པདྨ་ལྷུན་གྲུབ། གཞིང་གོང་བོད་དགེ།
སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ།

རྩོམ་པ་པོ།  རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།

༡) རྩོམ་པ་པོའི་ཁྱད་ཆོས་རགས་ཙམ་བརྗོད་པ། ༸རྒྱལ་བའི་མཛད་པ་ལས་འཕྲོས་པ་ཞེས་པའི་དཔེ་དེབ་མཛད་པ་པོ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས་ནི་བཙན་བྱོོལ་ནང་གི་བོད་མིའི་སློབ་གྲྭ་ཐོག་མ་མ་སུ་རིའི་སློབ་ཕྲུག་རྣམས་ཀྱིས་ཁོང་ལ་བརྩི་མཐོང་གནང་བ་མ་ཟད་སློབ་གྲྭའི་པཱ་ལགས་ཞེས་ཞུ་སྲོལ་ཡོད་པ་དང། ཁོང་གིས་སློབ་གྲྭའི་ནང་རྒན་བདག་དང་།སྒྲིག་ཁྲིམས་འགོ་བ།བཅུ་དཔོན་བཅས་ཀྱི་ལས་འགན་གནང་ཡོད་འདུག ཁོང་གིས་ལས་འགན་དེ་དག་ལྷག་བསམ་རྣམ་དག་ཅིག་གནང་ཡོད་པས་ཁོང་ལ་པཱ་བློ་སྦྱིན་ལགས་ཞེས་འབོད་སྲོལ་ཡོད་པ་དང། སློབ་གྲྭ་ནས་མཐར་ཕྱིན་པའི་རྗེས་སུ་མཐོ་སློབ་ནས་གཙུག་ལག་རབ་འབྱམས་སློབ་མཐར་སོན་ཡོད། དེ་ནས་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ཐེག་པ་རིམ་འཛེགས་ཀྱིས་སྐུ་ཚབ་དོན་གཅོད་དང་། སྐུ་སྒེར་དྲུང་ཆེ། བདེ་སྲུང་དྲུང་ཆེ། མཛད་རྣམ་སྡེ་ཚན་གྱི་ཞབས་གཡར་གནང་ཡོད་ཅིང། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཕྱི་ལོ་ ༡༩༨༠ ལོར་སྐུ་ཚབ་ཐེངས་གཉིས་པའི་ཁོངས་སུ་བོད་དུ་ཕེབས། མཐར་ ༢༠༠༨ ལོར་སྲི་ཞུ་བཟང་མཐར་འཁྱོལ་ཏེ་བགྲེས་ཡོལ་རྩ་དགོངས་ཞུས་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ་བཀོད་པ་ཡིན། ཁོང་ནི་དམིགས་བསལ་སྐུ་སྒེར་ཡིག་ཚང་དུ་ལོ་མང་རིང་ཞབས་ཞུ་མཛད་པའི་ཞོར་ལ་རྒྱུན་དུ་ནས་༸གོང་ས་མཆོག་གི་སྐུའི་གམ་བཅར་བ་ཞིག་ཡིན་སྟབས་༸གོང་ས་མཆོག་གི་གཞུང་འབྲེལ་མཛད་རྣམ་ལས་འཕྲོས་པའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་པའི་གསང་བའི་མཛད་པ་རྣམས་ཟུར་དུ་བཀོད་པ་ནི་དཔེ་དེབ་འདིའི་དམིགས་བསལ་ཁྱད་ཆོས་ཤིག་ཆགས་འདུག

༢) དཔེ་དེབ་ཀྱི་ནང་དོན་དངོས་མདོར་ཙམ་བཤད་པ། སྤྱིར་བཏང་༸རྒྱལ་བའི་མཛད་པ་ལས་འཕྲོས་པ་ལས་ཐུང་མོང་མ་ཡིན་པའི་མཛད་པ་ཡིད་དུ་འོང་ཞིང་ངོ་མཚར་བའི་གནས་ཚུལ་མང་དག་ཅིག་བཀོད་འདུག་པ་ལས་ངོ་རང་སེམས་ལ་ངོ་མཚར་ཆེ་ཞིང་བརྗིད་ཉམས་ལྡན་པ། དད་པའི་ཡིད་རབ་འཕྲོག་པ་དག་མཛད་རྣམ་རྒྱས་པའི་ནང་གསལ་མེད་པའི་ཚོར་སྣང་བྱུང་བ་འགའ་ཤིག་བཏུས་ཏེ་བཀོད་པ་ལ།

གནས་ཆུང་དང་རྒྱལ་ཡུམ་ངོ་ཤེས་གནང་བ། ཕྱི་ལོ་ ༡༩༣༩ ཟླ་བ་ ༩ ཚེས་ ༨ ཉིན་༸གོང་ས་མཆོག་ལྷ་ལྡན་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་ཆིབས་སྒྱུར་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོ་ཐོག་མར་རྟེན་གཞིར་སྐུ་ཕེབས་ཀྱིས་༸རྒྱལ་བའི་ཕེབས་བྱམས་མདུན་དུ་ཕེབས་ཏེ་འཇིགས་སྣང་གི་རྣམ་པ་གང་ཡང་མེད་པར་སྔར་འདྲིས་ཀྱི་ངོ་ཤེས་རྙིང་པ་འཕྲད་པ་ལྟ་བུའི་དགྱེས་ཉམས་ཀྱི་མཇལ་དར་བཞེས་ཏེ་ཆོས་སྐྱོང་གི་མགུལ་དུ་རང་སློག་སྩལ་གནང་ཡོད། སྐབས་དེར་༸རྒྱལ་ཡུམ་ཆེན་མོས་ལྷ་འདི་ཆུང་སྲིད་རིན་པོ་ཆེ་སྐུ་བལྟམས་པ་ནས་ང་ཚོའི་ཁྱིམ་གྱི་ཉེས་འཁོར་ལ་ཡང་ཡང་ཕེབས་མཁན་དེ་རེད་འདུག ངས་ངོ་ཤེས་ཀྱི་ཡོད་ཅེས་བཀའ་གནང་ཡོད་འདུག

ཐུགས་སྙིང་རྗེ་ཆེ་བའི་མཛད་པ། ༸གོང་ས་མཆོག་སྐུ་ན་ཕྲ་བའི་སྐབས་རྩེ་ཕོ་བྲང་དུ་བཞུགས་སྐབས་གཡག་དང་ར་ལུག་ཤ་རར་འདེད་པ་གཟིགས་དུས་ཐུགས་ལ་སྙིང་རྗེ་ཚད་མེད་འཁྲུངས་ཏེ་གསོད་ངེས་ཀྱི་སེམས་ཅན་རིགས་སྲོག་བླུ་ཚེ་ཐར་ཤིན་ཏུ་མང་པོ་བཏང་ནས་བར་སྐབས་ཤིག་ལ་ཁ་ཆེའི་ཤ་ཁང་དུ་ཤ་ཧ་ཅང་ཉུང་དུ་སོང་བ་དང་སྲོག་བླུ་བཏང་དྲགས་ནས་སྐབས་ཤིག་མཛོད་སྦུག་གི་ཕྱག་དངུལ་ལའང་སྐུ་ངལ་འཕྲད་པའི་གནས་ཚུལ་བྱུང་འདུག

དུས་ཚོད་གཙིགས་ཆེར་གནང་བ། ༸གོང་ས་མཆོག་གིས་དུས་ཚོད་ལ་ཧ་ཅང་རྩ་ཆེར་བརྩིས་ཏེ་སྐར་ཆ་ཙམ་ཡང་འཕྲོ་བརླག་ཏུ་མ་འགྲོ་བར་གནང་གི་ཡོད། དཔེར་ན། ཉིན་དགུང་ལྗགས་སྨིན་གནང་བཞིན་དུ་ཕྱག་དཔེ་ལ་ཐུགས་ཞིབ་གནང་གི་ཡོོད། ཟས་ཞིམ་པོ་ཁས་ཟས་ཏེ་ལྕེས་དྲོ་བ་མྱོང་རྒྱུ་ལས་མིག་ལ་ལས་ཀ་མེད། མིག་གིས་དཔེ་ཆ་བལྟ་ཀློག་བྱས་ན་དུས་ཚོད་འཕྲོ་བརླག་མི་འགྲོ་བའི་ཁྱད་པར་ཡོད་གསུང་གི་ཡོད། ཐེངས་གཅིག་ཐུགས་བྲལ་ཆེ་བའི་སྐབས་ཤིག་འཁྲུས་ཁང་གི་སྒོ་ཕྱེ་སྟེ་ཕྱག་བསིལ་བཞིན་པའི་སྐབས་༸སྙན་ཞུ་རིགས་ཡོད་ན་ལབ་གིན་བྱས་ན་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་བའི་ཁྱད་པ་ཡོད་གསུངས།

ངོ་མཚར་ཆེ་བའི་རྣམ་ཐར། ཕྱི་ལོ་ ༡༩༨༡ ཕྱི་ཟླ་ ༡༠ ནང་ཉིན་ཞིག་འབྲས་ལྗོངས་སུ་གནས་བསྐོར་གནང་སྐབས་༸གོང་ས་མཆོག་ནས་བྲག་རྡོ་ཞིག་ལ་ཐུགས་ཞིབ་ཡུད་ཙམ་གནང་རྗེས་སྐབས་དེར་ཆིབས་ཞབས་ཁོངས་སུ་ཡོད་པ་ཆོས་དོན་དྲུང་ཆེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་བཀའ་འགུགས་ཀྱིས་འདིར་ལྟོས་དང་ཞེས་གསུངས་ཏེ་༸གོང་ས་མཆོག་ག་ལེར་ཕེབས། ཁམས་སྤྲུལ་རིན་པོ་ཆེས་གཟིགས་ཞིབ་གནང་སྐབས་གཟུགས་མཐོང་བརྙན་འཕྲིན་ལ་བལྟ་བ་བཞིན་ངོ་མཚར་གྱི་ལྟད་མོ་སྣ་ཚོགས་མཇལ་ཡོད། དེ་རྗེས་འབྲས་ལྗོངས་སྲས་མོ་འཕྲིན་ལས་དབང་མོ་ལགས་ཀྱིས་བལྟས་པས་ཡང་བསྐྱར་བྲག་རྡོ་མ་གཏོགས་གང་ཡང་མཇལ་རྒྱུ་བྱུང་མི་འདུག

བསྲི་ཚགས་གནང་ཚུལ་གྱི་དཔེ་དོན། ཐེངས་གཅིག་ལས་དོན་སྙན་ཞུར་བཅར་སྐབས་ཞུ་སྒོའི་བཀའ་མངགས་གནང་བ་དང་བློ་བཟང་སྦྱིན་པ་ལགས་ཀྱིས་ཤོག་རྐྱང་དཀར་པོ་ཞིག་ཐོག་བརྗེད་ཐོ་འགོད་སྐབས་ཤོག་བུ་ཡག་པོ་འདི་ཡི་གེ་ཟིན་བྲིས་ལྟ་བུ་ཕན་ཐོགས་ཆེ་ས་ཞིག་ལ་བེད་སྤྱོད་འོས་པ་ཞིག་འདུག ཕར་གཟིགས་ཚུར་གཟིགས་གནང་སྟེ་ཡིག་སྐོགས་རྙིང་པ་ཞིག་བཞེས་ཏེ་ཕྱི་ནང་སློག་པ་གནང་སྟེ་བློ་བཟང་སྦྱིན་པ་ལགས་སུ་སྩལ་ནས་བརྗེད་ཐོ་འདིའི་སྒང་ལ་བྲིས་ན་མ་འགྲིག་པ་ག་རེ་འདུག་ཅེས་བཀའ་ཕེབས། གཞོང་པའི་(Bathtub)ནང་སྐུ་གཟུགས་བསིལ་རྒྱུ་ཆ་གྲོན་ཆེ་བ་ཙམ་དུ་མ་ཟད་ལས་མེད་འབྱོར་ལྡན་གྲལ་རིམ་པའི་བྱེད་སྟངས་ཤིག་རེད་ཅེས་གསུངས་ཏེ་གཞོང་པའི་ནང་སྐུ་གཟུགས་ནམ་ཡང་བསིལ་གྱི་མེད། ཕན་ཚུན་ཆིབས་བསྒྱུར་སྐབས་བཞུགས་ཡུལ་ཟ་ཁང་དང་མགྲོན་ཁང་ནས་ཕེབས་ཐོན་མ་གནང་གོང་གློག་གསད་རྒྱུ་དང་ཆུ་བཀག་ཡོད་མེད་ཐུགས་སྣང་ཆེན་པོ་གནང་གི་ཡོད།

རྒྱས་སྤྲོས་ལ་ཐུགས་མི་མཉེས་པ། ཕྱི་ལོ་ ༡༩༡༩ ལོར་༸གོང་ས་མཆོག་ཕྱི་རྒྱལ་ཁག་ཏུ་འཚམས་གཟིགས་གནང་རིང་བཀའ་ཤག་གིས་ལྡི་ལི་ནས་ཕེབས་ཊོ་གསར་པ་ཞིག་སྤུས་གཟིགས་གནང་ཡོད། ༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་འཁོད་པའི་ཕྱི་ཉིན་བཀའ་གནང་དོན། ད་ལྟ་བར་དུ་ངའི་དགོས་མཁོ་གཞུང་ནས་ཞུ་ལེན་བྱས་རིགས་མེད། ཁྱེད་རང་ཚོས་སྡོད་མ་ཚུགས་པ་བྱས་ཏེ་བསྐུལ་སློང་བྱས་པ་ཞིག་ཡིན་ཤག གཞུང་ལ་དཔལ་འབྱོར་ཀྱི་སྐུ་ངལ་ཡོད་པ་ད་དུང་ཤེས་མ་སོང་ངམ། ང་ལ་མོ་ཊ་རྙིང་པ་དེས་མ་འགྲིག་པ་མི་འདུག ལུང་པ་མེད་པའི་མིས་རྒྱས་སྤྲོས་བྱས་ན་འདྲ་ཆགས་པོ་འདུག་གམ། གང་མྱུར་ཕྱིར་བཙོང་ཐབས་ཤེས་བྱེད་དགོས་ཞེས་བཀའ་ཕེབས་པ་ལྟར་ཆོས་དོན་དྲུང་ཆེ་བློ་བཟང་མཁས་གྲུབ་ལགས་བརྒྱུད་སི་ཏུ་རིན་པོ་ཆེར་འབྲེལ་བ་ཞུས་ཏེ་ཚོང་བསྒྱུར་གྱི་དངུལ་འབབ་བཀའ་ཤག་ཏུ་ཕྱིག་སློག་གནང་དགོས་བྱུང་འདུག

ཐུགས་དྲན་བརྟན་པ། ཕྱི་ལོ་ ༡༩༩༧ ལོར་༸གོང་ས་མཆོག་རྟ་བང་དུ་ཆིབས་བསྒྱུར་གྱིས་ཕྱི་ཟླ་༡༠ ཚེས་ ༢༠ ཉིན་ཨ་སམ་དམག་སྡེའི་རུ་ཁོངས་ཀྱི་ལས་ཐོག་དང་དམག་ཟུར་གཉིས་ཀས་རུ་བསྒྲིགས་བཏང་ཡོད། དམག་ཟུར་སྡེ་ཚན་ཁོངས་སུ་སྤོ་བོ་ལགས་ཤིག་ལ་ཡག་པོ་གཟིགས་ཏེ་ ༡༩༥༩ ལོར་ང་བོད་ནས་བྲོས་བྱོལ་དུ་ཡོང་སྐབས་རྒྱ་བོད་ས་མཚམས་སུ་ང་ཕྲན་བུ་མི་བདེ་བར་སྐྱོར་རོགས་བྱེད་མཁན་ཞིག་ཡོད་པ་དེ་ཁྱེད་རང་མ་རེད་པས་ཞེས་གསུངས་པར་སྤོ་བོ་ལགས་གུས་འདུད་ཞུས་ཏེ་ཁོང་རང་ཡིན་ཞེས་ཐུགས་སྤྲོ་བོ་བྱུང་ཡོད་འདུག

ཕྱི་ལོ་ ༡༩༩༩ ཟླབ་ ༡༠ ཚེས་ ༦ ཉིན་ཧོན་སུར་སྨད་རྒྱུད་གྲྭ་ཚང་དུ་བཀའ་དབང་གྲུབ་རྗེས་ལྷོ་གཞིས་ཁུལ་དུ་གནས་སྡོད་དེ་སྔའི་སྐུ་སྲུང་དམག་མི་དང་གྲྭ་བཞི་དམག་རྙིང་རྣམས་ལ་ཟུར་མཇལ་གནང་སྐབས་སྐུ་སྲུང་དམག་བུ་ཨ་ལད་ཟེར་བའི་མཚམས་སུ་ཁོང་ལ་གཟིགས་ཏེ། ༸གོང་ས་མཆོག་གིས་ང་ལོ་བཅུ་གསུམ་ལོ་སྐེག་འཁེལ་སྐབས་འབྲས་སྤུངས་སུ་ཆོས་ཞུགས་མཛད་སྒོ་བྱེད་དུས་ཉིན་གཅིག་སྐུ་སྲུང་བ་ཁག་གཅིག་གིས་ཏག་སེ་བརྒྱབ་སྟེ་བསྡད་པ་སྐུ་སྲུང་བའི་ཞལ་ངོས་མཐོང་ནས་ཁྱེད་ལ་འགྲམ་ལྕག་བཞུས་པ་ངས་མཐོང་རྗེས་ཁྱེད་རང་གི་འགྲམ་པར་བྱུག་བྱུག་བྱམས་པོ་བྱས་པ་དྲན་གྱི་འདུག་གམ། སྙིང་རྗེ་ཞེས་བཞད་མོ་བཞད་གིན་ཁོའི་མགོ་ལ་བྱིལ་བྱིལ་གནང་།

སྤྱན་རས་གཟིགས་སྐུ་ཚ་རློན་པ་རང་ཡིན། ༡༩༩༢ ལོར་བློ་བཟང་སྦྱིན་པ་ལགས་བལ་ཡུལ་སྐུ་ཚབ་དོན་གཅོད་གནང་སྐབས་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཇལ་ཁར་བཅར་བའི་སྐབས་ཉིན་ཞིག་ཁྲི་ཆེན་རིན་པོ་ཆེས་ཕྱག་དཔེ་འབོག་བསྒྲིལ་ཞིག་སྒོའི་ཉེ་འཁྲིས་སུ་བཞག་ཡོད་པ་དེ་ཟུར་གཅིག་ལ་བཞག་དགོས་དགོངས་ནས་ཚུར་བཞེས་སྐབས་དེའི་ལྗིད་ཁོག་གིས་མར་འཐེན་པ་ལྟ་བུས་ཞལ་སུབ་ལོག་སྟེ་རིལ་བའི་སྐབས་ཁོང་གི་ཞལ་ནས་ཡིད་བཞིན་ནོར་བུ་མཁྱེན་ཞེས་ཞལ་ནས་ཐོན་སོང་བ་དང་དུས་མཉམ་དུ་ཁོང་གི་མདུན་དུ་༸རྒྱལ་བ་རིན་པོ་ཆེ་སྐུ་མངོན་སུམ་མཛུམ་མདངས་དང་བཅས་སྐུ་བཞེངས་ཏེ་བཞུགས་པ་ཞིག་དངོས་སུ་མཇལ་བྱུང་གསུངས་ཡོད། ༢༠༡༣ ལོར་སྣེ་ལེན་ཁང་གི་འགན་འཛིན་ངག་དབང་ནོར་བུ་ལགས་ལུས་ཞོགས་ཡ་གཅིག་གྲིབ་སྐྱོན་ཕོག་རྗེས་མཇལ་མང་དུ་བཅར་སྐབས་༸གོང༌ས་མཆོག་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སྐུ་དངོས་སུ་བཞེངས་པ་ཞིག་མཇལ་པའི་དགའ་ཚོར་བརྗོད་མི་ཤེས་པ་བྱུང་བ་དང་དེ་ཉིན་ནས་ནད་གཞི་རིམ་པས་ཡང་དུ་སོང་སྟེ་དྲག་སྐྱེད་གཙང་མ་བྱུང་འདུག

དམིགས་བསལ་གཟིགས་པ་གནང་བ། སྤྱི་དོན་ཐོག་གྲུབ་འབྲས་འཇོག་ཐུབ་མིན་ཇི་ལྟར་ཡང། ལྷག་བསམ་རྣམ་དག་ཐོག་ངོ་ལྐོག་རྒྱབ་མདུན་མེད་པར་སྡུག་དཀའ་ལས་རྒྱག་མཁན་རིགས་ལ་དམིགས་བསལ་གྱི་གཟིགས་པ་ཆེན་པོ་གནང་གི་ཡོད། བྱས་པ་ཅན་གྱི་མི་སྣ་དཔེར་ན། བཀའ་ཟུར་སྣེའུ་ཤར་ཐུབ་བསྟན་ཐར་པ་མཆོག་དང་བཀའ་ཟུར་དབང་འདུས་རྡོ་རྗེ། བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲིས། བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། བཀའ་ཟུར་ཨ་ལགས་ཙ་ཡུས་རིན་པོ་ཆེ་བཅས་པ་འདས་ཁར་རང་ཤག་དང་སྨན་ཁང་ལ་འཚམས་གཟིགས་ལ་ཕེབས་པ་ཕུད། དེ་མིན་གཞུང་ཞབས་ལས་བྱེད་ཆེ་འབྲིང་གསུམ་ལ་ཐུགས་སྣང་ཆེན་པོ་གནང་བཞིན་པ་ཡིན།

གཟིམ་ཆུང་སྤྱི་ཁང་དུ་བསྒྱུར་གནང་བ། ཕྱི་ལོ་ ༡༩༩༨ ལོར་༸གོང་ས་མཆོག་ཨི་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱངས་ཏེ་ཞོགས་པ་སྐུ་འཆམ་ལ་ཕེབས་དུས་རྩིག་རྨང་བཏིང་ནས་ཨར་ལས་བྱེད་འཕྲོ་ཞིག་གཟིགས་ཏེ་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ཆེད་འགུགས་ཀྱིས་དེ་ག་རེའི་ཆེད་དུ་ཡིན་པ་བཀའ་འདྲི་གནང་བར། དེ་ནི་༸གོང་ས་མཆོག་གི་གཟིམ་ཆུང་གསར་རྒྱག་བྱེད་ཀྱི་ཡོད་པར་བཀའ་ལན་གནང་བར། ༸གོང་ས་མཆོག་གིས་ང་ཐོག་མར་གཞིས་ཆགས་འདིར་ཡོང་སྐབས་སྤྱི་བའི་མགྲོན་མཁན་འདི་ཡག་ཐག་ཆོད་འདུག་པ་མ་འགྲིག་པ་གང་ཡང་མི་འདུག ངའི་ཆེད་དུ་གཟིམ་ཆུང་ཞེས་མིང་བཏགས་པའི་རྗེས་སུ་གཞན་སུ་ཡང་སྡོད་མཁན་མི་ཡོང་། ང་ནི་ལོ་ལྔ་དྲུག་ལ་ཐེངས་རེ་ཡོང་བ་ལས་དེ་མིན་སྟོང་པར་བཞག་ན་ཕན་ཐོགས་མེད། དེ་བས་ཁང་པ་དེ་སྨན་ཁང་དང་བུ་བཅོལ་ཁང་སོགས་མི་མང་སྤྱིའི་བདེ་རྩར་སྨན་པ་ཞིག་བེད་སྤྱོད་ཡོང་བར་བྱེད་དགོས་ཞེས་བཀའ་གནང་ནས་རྗེས་སུ་གཟིམ་ཁང་དེ་སྤྱི་ཁང་དུ་བསྒྱུར་གནང་ཡོད།

མངོན་མཁྱེན་གྱིས་གཟིགས་པ། སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ནས་གསུངས་པར། ཕྱི་ལོ་ ༢༠༠༨ ལོར་ལྡི་ལི་གངྒ་རམ་སྨན་ཁང་དུ་༸གོང་ས་མཆོག་གི་སྐུ་མཁྲིས་ལ་རྡོ་ཆགས་པ་གཤག་བཅོས་ཞུ་འགོ་ཚུགས་སྐབས་གློ་བུར་དུ་གློག་སྐར་ཆ་ཁ་ཤས་རིང་ཤི་བ་དང་།དེ་རྗེས་གློག་སླེབས་པ་དང་གཤག་བཅོས་འགོ་འཛུགས་ཞུ་སྐབས་སྨན་པ་ Dr. Chowbeg གི་ཚོར་སྣང་ལ་རང་ཉིད་ལ་གཅིག་ཞུགས་པ་ལྟ་བུའི་ངང་ནས་གཤག་བཅོས་ཞུ་སྒོ་རྣམས་རྣམ་ཀུན་དང་མི་འདྲ་བར་ལས་སླ་བོ་བྱུང་ཞེས་གསུངས་ཡོད། དེ་རྗེས་༸གོང་ས་མཆོག་ནས་སྨན་པར་གནང་སྐྱེས་ཆུ་ཚོད་གཅིག་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་བརྒྱུད་གསོལ་རས་སྩལ་བ་ཌོག་ཀྲར་ཅའོ་སྦེག་ནས་གསུང་དོན། ང་ལ་ཆུ་ཚོད་དང་ཐག་པ་འདི་འདྲ་བྱས་པ་ཞིག་བྱུང་ན་སྙམ་སྟེ་ལོ་ཤས་གོང་ཐབས་ཤེས་བྱས་ཀྱང་རག་མ་བྱུང་ཞེས་དང་ང་ལ་ཆུ་ཚོད་འདི་འདྲ་ཞིག་དགོས་མཁོ་ཡོད་པ་ངའི་བཟའ་ཟླ་ལས་གཞན་སུས་ཀྱང་ཤེས་ཀྱི་མེད་ཅེས་གསུངས་པར་གཞིགས་ན་སྨན་པར་དགོས་མཁོ་ཡོད་པ་མངོན་ཤེས་ཀྱིས་མཁྱེན་པ་གསལ་པོ་རེད།

ཕྱག་ནས་གཏོར་ནས་བགེགས་སྐྲོད་གནང་བ། དེ་སྔ་འབྲས་ལྗོངས་སྨན་ཁང་ནང་ནད་གཡོག་བཟའ་ཟླ་བུད་མེད་ཅིག་ལ་ཡང་ཡང་ལྷ་འདྲེ་གང་ཡིན་ཁོག་ཞུགས་ཀྱིས་ང་རྗེ་བཙུན་སྒྲོལ་མ་དང་དཔལ་ལྡན་ལྷ་མོ་ཡིན་ཞེས་འདྲ་མིན་བརྗོད་པའི་བུད་མེད་དེ་སྒང་ཏོག་ས་གནས་བདེ་དོན་གྱི་ངོས་སྦྱོར་ཁྱེར་ནས་རྡ་སར་འབྱོར་ཏེ་༸གོང་ས་མཆོག་མཇལ་བ་དང་ལྷ་འདྲེ་གང་ཡིན་ཁོག་ཞུགས་ཀྱིས་ང་རྗེ་བཙུན་སྒྲོལ་མ་ཡིན་ཞེས་བརྗོད་པར། ༸གོང་ས་མཆོག་ནས་ཁྱོད་རྗེ་བཙུན་སྒྲོལ་མ་མ་ཡིན་པ་ངས་ཤེས་སོང། འདྲེ་ཁྱོད་ཀྱིས་རྗེ་བཙུན་སྒྲོལ་མ་ཡིན་ཞེས་བཤད་པ་ཧམ་པ་ཆེ་ཐག་ཆོད་པ་རེད། ང་ལ་མགོ་སྐོར་བཏང་ན་འགྲིག་གི་རེད་བསམ་གྱི་འདུག་གམ། རང་ཚོད་ཟིན་ན་དགའ་གི་རེད། ཕྱིར་བཏོན་ཞེས་གམ་བཅར་བ་རྣམས་ལ་བཀའ་ཕེབས་པ་དང་འབྲེལ་ཕྱག་ནས་གཏོར་ནས་བགེགས་སྐྲོད་གནང་ཡོད། བཟའ་ཟླའི་ཁྱོ་ག་དེ་ཞེད་ཐག་ཆོད་ནས་ང་གཉིས་ཀྱིས་༸གོང་ས་མཆོག་གི་དགོངས་པ་དཀྲུགས་པ་མིན་ནམ་ཞེས་སེམས་ཁྲལ་ཆེན་པོ་བྱས་ཡོད་འདུག ཕྱི་ཉིན་ཁོང་བཟའ་ཚོ་གཉིས་ཡང་བསྐྱར་བཀའ་འགུགས་གནང་སྟེ་ཁ་སང་ངས་གཤེ་གཤེ་བཏང་བ་དེ་ཁྱེད་རང་གཉིས་ལ་མིན། ཁོག་ཏུ་ཞུགས་པའི་ལྷ་འདྲེ་དེ་ལ་ཡིན། ཁྱེད་རང་གཉིས་བློ་བདེ་པོ་བྱེད། ད་ནས་ཕལ་ཆེར་ཁོག་ཞུགས་བྱེད་མདོག་ཁ་པོ་མ་རེད་ཅེས་བཀའ་གནང། དེ་ནས་ལོ་གཅིག་ཙམ་རྗེས་སུ་སྐུ་སྒེར་ཡིག་ཚང་དུ་གནས་ཚུལ་ཕུལ་འབྱོར་ནང། མཇལ་ཁ་ཞུས་པའི་དུས་དེ་ནས་བཟུང༸རྒྱལ་བའི་བྱིན་མཐུ་ལ་བརྟེན་ནས་ཁོག་ཞུགས་བྱེད་མཁན་མི་འདུག་པས་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་འཁོད་ཡོད་འདུག

༣) དེབ་ནང་གི་གསོན་ཉམས་ལྡན་པའི་ཚིག་བརྗོད་དམ། གནད་ཚིག་ཉི་ཤུ་ཟུར་འདོན་བྱས་པ།

༡། སྔར་ནས་ལུང་བསྟན་ཞིག་ཏུ། འབྱོན་པར་འགྱུར་བའི་༸རྒྱལ་བའི་ཆུང་སྲིད་དེ་སྐྱེས་པའི་བུ་ལ་བུད་མེད་ཀྱི་མིང་ཐོགས་པ་ཞིག་ཡོད་པ་ལྟར་སྟག་འཚེར་གཞིས་དགོན་ཤ་རྫོང་རི་ཁྲོད་ཀྱི་གནས་བརྟན་འདུལ་པ་འཛིན་པ་ཨ་ཁུ་སྟོབས་རྒྱས་ཞུས་པས་ལྷ་མོ་དོན་གྲུབ་ཅེས་མཚན་གསོལ།

༢། རྒྱལ་ཡུམ་ཆེན་མོའི་མཚན་དང་པོ་བསོད་ནམས་མཚོ་མོ་ཡིན། རྗེས་སུ་༸གོང་ས་མཆོག་ནས་མཚན་བསྒྱུར་གནང་སྟེ་བདེ་སྐྱིད་ཚེ་རིང་ཞེས་བཏགས་གནང་འདུག

༣། ༡༩༧༩ ལོར་༸གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་ཐོག་མའི་སྐབས་གསར་འགོད་པ་དྲིས་ལན་ཕེབས་པར་ལྟར་སྐུ་ཕྲེང་དང་པོར་མགོན་པོ་ཞལ་གྱིས། ཁྱེད་ལྟ་བུ་བསྟན་འཛིན་གྱི་སྐྱེས་བུ་ལ།། ང་ལྟ་བུའི་ཆོས་སྲུང་ཞིག་དགོས་པ་ཡིན།། ཞེས་པ་ལྟར་༸རྒྱལ་དབང་རིམ་བྱོན་དང་དང་མགོན་པོ། བྱ་རོག་བཅས་ཀྱི་དབར་ལ་འབྲེལ་བ་ཤིན་ཏུ་བཟང་པོ་ཡོད་ཅེས་གསུངས།

༤། ༡༩༠༩ ལོར་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་མདོ་སྨད་སྟག་འཚེར་ཁྱད་པར་༸གོང་ས་བཅུ་བཞི་པ་ཆེན་པོའིི་འཁྲུལ་གཞིས་དེ་ལ་ཡུན་རིང་ཙམ་གཟིགས་ནས་སྙིང་རྗེ་པོ་འདུག་ཅེས་གསུངས།

༥། ༸གོང་ས་མཆོག་མ་འཁྲུང་པའི་ཟླ་བ་གཅིག་ཙམ་སྔོན་ལ་རྒྱལ་ཡུམ་ཆེན་མོའི་གཟིགས་ལམ་དུ་འབྲུག་སྔོན་པོ་ཞིག་དང་གངས་སེང་གཉིས་ནམ་མཁར་འགྲོ་བ་ཞིག་བྱུང་བ་དེ་ནི་འབྲུག་དེ་ཆུང་སྲིད་རིན་པོ་ཆེ་མཆོག་དང་སེང་གེ་གཉིས་ནི་སྲུང་མ་དམར་ནག་གཉིས་མཚོན་པ་ཡིན།

༦། ༸གོང་ས་མཆོག་སྐུ་ན་ཕྲ་མོ་ཡིན་ཡང་ཕྱི་ནས་མི་སུ་ཞིག་འབྱོར་ཡང་འདྲ་མཉམ་ཁ་སྤྲོད་ཀྱིས་བཞུགས་པ་ལས་དམའ་སར་མི་བཞུགས་པ།

༧། ༸གོང་ས་མཆོག་དགུང་ལོ་ཕྲ་མོའི་སྐབས་ལྷ་སར་ཞབས་སོར་འཁོད་རྗེས་གཟིམས་ཆུང་ནང་ཡོད་པའི་ཆ་སྒམ་སྔོག་བཤེར་གནང་སྐབས་རྒྱལ་ཡུམ་ཆེན་མོས་བཀའ་བརྩད་གནང་བར་སྒམ་ཆུང་འདིའི་ནང་སོ་ཞིག་ཡོད་ཅེས་གསུངས་ཏེ་སྒམ་ཁ་ཕྱེ་སྟེ་གཟིགས་སྐབས་དངོས་འབྲེལ་ཚེམས་ཤིག་ཡོད་པ་དེ་ནི་༸གོང་ས་སྐུ་གོང་མའི་ཚེམས་ཡིན་འདུག

༨། ༡༩༥༦ ལོ་འགོར་བོད་ཀྱི་ལོ་གསར་སྐབས་གནས་ཆུང་སྤྱན་འདྲེན་སྐབས་ཆོས་སྐྱོང་གིས་ང་ཡི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་གི་འོད་སྣང་ནུབ་ཕྱོགས་སུ་རྒྱས་ཀྱི་ཡོད། ཅེས་བཀའ་ལུང་ཕེབས་པ་བཞིན་༸རྒྱལ་བའི་གསང་གསུམ་གྱི་མཛད་པ་མཇལ་དུས་བཀའ་ལུང་དོན་ལ་གནས་པ་བྱུང་ཡོད།

༩། ཐེངས་གཅིག་གསུང་ཆོས་སྐབས་སུ། ༸གོང་ས་མཆོག་གིས་ད་ལྟ་ང་ཚོའི་མི་ཐོག་འདིར་ཡོངས་གྲགས་སུ་ཉག་རོང་སྟོད་མ་ཀླུ་མོ་རབ་དགོན་གྱི་མཁན་པོ་ཨ་ཆུང་ངོ་མཚར་གྱིང་ལྟས་དུ་མ་དང་བཅས་དབུ་སྐྲ་དང་ཕྱག་སེན། ཆོས་གོས་གསུམ་ཤུལ་དུ་ལུས་པ་ལས།དེ་མིན་སྐུ་འཇའ་ལུས་ཕེབས་པའི་གནས་ཚུལ་གསལ་པོ་གོ་རྒྱུ་འདུགཁོང་གིས་ཆོས་ཀྱི་སྙིང་པོ་མ་ཎི་ཡིག་དྲུག་ཁོ་ན་བཟླས་པ་གནང་གི་ཡོད་འདུག་ཅེས་གསུངས།

༡༠། མེ་སོར་ལུགས་བསམ་དང་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་གཉིས་སུ་ཡོད་པའི་བྱ་གསོ་ཁང་གི་བྱ་རྣམས་ཚེ་ཐར་བཏང་སྟེ་གཞིས་མི་རྣམས་ལ་གུན་གསབ་གསོལ་སྩལ་གནང་བ་ནི་སངས་རྒྱས་ཀྱི་བསྟན་པའི་རྩ་བ་སྙིང་རྗེ་དང་སྐྱབས་འགྲོའི་བསླབ་བྱ་དང་མཐུན་པའི་དགོངས་བཞེས་གནང་བ་ནི་སེམས་དཔའ་ཆེན་པོའི་རླབས་ཆེན་གྱི་མཛད་པ་ཞིག་ཡིན།

༡༡། རྩ་བའི་རྨི་ལམ་ལ་རྟགས་པ་བརྟན་པ་གང་ཡང་མེད་ཀྱང་ཐེངས་གཅིག་ཐོ་རེངས་ཀྱི་མནལ་ལམ་དུ་དེ་སྔ་སྟོན་པ་ཞལ་བཞུགས་པའི་སྐབས་གང་ཉིད་འཁོར་ཉན་ཐོས་ཀྱི་གྲལ་དུ་ཡོད་པ་ཞིག་རྨིས་བྱུང་།འདི་ཞོར་འཕྲོས་བརྗོད་པ་ལས་ཕྱིར་བསྒྲགས་དགོས་དོན་མེད་ཅེས་གསུངས།

༡༢། ༢༠༠༢ ལོར་༸གོང་ས་མཆོག་གིས་རྡོ་རྗེ་གདན་གྱི་རྟེན་གཙོར་ཕུལ་བའི་སྙན་ཤལ་དེ་རང་འགུལ་གྱིས་༸གོང་ས་མཆོག་གི་སྐུ་པང་དུ་བབས། ཞལ་འདོན་གྲུབ་རྗེས་༸གོང་ས་མཆོག་ནས་སྙན་ཤལ་དེ་ཕྱག་ཏུ་བཟུང་ནས་དཀོན་གཉེར་ལ་བདག་ཏུ་བཟུང་ན་ཨེ་འགྲིག་ཅེས་བཀའ་འདྲི་གནང་བར་དཀོན་གཉེར་གྱི་ལག་ཐལ་མོ་སྦྱར་ནས་བསྣམས་འཐུས་གནང་བ་ཕུལ།

༡༣། ༢༠༠༧ ལོ་འགོར་སེར་སྨད་གྲྭ་ཚང་དུ་གསུང་ཆོས་གནང་སྐབས་ཐེངས་གཅིག་གཟིམས་ལམ་དུ་༸གོང་ས་ལྔ་པ་ཆེན་པོའི་ཞལ་ཐང་ཞིག་མཇལ་བ་ཞལ་ཐང་ནས་སྐུ་ངོ་མ་ཕེབས་ཏེ་དར་ནང་མཛོད་སེར་པོ་འདོམ་ཁ་ཤས་ཡོད་པ་ཞིག་གནང་བྱུང། དེ་ནི་ངས་དོལ་རྒྱལ་སྐོར་ལོ་རྒྱུས་ཀྱི་ཁུངས་དང་འབྲེལ་ནས་བསྲེགས་བཅད་བརྡར་གསུམ་བྱས་ཏེ་སྟངས་འཛིན་ཐག་གཅོད་བྱས་པར་༸གོང་ས་ལྔ་པ་ཆེན་པོ་ཐུགས་དགྱེས་མཉེས་བྱུང་བའི་མཚན་མ་མིན་ནམ་སྙམ། ཞེས་ཕེབས།

༡༤། ༸གོང་ས་མཆོག་རྒྱུན་དུས་ནས་མཛད་རིམ་ནང་གསལ་དུས་ཚོད་ལས་སྐར་མ་བཅོ་ལྔ་སྔོན་ལ་ཆིབས་བསྒྱུར་གནང་གི་ཡོད་པ་དམངས་ལ་མཐོང་ཆུང་མི་འགྲོ་བ་བརྩི་བཀུར་དགོས་པའི་བསྐུལ་བརྡ་མཚོན་སླད་ཡིན་པ་གོར་མ་ཆགས།

༡༥། ༡༩༣༣ ལོར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཏེ་མཆོད་སྡོང་རིན་པོ་ཆེ་གསར་བཞེངས་ལས་བྱའི་ཁོངས་སུ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སྐུ་གཞོན་ནུའི་སྐབས་སྐུ་གདུང་རིན་པོ་ཆེའི་སྐུ་རྒྱབ་ཀྱི་རུས་ཚིགས་སྟེང་སྤྱན་རས་གཟིགས་རང་བྱོན་མཇལ་བ་ནི་༸སྐྱབས་རྗེ་རིན་པོ་ཆེའི་རྣམ་ཐར་དུ་གསལ་ཡོད་ཅེས་གསུངས།

༡༦། ༡༩༧༦ ཟླ་བ་ ༨ ཚེས་ ༢༣ ཉིན་༸གོང་ས་མཆོག་ལ་དྭགས་སུ་དུས་འཁོར་དབང་ཆེན་ཐེངས་༦ སྩལ་བར་ཕེབས་ཐོན་གནང་ཁར་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལས་དོན་སྙན་ཞུར་བཅར་སྐབས། ༸གོང་ས་མཆོག་ནི་སྟོན་པ་གྲོང་བྱོན་མའི་རྣམ་པ་ཇི་ལྟ་བ་ཇི་བཞིན་སྐུ་ལུས་ནི་མདའ་སྙུག་ལྟར་དྲང་ཞིང་ཞལ་དཀྱིལ་གསལ་བ་དང། དབུ་ཡི་གཙུག་ཏོར་བཅས་ལྷང་ངེ་ལྷན་ནེར་གསལ་བར་མཇལ་ཡོད་པ་ནི་བཀའ་ཟུར་མཆོག་གི་སྐུ་ཚེའི་ལོ་རྒྱུས་ནང་གསལ་ཡོད།

༡༧། རྡོ་རྗེ་གདན་གྱི་སྐུ་བརྙན་དེ་ལོ་རྒྱུས་ལྡན་པའི་སྐུ་བརྙན་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད། སྟོན་པའི་གཏད་རབས་བདུན་དང་པཎ་གྲུབ་བཅུ་བདུན། གྲུབ་ཆེན་བརྒྱད་ཅུ།གནས་བརྟན་བཅུ་དྲུག འཕགས་པའི་ཉན་ཐོས་དགྲ་བཅོམ་པ་ཇི་སྙེད་ཅིག་དང། བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་སྐྱེས་ཆེན་དམ་པ་མང་པོ་རབ་གནས་གནང་བ་བཅས་ཀྱི་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡིན་པས་མཇལ་དུས་གཞན་དང་མི་འདྲ་བའི་ཚོར་བ་ཞིག་ཡོང་གི་འདུག་ཅེས་བཀའ་ཕེབས།

༡༨། ༡༩༦༥ ཟླ་བ་ ༣ ཚེས་ ༡༧ ཉིན་བཞུགས་སྒར་དུ་སྒྲོལ་དཀར་ཚེ་དབང་སྩལ་སྐབས་བཀའ་སློབ་ནན་ལྗིད་ཅན་ཞིག་ཕེབས་པའི་ནང། བོད་མི་རིགས་ཀྱི་ལས་དོན་སྒྲུབ་མཁན་གཞུང་གི་ཆབ་སྲིད་ཀྱི་མགོ་ཁྲིད་དང། ལས་བྱེད་བཅས་པས་ངོ་ལྐོག་མེད་པར་བསམ་པ་རྣམ་དག་གི་ཐོག་ནས་སྤྱི་སྨན་གྱི་ལས་དོན་ཐོག་དཀའ་ངལ་ལ་གདོང་ལེན་དང་འགལ་རྐྱེན་སེལ་ཐབས་བྱེད་པ་འདི་ངོས་ཀྱི་ཚེ་དང་འབྲེལ་བ་ཡོད། ཅེས་གསུངས།

༡༩། ༡༩༥༩ ལོར་ཟིང་འཁྲུག་རྗེས་བོད་དམག་ཁུལ་ཁང་གིས་བོད་ལྗོངས་ཡོངས་ལ་དྲག་གནོན་བྱས་ནས་ལོག་སྤྱོད་པ་ལངས་ཐབས་མེད་པའི་རྒྱལ་ཁ་ཆེན་པོ་ཐོབ་ཚུལ་པེ་ཅིང་གཞུང་ལ་སྙན་སེང་ཞུས་སྐབས། ཏཱ་ལའི་བླ་མ་གང་དུ་ཡོད་མིན་འདྲི་རྩད་བྱས་པར། ཏཱ་ལའི་བླ་མ་བྲོས་བྱོལ་སོང་ནས་མེད་ལུགས་བརྗོད་སྐབས། འོ་ན་དམག་ཤོར་བ་དང་ཁྱད་མེད་ཕམ་ཉེས་བྱུང་བ་རེད་ཅེས་བརྗོད་གནས།

༢༠། སྲུང་མ་ཚད་ལྡན་ཡིན་མིན་ཐད། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོས། གནམ་འདིའི་ཁ་འོག་ལ་ང་རྒྱུས་ཆེ་ཤོས་གནས་ཆུང་དང་།གནས་ཆུང་རྒྱུས་ཆེ་ཤོས་ང་ཡིན། ཞེས་ཐུགས་ཐག་ཆོད་པོའི་སྒོ་ནས་བཀའ་སྩལ་ཡོད་པ་དེ་ནས་ལྷ་ཇི་འདྲ་ཡིན་མིན་མཚོན་ཐུབ།

ཚིག་འགྲེལ།

༡།      འཇའ་ལུས།     སྐུ་ཕུང་འོད་སྐུར་གྲོལ་བ་སྟེ།སྐུ་གཤེགས་རྗེས་སྐུ་ཕུང་རིམ་བཞིན་ནམ་མཁར་འཇའ་ཡལ་བ་ལྟར་གྱུར་པ།

༢།      སྙན་ཤལ།       ཁ་བཏགས།མཇལ་དར།

༣།     ཕེབས་ཊོ།       མོ་ཊ།

༤།     ལྗགས་སྨིན།    ཁ་ལག་གི་ཞེ་ས།

༥།      འཁུ་ལྡོག        མི་དགའ་བའམ་ཕྲག་དོག

༦།      ཐུགས་དམ།     མོ་ལུང་གི་དོན་ཡིན། དཔེར་ན། ༸གོང་ས་མཆོག་གིས་ཐུགས་དམ་བརྟགས་གནང་བ།

༧།      བཀའ་གདམས་ཐིག་ལེ་བཅུ་དྲུག           ༸གོང་ས་མཆོག་གིས་བཀའ་གདམས་ཐིག་ལེ་བཅུ་དྲུག་ནི་ཆོས་སྐོར་འདི་དག་སྣང་གི་ཆོས་སྐོར་ལྟ་བུ་ཞིག་ཡིན་པར་གསུངས།

༨།      རྟེན་མཁར།     ཡུལ་ལྷ་གནས་ས་ཁང་ཆུང།

༩།      དམ་ཅན་རྡོར་ལེགས།    སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཀའ་བགོས་པའི་འཇིག་རྟེན་པའི་སྲུང་མ་དམ་ཅན་སེང་གཞོན་ལ་གོ།

༡༠།    དབུ་མའི་ལམ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་འཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད།

དེབ་བཀླགས་པའི་རང་ཉིད་ཀྱི་མྱོང་ཚོར། རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས་ཀྱིས་མཛད་པའི་༸རྒྱལ་བའི་མཛད་པ་ལས་འཕྲོས་པའི་དཔེ་དེབ་འདི་བཀླགས་རྗེས་ཀློག་པ་པོ་རང་ཉིད་ལ་མྱོང་ཚོར་གྱི་རྣམ་པ་འདྲ་མིན་ཞིག་བྱུང་བ་ལས་མདོར་ཙམ་ཞིག་བརྗོད་པ་ལ།

༡། རང་ཉིད་ལ་ཆེས་ཐོག་མའི་ཚོར་སྣང་བྱུང་བ་ནི་སྤྱན་རས་གཟིགས་སྐུ་ཤ་རློན་པ་མིར་བྱོན་ཞེས་པ་དེ་ཡིད་ཆེས་ཙམ་དང་ཟེར་སྲོལ་ཙམ་མ་ཡིན་པར་དོན་ངོ་མ་༸རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དངོས་རང་ཡིན་པ་ང་རང་ཚོའི་མི་ཐོག་འདིར་དག་སྣང་ཅན་འགའ་ཞིག་ལ་དངོས་སུ་སྤྱན་རས་གཟིགས་ཞལ་མཇལ་བྱུང་ཡོད་པའི་དངོས་འབྱུང་ལོ་རྒྱུས་དཔང་རྟགས་དང་བཅས་པ་ཡོད་ཅིང་། ང་ཚོ་བོད་མི་རྣམས་ནི་དོན་ངོ་མ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་ར་འཕྲོད་གསལ་པོ་བྱུང་སོང་བར་༸གོང་ས་མཆོག་ལ་སྔར་ལས་ཀྱང་དད་བརྟན་གྱི་ཡིད་ཆེས་བླ་ལྷག་ཏུ་འཕེལ་སོང་བས་བསོད་ནམས་ཀྱི་གོ་སྐལ་ཆེན་པོ་ཐོབ་བྱུང་སྙམ།

༢། ༸གོང་ས་མཆོག་ནི་དགུང་གྲངས་བཅུ་དྲུག་ནས་བཟུང་སྟེ་བགྲེས་ཡོལ་དུ་མ་ཕེབས་བར་དུ་བོད་ལྗོངས་ཡོངས་ཀྱིས་ཆོས་སྲིད་གཉིས་ཀྱི་འགན་དབང་ཡོངས་སུ་རྫོགས་པ་བཞེས་ཡོད་ཀྱང་སྐུ་སྒེར་གྱི་ཕྱག་མགྲོན་ཡོངས་རྫོགས་སྐུ་སྒེར་རང་ནས་བཏང་གནང་བ་ལས་གཞུང་ནས་བཞེས་པ་གཅིག་ཀྱང་བྱུང་མེད་པ་ནི་འཛམ་གླིང་འདི་ནང་བྱུང་མྱོང་མེད་པའི་ཕུལ་བྱུང་གི་དཔེ་མཚོན་ངོ་མ་ཞིག་ཡིིན། དེ་བཞིན་སྤྱི་སྒེར་གྱི་ཕྱག་གྲོན་ཐད་བསྲི་ཚགས་གནང་བ་དང་རྒྱས་སྤྲོས་རིགས་ལ་གཏན་ནས་ཐུགས་མི་སྤྲོ་བའི་ལོ་རྒྱུས་མངོན་རྗེན་དུ་གསལ་ཡོད།

༣། དུས་ཚོད་ནི་གསེར་ཡིན་ཞེས་ཟེར་སྲོལ་ཡོད་པ་བཞིན་༸གོང་ས་མཆོག་གིས་དུས་ཚོད་ལ་ཧ་ཅང་གི་དམ་དོན་གནང་བ་དེ་ཡང་ཚོགས་མགོན་དུ་ནམ་བཅར་ལ་དུས་ཚོད་སྐར་མ་བཅོ་ལྔ་ཙམ་དུས་ཚོད་གཏན་འབེབས་ཟིན་པའི་སྔོན་དུ་ཆིབས་བསྒྱུར་བསྐྱང་སྲོལ་ཡོད་པ་དང་ཐུགས་དྲན་ཤིན་ཏུ་བརྟན་ཞིང་ཐུགས་འདྲིས་ཟབ་པའི་རང་བཞིན་གྱི་ཁྱད་ཆོས་བླ་ན་མེད་པ་ཞིག་ཏུ་མངོན།

༤། སྤྱིར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕན་བདེ་འབྱུང་གནས་ཀྱི་ནོར་བུ་ཆེ་ནི་༸གོང་ས་མཆོག་ཁོ་ན་ཡིན་ཞིང་བྱེ་བྲག་ཏུ་རང་རེའི་གཞུང་ཞབས་ཟུར་པ་རྣམས་དང་སྤྱི་ཚོགས་ལ་སྨན་པའི་སྐྱེས་བུའི་རིགས་ལ་རྟག་ཏུ་ཐུགས་བརྩེའི་རྒྱ་ལས་མི་དོར་ཞིང་ཐུགས་ཞིབ་ཀྱི་སྤྱན་ལམ་ཡངས་པར་བརྟེན་ང་ཚོས་ཚེ་རབས་ནས་ཚེ་རབས་ཀྱི་བར་དུ་སྤྱན་རས་གཟིགས་རྗེས་སུ་བཟུང་དུ་གསོལ་ཞེས་པའི་སྨོན་ལམ་དེ་བློ་རྩེ་གཉིས་མེད་དུ་འགྲུབ་པའི་ཡིད་ཆེས་དང་དད་པའི་ཨ་ལོང་བརྟན་པར་གྱུར་སོང་།

༥། སློབ་དེབ་མཛད་རྣམ་ནང་མ་གསལ་བའི་ཡིད་འཕྲོག་ཅིང་ངོ་མཚར་བའི་གསང་བའི་རྣམ་ཐར་རྣམས་སློབ་ཞོར་དུ་ཁ་སྐོང་གི་ཚུལ་དུ་སློབ་ཁྲིད་བྱེད་སྐབས་སློབ་ཕྲུག་རྣམས་ཀྱང་དམིགས་བསལ་དོ་སྣང་གིས་དད་པའི་ཨ་ལོང་ཡང་ཇེ་ཆེར་གསལ་བའི་རྣམ་པ་འཐོན་གྱིན་ཡོད།

༦། ས་ཡི་གོ་ལ་འདི་ནང་དབུ་ཁྲིད་ནམ་མཁའི་སྐར་ཚོགས་ལྟར་བྱོན་ཡོད་པ་ལས་རང་རེའི་བོད་འབངས་རྣམས་ཀྱི་བསོད་ནམས་ཀྱི་གོ་སྐལ་དུ་བྱོན་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་སྐར་ཚོགས་ཀྱི་དབུས་ན་ཉི་ཟླ་ལྟ་བུར་ཁྱད་དུ་འཕགས་པའི་མཛད་རྗེས་ལ་ཀུན་གྱིས་ཡིད་སྨོན་བསྔགས་བརྗོད་ཞུ་བཞིན་པ་ནི་ངོ་མ་བདེན་པའི་དཔང་པོ་ལ་རྒྱབ་རྟེན་གྱི་མཚན་མ་བླ་ན་མེད་པའི་མངོན་སུམ་རྗེས་སུ་དཔོག་ཐུབ་པའི་ར་འཕྲོད་གསལ་པོ་བྱུང་ཡོད་པ་བཅས་སོ།།