བསྟན་འཛིན་གསལ་སྒྲོན།
འཛིན་གྲྭ་བདུན་པ། གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ།

བདག་གི་ཕ་ཡུལ་ནི་མཛེས་ཤིང་ཡིད་དུ་འོང་བ། མེ་ཏོག་སྣ་ཚོགས་ཀྱིས་ཁེངས་ཤིང་། སྔོ་ལྗང་གི་སྤང་ལྗོངས་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཡོད། ཕ་ཡུལ་བོད་ནི་གནམ་གཤིས་གྲང་ཞིང་ཁ་བའི་གཡོགས་པ་དང་ས་ཆ་གང་དུ་བལྟས་ཀྱང་ཕ་ཡུལ་བོད་དང་འདྲ་བའི་ལུང་པ་གཞན་མེད། བོད་ནི་འཛམ་གླིང་གི་ཡང་ཐོག་ཏུ་ཆགས་ཤིང་། དེར་དཀར་བའི་གངས་རི་མང་པོས་ཡོངས་སུ་བསྐོར་ཡོད། དཔེར་ན། གངས་དཀར་ཏེ་སེ་དང་། ཇོ་མོ་གླང་མ། གཉན་ཆེན་ཐང་ལྷ་། རྨ་ཆེན་སྤོམ་ར། ཡར་ལྷ་ཤམ་པོ་། རོང་བཙན་ཁ་བ་དཀར་པོ་སོགས་སྙན་གྲགས་ཅན་གྱི་གངས་རི་མང་པོ་ཡོད། གངས་རི་དེ་དག་ནས་བྱུང་བའི་མཚོ་དང་མཚེའུ་མང་པོ་ཡོད། དཔེར་ན། མ་ཕམ་གཡུ་མཚོ། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ་། མཚོ་ཁྲི་ཤོར་རྒྱལ་མོ་སོགས་མཚོ་དང་མཚེའུ་སྟོང་ཕྲག་ཡོད་པ་མ་ཟད་རྒྱལ་མོ་རྔུལ་ཆུ། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། གླང་ཆེན་ཁ་འབབ། སེང་གེ་ཁ་འབབ་བཅས་ཡིན། ལྷ་ས་ནི་བོད་ཀྱི་རྒྱལ་ས་ཡིན། ཕོ་བྲང་པོ་ཏ་ལ་ལྷ་སར་ཆགས་ཡོད། བོད་ནི་ཨེ་ཤ་ཡའི་ཆུ་བོ་དག་གི་འབྱུང་ཁུངས་ཀྱང་ཡིན། བོད་འདི་ཨེ་ཤ་ཡའི་ནང་ནས་མཚོ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ནི་རྒྱ་གར་དང་། བལ་ཡུལ་། འབྲུག་། འབར་མ་། རྒྱ་ནག་། པ་ཀི་སི་ཐན་བཅས་རེད། ང་ཚོའི་ཕ་ཡུལ་བོད་ཀྱི་མི་རྣམས་སེམས་བཟང་བ་དང་འབྲེལ་ལམ་བཟང་པོ་ཡོད།

བོད་ནང་མི་འབོར་ཉུང་ཉུང་ཡོད། བོད་པའི་མི་འབོར་ཉུང་ཡང་བོད་ཀྱི་སྐད་ཡིག་བདེ་སྤྱོད་མང་པོ་གཏོང་གི་ཡོད། བོད་ནང་ནས་སེམས་ཅན་གཙོ་ཆེ་ཤོས་ནི་ནོར་རེད། ནོར་ལ་མདོ་དབུས་མཐོ་སྒང་གི་གྲུ་གཟིངས་ཞེས་མིང་བཏགས་ཀྱི་ཡོད། དེའི་དོན་ནི་མདོ་སྟོད། མདོ་སྨད། དབུས་གཙང་གི་མཐོ་སྒང་བོད་གངས་ཅན་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཉེ་འདབས་མ་གཏོགས་ཡུལ་གཞན་ལ་མེད། ནོར་ནི་ས་གནས་གཅིག་ནས་གཞན་ལ་ཅ་ལག་དབོར་འདྲེན་བྱེད་པ། ཞིང་རྨོ་འདེབས་སོགས་བྱེད་པས་མཐོ་སྒང་གི་གྲུ་གཟིངས་ཞེས་མིང་གཏགས་ཡོད། འབྲི་ཡི་འོ་མ་ནི་བཅུད་ཆེ་བས་མིའི་འཚོ་བ་ལ་ཕན་ཐོགས་ཆེན་པོ་ཡོད། འོ་མ་ལས་མར། ཞོ། ཕྱུར་བ་སོགས་ཟས་རིགས་འདྲ་མིན་བཟོ་ཡི་ཡོད། ནོར་གྱི་རྩིད་པ་དང་ཁུ་ལུ། གྲ། རྔ་མ། བཅས་ཀྱིས་ཐག་པ། སྐུད་པ། ཕྱ་ར། སྒྱེ་མོ་སོགས་བཟོ་ཡི་ཡོད། ནོར་འདི་ཤི་བ་ཡིན་ན་ཡང་ཤ་དེ་བཅུད་ཆེ་བ་དང་ཀོ་བས་ལྷམ་དང་། རུས་པ་དང་རྭ་ཅོས་རྒྱན་ཆ་བཟོ་བ་སོགས་ཧ་ཅང་བེད་སྤྱོད་ཆེན་པོ་ཡོད། བོད་ནང་དུས་ཆེན་མང་པོ་ཡོད་པའི་ནང་ནས་བོད་ཀྱི་ལོ་གསར་ནི་བོད་ཟླ་དང་པོའི་ཚེས་གཅིག་ནས་ལོ་འགོ་བཙུགས་ཀྱི་ཡོད། ཉིན་དེར་བོད་མི་རྣམས་དུས་རྒྱུན་ལས་སྔ་བ་ལངས་ནས་ལུས་ལ་གཟབ་འཆོར་སྤྲས་ཏེ་གཏམ་གྱི་དང་པོར་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། གདོང་ལ་འཛུམ་མདངས་རྒྱས་ནས་ཟས་སུ་ཁ་ཟས་དང་། ཕྱེར་མར། ཆང་སྐོལ། འབྲས་སིལ་སོགས་བཟས་ནས་སྐྱིད་པོའི་ངང་སྡོད་ཀྱི་ཡོད། ཡོངས་གྲགས་བོད་པ་ཚོས་ཚེས་གཅིག་ནས་གསུམ་བར་ལོ་གསར་གཏོང་སྲོལ་ཡོད། ཁ་ཤས་ཚེས་བཅོ་ལྔ་བར་ལོ་གསར་གཏོང་སྲོལ་ཡང་ཡོད།

བོད་ཀྱི་འབྲོག་པ་རྣམས་སེམས་ཅན་ལ་བརྟེན་ནས་འཚོ་བ་བསྐྱལ་ཀྱི་ཡོད། ཁོང་ཚོ་གུར་ནང་སྡོད་ཀྱི་ཡོད། འབྲོག་ས་ཡང་ཡང་རྗེས་ནས་རྩྭ་ཆུ་ཡག་སར་འགྲོ་ཡི་ཡོད། ཁོང་ཚོའི་ཟས་གཙོ་བོ་ནི་རྩམ་པ་དང་། མར། ཕྱུར་བ། ཞོ། བོད་ཇ་སོགས་རེད། འབྲོག་པ་ཞིག་ཡིན་པའི་ཆ་ནས་སྒོ་ཕྱུགས་སེམས་ཅན་གཙོ་བོ་གཡག་དང་ར་ལུག་རེད། དེང་སང་བོད་ཀྱི་འབྲོག་པ་ཚོ་རྒྱ་ནག་གཞུང་གིས་ས་ཆ་གང་སར་འགྲོ་མི་ཆོག་པ་བཟོས་ནས་གཏན་འཇགས་ས་གནས་གཅིག་ལ་བཞག་ཡོད། འབྲོག་པ་ཡི་མི་ཚེ་ནི་གཞན་དང་མི་འདྲ་བ་ཞིག་རེད། ང་ཚོའི་ཕ་ཡུལ་བོད་ནི་དགྲ་བོ་རྒྱ་དམར་གྱིས་བཙན་འཕྲོག་བྱས་ནས་ད་ལྟའི་ཆར་ང་ཚོ་བོད་མི་མང་པོ་ཞིག་རང་ཡུལ་དང་ཁ་བྲལ་ནས་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་བཅས་ཀྱི་ནང་སྐྱབས་བཅོལ་དུ་སྡོད་བཞིན་ཡོད། ང་ཚོའི་ཕ་ཡུལ་བོད་དེ་རྒྱ་ནག་གཞུང་གིས་བཙན་འཕྲོག་བྱས་ཀྱང་། ང་ཚོ་བོད་མི་ཚོ་སེམས་ཤུགས་བརྟན་པོའི་ངང་གནས་ཡོད། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རྒྱ་གར་ནང་ཐོག་མར་སློབ་གྲྭ་དང་། དེ་ནས་གཞིས་ཆགས། དགོན་པ་སོགས་གསར་འཛུགས་གནང་ཡོད། ཁོང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་འདེབས་བཞིན་ཡོད།