ལྷུན་འགྲུབ་རྡོ་རྗེ། བོད་དགེ།
སེར་བྲེས་འབྲིང་རིམ་སློབ་གྲྭ།

རྩོམ་པ་པོ། ལྷག་པ་དོན་གྲུབ།

ནང་དོན་གནད་བསྡུས།

བརྩམས་སྒྲུང་འདི་ལ་ལེའུ་དགུ་ཡོད་ཅིང་། དེ་དག་རེ་རེའི་བརྗོད་སྙིང་མདོར་བསྡུས་ནི། དང་པོ། རྒྱུ་ནོར་ལ་འདོད་རྔམ་ཆེ་བའི་ཨ་ཅག་སྐྱིད་འཛོམས་རྫོང་སྨན་ཁང་དུ་འོངས་ཏེ་ཨེམ་ཆི་མཁས་མཆོག་ལ། ཁྱིམ་མཚེས་ཅོ་ཚེ་རིང་ནང་བཞིན་རྒས་ཡོལ་ཞུ་དགོས་པའི་བསམ་འཆར་བཏོན་པ་མ་ཟད། བུ་མོ་དབྱངས་ཅན་དཔལ་གྱིས་ཀྱང་ཁོང་ཕ་ཡུལ་དུ་ཕེབས་ན། མོས་ཞབས་ཕྱི་ལེགས་པ་ཞུ་ཐུབ་པའི་དགེ་མཚན་ཡོད་ཚུལ་ཞུས་པས་ཨེམ་ཆི་མཁས་མཆོག་ལྷ་རྗེ་རྡོ་རྗེ་དང་སྨན་པ་ཡེ་ཤེས་གཉིས་ཀྱི་རྩར་ཕེབས་ཏེ། རང་གི་དགུང་ལོའི་བབ་དང་། ནང་མིའི་རེ་འདོད་ལྟར་རང་ཡུལ་དུ་ཕེབས་འདུན་ཡོད་སྐོར་གསུངས་ཤིང། ཁོང་གཉིས་ཀྱིས་སླད་མར་ཁོང་ལ་གསོ་སྨན་མཐུན་སྦྱོར་གང་དགོས་ཞུ་ཆོག་པའི་ཁས་ལེན་བྱས་པར་བརྟེན། ཁོང་གིས་རང་གི་བདོག་པ་ཡོད་ཚད་བསྣམས་ནས་རང་ཡུལ་དུ་ཕེབས།

གཉིས་པ། ཨེམ་ཆི་མཁས་མཆོག་གིས་ནད་པའི་ཕྱག་རྟགས་ཀྱང་མ་བཞེས་པར་ནད་གསོ་སྨན་བཅོས་གནང་སྟབས། ནད་པ་མང་དུ་ཕྱིན་ནས་གསོལ་སྨན་རྫོགས་དུས། ཁོང་གིས་བུ་མོ་རྫོང་སྨན་ཁང་ལ་སྨན་ལེན་དུ་མངགས། བུ་མོ་དབྱངས་ཅན་དཔལ་དང་། སྨན་པ་ཡེ་ཤེས་གཉིས་ཀྱི་བར་བརྩེ་དུང་གི་མེ་ཏོག་བཞད་དེ་ཕན་ཚུན་ལག་པ་འཇུས་ནས་འགྲོ་དུས། རྒྱབ་ནས་རིན་ཆེན་གླིང་དུ་འགྲོ་མཁན་གྱི་སྣུམ་འཁོར་ཞིག་བསླེབས། མོས་ལག་ཏུ་ཡོད་པའི་ཡི་གེ་སྨན་པ་ཡེ་ཤེས་ལ་སྤྲད་ནས་ཕྱིན། ཨ་ཅག་སྐྱིད་འཛོམས་ཀྱིས་ནད་པ་འཁོས་ཀ་ཞན་པ་རྣམས་ཕྱིར་ཕུད་དང་། ཕྱག་རྟགས་བཟང་བ་རྣམས་གུས་བརྩི་ཆེན་པོས་ནང་དུ་བསུས།

གསུམ་པ། སྨན་པ་ཡེ་ཤེས་ཀྱིས་ཅོ་ཉི་མའི་བརྒྱུད་ནས་ཡི་གེ་ཞིག་བཏང་ཞིང་། དབྱངས་ཅན་དཔལ་གྱིས་བཀླགས་རྗེས་དགའ་ཚོར་ཆེན་པོས་གནད་དོན་དེ་ཨ་མ་ལ་བཤད་ཀྱང་། ཨ་མས་ཨེམ་ཆི་ཞིག་དང་གཉེན་བསྒྲིགས་ན་ཁང་པ་གསར་རྒྱག་དང་། སྒོ་ཕྱུགས་ཉོ་ཚགས་མི་ཐུབ་པ་མ་ཟད། ཐ་ན་ནང་གི་འཚོ་གནས་ཀྱང་དཀའ་བའི་གནས་སུ་ལྷུང་རྒྱུ་ཡིན་པར་བརྗོད། ཨ་ཅག་ཆོས་སྒྲོན་གྱིས་པཱ་ཤེས་རབ་སྤྱི་ཚོགས་འགྲིམས་པའི་ཉམས་མྱོང་ཆེ་བས། ཁོ་ལ་ལམ་སྟོན་ཞུས་ན་ཕན་ཐོགས་ཡོང་ངེས་ཀྱི་བསམ་ཚུལ་སྐྱིད་འཛོམས་ལ་བརྗོད་པ་ལྟར། མོས་ལག་ཏུ་ཁ་བཏགས་ཤིག་ཁྱེར་ནས་སློང་ཆང་བསྐྱལ་དུ་སོང་། དེར་ཁོ་ཚོས་ཁ་བརྡ་ལྷུག་པོར་བྱས་རྗེས་ཁོ་ཚོའི་བུ་ཆུང་བ་འཇམ་དཔལ་མག་པར་བླང་རྒྱུར་ཐག་ཆོད་བྱུང་།

བཞི་པ། ཨ་ཅག་སྐྱིད་འཛོམས་ཀྱིས་འཇམ་དཔལ་ནི། རླངས་འཁོར་ཁ་ལོ་བ་ཡིན་ཙང་ཟླ་རེའི་གསོལ་ཕོགས་མཐོ་བ་མ་ཟད། ཁང་པ་གསར་རྒྱག་སྐབས་སྣུམ་འཁོར་གཞན་ལ་ངོམ་ཆོག་པའི་དགེ་མཚན་བཅས་ལ་བརྔམས་ཏེ། ཨེམ་ཆི་མཁས་མཆོག་ལགས་ཀྱི་དགོངས་པ་དང་། བུ་མོའི་གཉེན་སྒྲིག་གི་རང་དབང་རྡོག་པོས་བརྫིས་ནས་མི་ཚང་གཉིས་པོས་བྲེལ་འཚུབ་ཀྱིས་གཉེན་སྒྲིག་སྟ་གོན་བྱས། གཉེན་སྟོན་སྐབས་ཧྲུའུ་ཅི་དང་། རྫོང་དཔོན་རྒན་གཞོན་གཉིས། ཤང་གི་ལས་བྱེད་སོགས་མང་པོ་ཕེབས་ཤིང་། དེ་ཉིན་པཱ་ཤེས་རབ་ལ་འཇམ་དཔལ་ཨེམ་ཆི་མཁས་མཆོག་གི་ཁྱིམ་དུ་མངགས་ཐུབ་པ་ནི། མི་ཚང་བརྡབ་གསིག་གཏོང་མཁན་གྱི་ཟ་འདྲེ་ཞིག་ཕྱི་རུ་ཕུད་ཐུབ་པ་ལྟ་བུའི་དགའ་ཚོར་སྐྱེས།

ལྔ་པ། དབྱངས་ཅན་དཔལ་གྱིས་འཇམ་དཔལ་ལ་ངོ་གདོང་ནག་པོ་ཁོ་ན་ལས་འཛུམ་མདངས་ཤིག་མ་བསྟན་ཀྱང་ཨ་ཅག་སྐྱིད་འཛོམས་ཀྱིས་ཁོ་ལ་ཁ་ཡག་ངོ་དགའ་གང་ནུས་བྱས་པ་མ་ཟད། ཕྱི་ཉིན་འཇམ་དཔལ་གྱིས་གྲོགས་པོ་བཞི་ནང་དུ་བོས་ཏེ། ཆང་ཅི་དགར་ལོངས་སུ་སྤྱད་པས་ཁྱིམ་ནང་དྲི་ངན་གྱིས་བརྒྱངས་པར་བརྟེན་ཨེམ་ཆི་མཁས་མཆོག་གསུང་སྐད་ཤོར་བའི་གནས་སུ་གྱར། ཨ་ཅག་དབྱངས་ཅན་ནི་རྒན་པ་སངས་ཀྱི་བུ་མོ་སྒྲོལ་མ་རང་གི་བུ་རྒན་པའི་མནའ་མར་ལེན་ཐུབ་ན་བསམ་པའི་འདོད་རྔམ་སྐྱེས་ཏེ། ཨ་ཅག་སྐྱིད་འཛོམས་ལ་ལས་སྐུལ་བྱས་པ་ལྟར་ཉིན་ཞིག་ཨ་ཅག་སྐྱིད་འཛོམས་རྒན་པ་སངས་ཀྱི་ལས་ཤག་ཏུ་ཕྱིན་ནས། ཁོང་ལ་བུ་མོ་སྒྲོལ་མ་པཱ་ཤེས་རབ་ཀྱི་བུ་རྒན་པ་དང་གཉེན་སྒྲིག་བྱས་ན་ལེགས་ཚུལ་ཞུས། སྐབས་དེར་ཁོང་གིས་རང་གི་བུ་མོ་སློབ་འབྲིང་ཐོན་རྗེས་མུ་མཐུད་ནས་སློབ་སྦྱོང་བྱ་འཆར་ཡོད་པས་བརྡ་ལན་རྗེས་སུ་གནང་ཆོག་ཅེས་གསུངས་ཀྱང་། བཀའ་ལན་མ་འབྱོར།

 དྲུག་པ། དབྱངས་ཅན་དཔལ་ལ་མངལ་འཁོར་ནས་མོས་ལས་ཀྱིས་བསྐོས་པའི་འཇམ་དཔལ་དང་སྡོད་ཐབས་བྱ་རྒྱུར་ཐག་བཅད་ཅིང་། མཚན་མོ་དེར་འཇིགས་མེད་ཀྱིས་འཇམ་དཔལ་ནང་དུ་བསྐྱལ་རྗེས་ཁོས་རང་གི་བཟའ་ཟླ་ལ་ར་བཟི་སྐྱུར་འགོང་བཤད་ནས། མོའི་མངལ་གྱི་ཕྲུ་གུའི་ཨ་ཕ་ཁོ་མིན་ཚུལ་སོགས་སྨྱོ་གཏམ་འདྲ་མིན་སྨྲས། ཁོའི་མིག་སྔར་རང་གི་བཟའ་ཟླ་ནི་སྔར་གྱི་མཛེས་དཔལ་ཉམས་ཏེ་ད་ལྟ་ཡི་དྭགས་ནང་བཞིན་གྱུར་པར་མཐོང་བས། མོ་ལ་སྐད་ཆ་ཤོད་འདོད་མེད་པར་མ་ཟད། ཁོ་དང་ཨ་ཅག་སྐྱིད་འཛོམས་བར་རྩོད་གླེང་བྱུང་སྟབས། ཁོ་བཟའ་ཟླས་བཀག་ཀྱང་གླགས་མ་ཁེལ་པར་ཕ་མའི་ཁྱིམ་དུ་ཤོར། འོན་ཀྱང་ཁོ་མཚན་མོར་ཕྱིར་བསྐྱལ་རྗེས་ཁོས་འཛེམས་ཟོན་མེད་པར་ཨེམ་ཆི་མཁས་མཆོག་ནང་མི་གསུམ་ལ་ཚིག་ངན་འདྲ་མིན་བརྗོད་ཅིང་། ཤང་ཀྲང་པ་སངས་ཀྱིས་ནང་འཁྲུག་དེ་གསན་ནས་ཧྲུའུ་ཅི་བཀྲས་དོན་ལ་སྙན་སེང་ཞུས།

བདུན་པ། སྨན་པ་ཡེ་ཤེས་ལྷ་ས་ནས་ཕྱིར་ལོག་རྗེས་དབྱངས་ཅན་དཔལ་གྱིས་དཀའ་སྡུག་ཚད་མེད་མྱངས་ཡོད་ཚུལ་ཤེས་པས། ཉིན་ཞིག་ཁོས་རྒན་རྡོ་རྗེ་ལགས་དང་ལྷན་དུ་བཀའ་མོལ་གནང་དུས། སེམས་ཁུར་ཆེན་པོས་དབྱངས་ཅན་དཔལ་གྱི་གནས་ཚུལ་དྲིས་ཤིང་། རྒན་རྡོ་རྗེས་ཨ་ཅག་སྐྱིད་འཛོམས་ཀྱི་བྱས་ཉེས་ཀྱིས་ཁོ་ཚོའི་ནང་མི་ལ་དཀའ་ངལ་ཇི་བྱུང་ཁ་གསལ་གསུངས། སྨན་པ་ཡེ་ཤེས་ཀྱིས་མོ་ལ་འདོད་མོས་ཡོད་ན་ཁོས་དཀལ་ངལ་སེལ་ཐབས་བྱ་ཆོག་པའི་སྐོར་གྱི་སྐད་ཆ་རྒན་རྡོ་རྗེ་ལགས་ལ་ཞུས་པ་བཞིན། ཉིན་ཞིག་རྒན་རྡོ་རྗེ་ཨེམ་ཆི་མཁས་མཆོག་གི་རྩར་ཕེབས་སྐབས་ཡེ་ཤེས་ཀྱི་སྐད་ཆ་གླེང་ཞིང་། དབྱངས་ཅན་དཔལ་ཉིན་གཅིག་རྫོང་སྨན་ཁང་ལ་གསོ་སྨན་ལེན་དུ་འོངས། སྐབས་དེར་མོ་རང་སྨན་པ་ཡེ་ཤེས་དང་ཕྲད་ཅིང་ཁོ་གཉིས་བར་གྱི་མཛའ་བརྩེའི་མདུད་པ་དམ་དུ་གྱུར། འཇམ་དཔལ་གྱིས་སྨན་པ་ཡེ་ཤེས་དང་དབྱངས་ཅན་དཔལ་གཉེན་སྒྲིག་བྱ་རྒྱུ་ཡིན་ཚུལ་ཐོས་དུས། “སྨན་པ་ཡེ་ཤེས་ཁོ་མ་བསད་ན་ང་མི་མ་རེད”ཅེས་སྨྱོ་གཏམ་ཡང་ཡང་བཤད་ཀྱང་། གཉེན་སྟོན་སྐབས་ཧྲུའུ་ཅིའི་སྐུ་ཚབ་སོགས་མི་སྣ་མང་པོ་ཕེབས་ནས་དེ་ཉིན་གྱི་མཛད་སྒོ་རྒྱལ་ཁའི་ངང་གྲོལ།

བརྒྱད་པ། དབྱངས་ཅན་དཔལ་རྫོང་ནས་ཁྱིམ་དུ་ལོག་སྟེ་ནས་འབྲུ་སོགས་ཅ་དངོས་དབོར་བ་ཨ་ཅག་སྐྱིད་འཛོམས་ཀྱིས་མཐོང་དུས། མོས་དགའ་ཚོར་ཆེན་པོས། “བུ་མོ། ཁྱོད་ལོག་ཡོང་པས”ཞེས་དགའ་བའི་རྣམ་འགྱུར་བསྟན་ཅིང། དབྱངས་ཅན་དཔལ་ནམ་རྒྱུན་དང་མ་འདྲ་བར་གླུ་ལེན་བཞིན་ཕ་མ་གཉིས་ལ་ཞབས་ཕྱི་གང་ལེགས་ཞུས་པས། ཨེམ་ཆི་མཁས་མཆོག་ཐུགས་དགྱེས་ནས་གཟའ་སྐར་འཕྲོད་སྦྱོར་གྱི་ཉིན་ཞིག་སྨན་པ་ཡེ་ཤེས་ལ་རྩ་ཆེའི་སྨན་དཔེ་དང་སྨན་བཅོས་ཡོ་བྱད་འགའ་ཤས་རྩིས་སྤྲད་དེ་རང་ཉིད་དགུང་ལོ་མཐོ་བས་སྔར་བཞིན་སྨན་བཅོས་ཀྱི་ལས་དོན་བསྒྲུབ་ཐུབ་ཀྱི་མེད་སྟབས། ཁོ་ལ་ནད་པ་རྣམས་ཀྱི་ཆེད་དུ་དཀའ་སྤྱད་སྙིང་རུས་བསྟེན་དགོས་པའི་ལམ་སྟོན་མཛད། ཨ་ཅག་སྐྱིད་འཛོམས་ཀྱིས་གནས་ཚུལ་དེ་མཐོང་བས་མོས་ཨེམ་ཆི་ལགས་དང་དབྱངས་ཅན་དཔལ་གཉིས་ལ་ཚིག་རྩུབ་འདྲ་མིན་སྨྲས།

དགུ་པ། སྨན་པ་ཡེ་ཤེས་རྫོང་སྨན་ཁང་དུ་ལོག་སྐབས་དབྱངས་ཅན་དཔལ་མིག་ཆུ་འཁོར་བཞིན“ཁྱོད་མགྱོགས་པོར་ལོག་ཕེབས་ཨཱ”ཞེས་བརྗོད། ཕྱི་དྲོ་ཞིག་ལ་སྨན་པ་ཡེ་ཤེས་སེམས་པ་འཁྲུགས་ཏེ་སྨན་གྱི་མིང་ཡང་འབྲི་མ་ཤེས་པར་གྱུར་སྟབས། ཁོས་གནས་ཚུལ་དེ་རྒན་རྡོ་རྗེ་ལགས་ལ་ཞུས་རྗེས་རྐང་འཁོར་བཞོན་ནས་སྐྱི་གཡའ་འཕྲང་དུ་སླེབས་དུས་ས་རུབ་པས་མདུན་ངོས་ཀྱི་སྐྱ་ལམ་དོག་མོ་མིག་ཟིན་ཙམ་དུ་ཆགས། མདུན་ཕྱོགས་ནས་ཡོང་བའི་རླངས་འཁོར་ཞིག་གིས་ཁོ་ལ་གཞུས་ནས་རྐང་འཁོར་དང་མཉམ་དུ་བྲག་ལ་བརྡབས། རྫོང་སྤྱི་བདེ་ལས་ཁུངས་ཀྱིས་རླངས་འཁོར་གྱི་ཨང་གྲངས་འཁོད་པའི་མདུན་ལྕགས་རྙེད་པས་ཁོ་ཚོས་ཁ་ལོ་བ་དང་། ཚེ་སྲོག་ཤོར་བའི་མི་དེ་སུ་ཡིན་ཤེས་པ་མ་ཟད། གཏམ་ངན་དེ་རིམ་གྱིས་དབྱངས་ཅན་དཔལ་གྱི་རྣ་བར་ཐོས་པས་མོ་རིག་ཚོར་མ་ཟིན་པར་གྱུར། ཨེམ་ཆི་མཁས་མཆོག་བཟའ་མི་གཉིས་ལ་མཚོན་ན། ཁོང་གི་རྣ་བ་རྦད་དེ་འོན་ནས་ནད་པའང་ཉུང་དུ་ཕྱིན་ལ། ཨ་ཅག་སྐྱིད་འཛོམས་ལུས་སྐམ་རིད་དུ་གྱུར་ཏེ་ཉིན་མཚན་མེད་པར་ཁང་པའི་སྦུག་ཏུ་སྡུག་གིས་མནར་བཞིན་ལུས་སོ། ། ། །

དེབ་ནང་གི་གསོན་ཉམས་ལྡན་པའི་ཚིག་བརྗོད་དང་། གནད་ཚིག་ཟུར་འདོན།
གསོན་ཉམས་ལྡན་པའི་ཚིག་བརྗོད།གནད་ཚིག
ཡིད་ཀྱི་མཚོ་མོར་བསྐྱར་དུ་ཀུན་རྟོགས་ཀྱི་ཆུ་གཉེར་དུ་མ་འཕྱུར།སྨན་བཅོས་བྱ་རྒྱུ་དེ་གཞན་གྱི་སྡུག་བསྔལ་སེལ་རྒྱུའི་ཆེད་དུ་ཡིན་པ་ལས་དེ་ལྟོ་གོས་འཚོལ་རྒྱུའི་ལམ་མིན། གལ་སྲིད་སྨན་བཅོས་བྱས་ཏེ་ལྟ་གོས་བཙལ་ན་སྨན་པ་འདི་སྨན་པའི་མཚན་ཉིད་མ་ཚང་བའི་སྨན་པ་ཞིག་རེད།
རྒས་པའི་འཆིང་ཞགས་ཀྱིས་ངའི་ལུས་པོ་བཅིངས་ཟིན་པ་ཡིན་པ་རེད།སྔར་ནས་ད་བར་ཕྲུ་གུའི་འགྲོ་སྟངས་ཕ་མས་བཟོ་རྒྱུ་རེད།
ཁྱེད་རང་དུས་རྒྱུན་ནས་ནང་གི་རྩམ་པ་རྫོགས་ནའང་ཇུས་གཏོགས་མ་གནང་མཁན་གཅིག་གིས་དེ་རིང་སེམས་ཁུར་དེ་འདྲ་གནང་དགོས་དོན་ཅི་ཡིན།
ངས་རྒྱང་ནས་ལྟ་དུས་ཁྱེད་གཉིས་དངོས་འབྲེལ་བརྩེ་དུང་གི་མདུད་པ་སྟོང་མདུད་ཁྲི་མདུད་རང་རེད་འདུག་གཱ།ཨ་མ་ལགས། ངའི་སེམས་ནང་ཡོད་པའི་མི་དེ་ཁྱེད་ལ་ཞུས་ཚར། ཨ་མ་ལགས་ཀྱིས་དེ་ལ་དགོངས་པ་བཞེས་རོགས་གནང་།
ཁྱེད་ནི་ཡབ་ཅིག་དམ་པའི་མཛད་བཟང་གི་འོ་མཚོ་ལས་བལྟམས་པའི་པད་དཀར་གཞོན་ནུ་ལྟ་ན་སྡུག་པ་ཞིག་རེད།ཁྱོད་ཀྱིས་ཕྱིན་པའི་ལམ་ལས་ངས་འགྲིམས་པའི་ཟམ་པ་རིང་
གི་རེད།
ངང་རྒྱུད་རིང་ཞིང་ངག་འཇམ་པའི་སྐྱེད་མའི་གཏམ་བཤད་དེས་བུ་མོའི་ཡིད་དུ་བཞད་ལ་ཁད་པའི་ཕུགས་བསམ་གྱི་མེ་ཏོག་ངོ་མཚར་ཅན་འདི། སད་དང་སེར་བས་བཅོམ་པ་ལྟ་བུར་གྱུར་ནས་རེ་བའི་འདབ་མ་རེ་རེ་བཞིན་ས་རུ་ལྷུང་ངོ་། །ཨ་མ་ལགས། ཐུགས་རྗེས་གཟིགས། བུ་མོས་བཀའ་གྱེན་ལོག་བྱས་པར་མ་དགོངས་པར་བུ་མོའི་རེ་བ་གཅིག་དེ་རང་འགྲུབ་རོགས་གནང་།
གནག་སྣུམ་མགོ་སྐྱེས་ལན་བུ་རྒྱབ་ཏུ་ལྷུག་པོར་དཔྱངས་ཤིང་། དཀར་ཞིང་སྒོར་བའི་ངོ་གདོང་སྟེང་དུ་རྒོད་པོའི་གཤོག་པ་དང་འདྲ་བའི་སྨིན་མ་གཞོགས་གཉིས་སུ་དབྱེ་བའི་འོག་ཁྲ་ཆུང་མིག་གཉིས་གཟི་མདངས་རབ་ཏུ་འཕྲོ།ཁྱེད་རང་དངོས་གནས་མགོ་རུལ་བ་སྣ་བས་མ་ཚོར་མཁན་
ཞིག་རང་རེད་འདུག
ཡེ་ཤེས་ཀྱི་སེམས་ནི་ཐན་པས་བཅོམ་པའི་ལོ་ཏོག་ལ་སྦྲང་ཆར་
བསིལ་མ་འཕྲད་པ་ལྟ་བུའི་དགའ་ཚོར་བྱུང་སྟེ་ངོ་གདོང་ནས་འཛུམ་པའི་མདངས་ཕྱུང་།
ལ་ཁར་ཇག་པ་དབང་ཆེ། ཆུ་ཁར་མཉེན་དཔོན་དབང་ཆེ།
ཀྱེ་མ། ངའི་སྙིང་གྲོགས། ང་ནི་ཁྱེད་དང་འགྲོག་རྒྱུ་བྱུང་བ་འདི་
ཡིས།   བདེ་སྐྱིད་ཀྱི་རྩ་བ་ཚུགས།  ཡིད་སྤྲོའི་སྡོང་རྐང་རྒྱས།
བརྩེ་དངུ་གི་ལོ་འདབ་སྐྱེས།    དགའ་སྐྱིད་ཀྱི་མེ་ཏོག་རབ་ཏུ་
བཞད་སོང་།
ཨ་མ་ལགས། ངའི་མི་ཚེ་འདིར་ཁྱེད་ལ་རེ་བ་གཅིག་རང་ལས་ཞུ་རྒྱུ་མེད། དེ་ནི་བུ་མོའི་ཚེ་གང་གི་གཏན་གྲོགས་དེ་བུ་མོ་ང་རང་གི་བློ་རུ་བབས་པ་དེ་རང་ལ་བཞག་རོགས་གནང་།
མདོར་ན་ཁོང་ཚོའི་ཕྱོགས་འདི་སྐབས་ཤིག་རིང་མི་ཚང་མའི་
ཡིད་སྨོན་གྱི་མིག་མདའ་འཕེན་ཡུལ་དུ་གྱུར་ཏོ། །
ལྐུགས་མ་ཁྱོད།   དེང་སང་མི་ཚང་མས་རྒྱུ་དང་དངུལ་ཡོད་མཁན་མི་ཚང་ལ་གཏོད་པ་མ་གཏོགས་ལྐུགས་མ་ཁྱོད་རང་བཞིན་ཟླ་ཕོགས་སྒུག་ནས་སྡོད་མཁན་ལ་ལྟ་མཁན་སུ་འདུག
བརྩེ་དུང་གི་ལ་རྒྱ་ཟབ་པོའི་བུ་བུ་མོ་འདི་གཉིས་ཀྱི་སེམས་པ་གཅིག་ཏུ་འགྲིལ་ཞིང་། བརྩེ་དུང་གི་ཁྲག་རྒྱུན་གཞོན་ནུ་འདི་གཉིས་ཀྱི་རྩ་ལམ་དུ་ཕར་རྒྱུག་ཚུར་རྒྱུག་གིས་སྙིང་ཁོང་གཞལ་ཡས་ཁང་དུ་ཞུར་བཞིན་དུ་གནས་སོ། །འགྲིག་གཱ། ད་ཁྱེད་གཉིས་འཆམ་པོ་ཡོད་པ་དེ་མཐོང་དུས་ང་ཧ་ཅང་དགའ་པོ་འདུག བུ་མོ་རང་གིས་ཡེ་ཤེས་ལ་མུ་མཐུད་ལྟ་སྐྱོང་ཡག་པོ་བྱས་ཏེ་ཁོང་བློ་བདེ་བག་ཕེབས་ངང་སྨན་བཅོས་
བྱ་བར་ཞུགས་ཐུབ་ན་བུ་མོ་རང་ཡང་དགེ་བ་བསགས་པ་རེད།
བརྡ་རྙིང་ངམ་ཚིག་གསར། སྔོན་ཆད་མཐོང་ཐོས་མ་བྱུང་བའི་ཚིག་ལ་འགྲེལ་བཤད།

༡) བང་བ། འབྲུ་རིགས་སོགས་དངོས་རྫས་ཉར་ཚགས་བྱེད་སའི་ཁང་པའམ་སྒམ།

༢) འབམ་གྲུམ། འབམ་གྱི་ནད་དང་གྲུམ་བུའི་ནད་བསྡུས་པའི་མིང་།

༣) ཡུ་ལུ། རྭ་ཅོ་མེད་པའི་ཕྱུགས་ཟོག (ཡུལ་སྐད)

༤) ཇི་འགབ། གང་ཞིག་གི་དགའ་འམ་ཞེས་པའི་དོན། 

༥) ར་བཟི་སྐྱུར་འགོངས་བཤད།   ར་བཟི་ནས་སྤྱོད་པ་གང་བྱུང་མང་བྱུང་བྱེད་པའི་དོན།

༦) ཇེ་ལོད། ཇེ་ངན་གྱི་དོན།

༧) བྱང་ཟུར་ལུགས་གཉིས། བོད་ཀྱི་ལོ་རྒྱུས་ནང་སྨན་གཞུང་ལ་ཤིན་ཏུ་མཁས་པའི་བྱང་པ་རྣམ་རྒྱལ་གྲགས་བཟང་དང་། ཟུར་མཁན་མཉམ་ཉིད་རྡོ་རྗེ་གཉིས་ཀྱི་བསྡུས་མིང་།

དེབ་བཀླགས་པའི་རང་ཉིད་ཀྱི་མྱོང་ཚོར།

བརྩམས་སྒྲུང་འདིའི་ནང་བརྗོད་དོན་གཙོ་བོ་ཨ་ཅག་སྐྱིད་འཛོམས་ཀྱི་རྒྱུ་ནོར་དང་མཚན་སྙན་ལ་ཆགས་པའི་འདོད་རྔམ་གཙོར་འདོན་བྱས་ཏེ། དེས་མོ་རང་གི་ཚེ་གྲོགས་ལྷ་རྗེ་མཁས་མཆོག་གི་གཞན་ཕན་ལྷག་བསམ་ཅན་གྱིས་གཞན་གྱི་ནད་རིགས་སྨན་བཅོས་ཀྱི་ཕྱག་ལས་ལ་དོ་ཕོག་དང་། ལྷག་པར་དུ་བུ་མོ་དབྱངས་ཅན་དཔལ་གྱི་གཉེན་སྒྲིག་རང་དབང་ལ་མི་མངོན་པའི་འཆིང་ཐག་གིས་བཅིངས་པའི་ལག་རྗེས་སུ། པཱ་ཤེས་རབ་ཀྱི་བུ་འཇམ་དཔལ་དང་བཙན་ཤེད་ཀྱིས་གཉེན་སྒྲིག་བྱས་བཅུག་པར་བརྟེན། ལྷ་རྗེ་མཁས་མཆོག་ཁྱོ་ཤུག་གཉིས་ཀྱི་འཆམ་མཐུན་ལ་གད་ཆག་དང་། བུ་མོ་དབྱངས་ཅན་དཔལ་སྨྱོན་པར་གྱུར་པ་མ་ཟད། སྨན་པ་གཞོན་ནུ་ཡེ་ཤེས་ཀྱི་ཚེ་སྲོག་ཤོར་བ་བྱུང་ཡོད།

གཅིག་བྱས་ན་རྩོམ་པ་པོས་གོང་གི་སྒྲུང་རྩོམ་དེ་རྟོག་སྒྲུང་གི་ཚུལ་དུ་བྲིས་གནང་བ་ཡིན་སྲིད་ཀྱང་། དོན་ངོ་མར་ཕྲན་རང་ཆུང་དུས་བོད་ལ་ཡོད་སྐབས། ཕྲན་གྱི་གཅེན་མོ་མནའ་མར་འགྲོ་སའི་ཁྱིམ་ཚང་གི་རྨོ་མོ་དབྱངས་མཚོས་ཀྱང་ཨ་ཅག་སྐྱིད་འཛོམས་ལྟར་གུས་པའི་གཅེན་མོ་ཁོང་ཚོའི་ཁྱིམ་དུ་ཡོང་དུས། སྐལ་རྫོངས་ཆེན་པོ་རག་པར་ཧམ་སེམས་བཟུང་ཡང་། ང་ཚོའི་ཁྱིམ་ནི་གྲལ་རིམ་དཀྱིས་མའི་ཁྱིམ་ཚང་ཉམ་ཆུང་ཞིག་ཡིན་སྟབས། མོའི་སྐལ་རྫོངས་ལ་ཞེན་པའི་འདོད་རྔམ་བསྐངས་མ་ཐུབ།

རྒྱུ་མཚན་དེའི་ཕྱིར། རྨོ་མོ་དབྱངས་མཚོས་གུས་པའི་ཨ་ཅག་ལ་རྫོངས་སྐལ་ཞན་ཚུལ་དང་། ཁོ་ཚོའི་ཁྱིམ་ཚང་རྒྱུ་ནོར་གྱ་ནོམ་པ་ཡོད་མཁན་གྱི་ནང་མི་རྩེ་གྲས་ཤིག་ཡོད་ལུགས་བརྗོད་དེ་བསུན་བཙེར་དང་། བརྙས་བཅོས། མཐོང་ཆུང་རྒྱུན་དུ་ཡང་ཡང་བྱས་རྐྱེན། སྐབས་འགར་ཨ་ཅག་ང་ཚོའི་ཁྱིམ་དུ་ཡོང་དུས་མིག་ཆུ་གཏོང་བཞིན་པ་ཁོ་བོས་ཐེངས་འགའ་ཤས་དངོས་སུ་མཐོང་མྱོང་། དེས་ན་ད་ལན་བརྩམས་སྒྲུང་འདི་ཀློག་དུས་ཕོ་མོའི་བར་གྱི་བརྩེ་དུང་ནི་རྒྱུ་ནོར་དང་། སྙན་གྲགས། བརྩི་མཐོང་སོགས་ལས་རིན་ཐང་ཆེ་བ་མ་ཟད། ཁྱིམ་ཚང་གཅིག་ལ་མཚོན་ན། རང་དང་གཞན་གྱི་གོ་ས་བརྗེས་ནས་གནས་སྟངས་ངོ་མ་ཁྱོན་ཡོངས་ནས་དཔྱད་ཞིབ་བྱེད་བཞིན། འཇིག་རྟེན་མི་ཆོས་ཀྱི་སློབ་གསོ་སྟེ་ཕན་ཚུན་ཡིད་ཆེས་དང་། གདེང་འཇོག །བསམ་ཤེས། བརྩི་མཐོང་ཅིས་ཀྱང་དགོས་པ་ཚོར་ཤུགས་ཆེན་པོ་བྱུང་ངོ་། །