང་ཚིག་མང་དུ་འཕྲད་ཀྱི་འདུག ངས་རྒྱུས་མངའ་མེད་པའི་མིང་ཚིག་རྣམས་འཚོལ་བར་ཆེད་འབད་བརྩོན་བྱས་པ་དང་། དེའི་འབྲས་བུར་རང་གི་མིང་ཚིག་གི་མཛོད་ནང་དུ་མིང་ཚིག་གསར་པ་མང་པོ་བསྣན་ཐུབ་པ་བྱུང་།
དཔེ་དེབ་འདིས་ངའི་བསམ་བློ་དང་མཐོང་རྒྱ་བསམ་ཡུལ་ལས་འདས་པའི་ཆེ་རུ་བཏང་སོང་། ལེའུ་རེ་རེ་ཀློག་སྐབས་ངས་རྒྱུས་མངའ་མེད་པའི་བརྗོད་གཞི་དང་ལྟ་ཚུལ་གསར་པ་ཤེས་རྟོགས་བྱུང་སོང་། དཔེ་དེབ་གཅིག་གིས་བསམ་བློ་དང་། དངོས་དོན། ལྟ་ཚུལ་བཅས་ཀྱི་འཇིག་རྟེན་གསར་པ་ཞིག་གི་སྒོ་མོ་ཕྱེ་བ་ནི་ངོ་མཚར་ཆེ་བ་ལ་ཨང་བསམ་བྱུང་།
མཐར་ང་ལ་ཤེས་བྱ་གསར་པ་མང་པོ་ཞིག་ཐོབ་པ་དང་མཉམ་དུ་སྤོབས་པ་ཡང་ཇེ་ཆེར་ཕྱིན། ད་ཆ་ངས་དེབ་འདིའི་བརྗོད་གཞི་དང་འབྲེལ་བའི་བརྗོད་གཞི་ཁག་གི་སྐོར་ལ་གླེང་མོལ་བྱེད་སྐབས་སེམས་ཀྱི་ཞི་བདེ་རྙེད་སོང་། མཇུག་བསྡོམས་སུ། དཔེ་དེབ་འདི་བཀླགས་ནས་ང་ལ་གྲུབ་འབྲས་ཆེ་བའི་ཉམས་མྱོང་མང་པོ་ཞིག་རེག་བྱུང། ངས་རང་གི་ཤེས་ཡོན་རྒྱ་བསྐྱེད་བྱས་པ་ཙམ་མ་ཡིན་པར། དཔྱད་ཞིབ་བྱེད་རྒྱུའི་བསམ་བློའི་ནུས་རྩལ་ཡང་གོང་འཕེལ་བཏང་ཐུབ་པ་བྱུང་སོང་། དེ་བཞིན་ཚིག་ཀྱང་ཕྱུག་ཏུ་ཕྱིན་པ་དང་ངས་མུ་མཐུད་དེ་དཔེ་དེབ་ཀློག་པའི་ལམ་བུར་ཞུགས་ནས་རང་ཉིད་གང་ཙམ་སླེབས་ཐུབ་མིན་ལྟ་རྒྱུར་དགའ་སྒུག་ཆེ་ཤིན་ཏུ་ཆེ།
བཞི་བ། སྒྲུང་གི་ཚིག་གསར།
- ཁ་གཡར། གཞན་ལ་ཁག་འགེལ་བའི་དོན་ཡིན།
- བསེ་མོག་། ཕོ་མོའི་མཚན་མ་ལས་འགོས་ཁྱབ་གྱུར་པའི་ནད་ཀྱི་མིང།
- བསྣོགས། གོང་འོག་དང་གོ་རིམ་རྒྱུ་འབྲས་སོགས་ཀྱི་དངོས་ཡོད་ཀྱི་རིམ་པ་དཀྲུགས་པའི་དོན།
- གདའ་རེས། ཨ་མདོ་ཡུལ་སྐད་དེ་རྗེས་འདེད་བཏང་བའི་དོན།
- ཨོང་བ། གནག་ཕྱུག་གི་ལྕི་བ་སྐམ་པོའི་མིང།
- ཤུར། ཞེང་ཆུང་ལ་སྲིད་རིང་པོ་གཤོང་དབྱིབས་ཅན་
- གཞལ་། མཇལ་བའི་དོན།
- ཚ་འདྲི། གཅར་རྡུང་བྱེད་པ་སོགས་དྲག་པོའི་བྱ་ཐབས་སྤྱད་དེ་མིའི་ཁ་ནས་གནས་ཚུལ་ལེན་པ།
- བ་སྤུའི་མེ་ཏོག། མེ་ཏོག་ཞིག་གི་མིང་ལ་གོ།
- ཕྱེ་ཐུག རྩམ་པ་དང་གྲོ་ཕྱེ་སོགས་ལས་བཟོས་པའི་ཐུག་པ།
ལྔ་བ། སྒྲུང་འདི་བཀླགས་ནས་ཚོར་བ་ག་རེ་བྱུང་བའི་སྐོར། དཔེ་དེབ་ཅིག་ཀློག་པ་ནི་རྒྱུན་དུ་ཤེས་ཡོན་གྱི་སྦྱོང་བརྡར་ལས་ལྷག་པ་སྟེ། དེ་ནི་སེམས་ཚོར་གྱི་འགྲུལ་བཞུད་ཅིག་རེད། ང་དེབ་ཀྱི་ནང་དུ་ཇེ་ཟབ་ཏུ་འཛུལ་བ་དང་བསྟུན་ནས་མི་སྣ་རྣམས་ལ་གཏིང་ཟབ་པའི་སེམས་ཚོར་གྱི་འབྲེལ་བ་ཆགས་ཏེ་ཁོང་ཚོའི་སེམས་ཚོར་རྣམས་ངའི་སེམས་ཚོར་དུ་གྱུར། ལྷག་པར་དུ་མི་སྣ་ཚོས་ངས་བློ་མོས་མེད་པའི་ཐག་གཅོད་བྱས་པའམ། ཡང་ན་སྒྲུང་གཞི་གློ་བུར་དུ་ངས་རྟོགས་མི་ཐུབ་པའི་འགྱུར་ལྡོག་བྱུང་སྐབས་སུ་ཡིད་ཐང་ཆད་པའི་ཚོར་སྣང་ཡང་བྱུང་མྱོང། མཐའ་མཇུག་དེར་དེབ་གཅིག་ལེགས་པར་ཚར་བ་ན་སེམས་ལ་དགའ་སྣང་དང་གྲུབ་འབྲས་ཀྱི་ཚོར་བ་ཟབ་མོ་ཞིག་སྟེར། སྒྲུང་འདི་ལ་དུས་ཚོད་དང་འབད་བརྩོན་བཏོན་རྗེས། རང་ཉིད་ལ་ལས་ཀ་དོན་སྙིང་ལྡན་པ་ཞིག་བསྒྲུབས་པ་ལྟར་ཚོར་བ་སྐྱེས་བ་དང་སེམས་ལ་ཞི་བདེའམ་བདེ་སྐྱིད་ཅིག་རང་བཞིན་གྱིས་སྐྱེས་ནས་ཡོང་གི་འདུག་པ་མ་ཟད།
བརྩམས་སྒྲུང་འདི་བཀླགས་ཚར་བའི་ཚོར་བ་དེ་ནི་ང་རང་ཡུལ་སྐོར་སྤྲོ་འཆམ་ལ་སོང་བ་ལྟ་བུ་ཞིག་དང་། ཡུལ་སྐོར་སྤྲོ་འཆམ་གྱི་ལམ་བགྲོད་དེ་མཇུག་རྫོགས་སོང་བའི་ཚོར་སྣང་ཞིག་སྟེར། ང་ལ་སྤོབས་པ་སྐྱེས་འོས་པ་ཞིག་ནི། ངས་ཤེས་བྱ་གསར་པ་མང་པོ་ཞིག་ཁོང་དུ་ཆུད་པ་དང་། རྩོམ་པ་པོའི་མིག་དང་ཁོང་གི་རྗེས་སུ་འབྲངས་ནས་འཇིག་རྟེན་འདི་ཉམས་སུ་མྱངས་པ། ལམ་བར་དུ་རིན་ཐང་ལྡན་པའི་ཉམས་མྱོང་མང་པོ་ཐོབ་སོང་སྙམ་པའི་ཚོར་སྣང་ཞིག་སྐྱེས་པར་མ་ཟད། ད་དུང་སྒྲུང་འདི་འདྲ་མང་པོ་ཞིག་ཀློག་འདོད་ཀྱི་འདུན་པའང་སྐྱེས་སོང་།
ད་བར་དཔྱད་མཆན་མེད།