བསྟན་འཛིན་ཆོས་འཛོམས།
འཛིན་རིམ་བཅུ་གཅིག སཾ་བྷོ་ཊ་ཧར་པ་པུར་ཉིན་སློབ།

ང་ཚོ་བོད་མི་རྣམས་ནི་བྱམས་སེམས་ཆེ་བ་དང་། ལས་ལ་བརྩོན་པའི་མི་རིགས་ཤིག་ཡིན། བོད་མིའི་འཚོ་ཐབས་གཙོ་བོ་གསུམ་ཡོད་པ་ནི། ཞིང་ལས་དང་། འབྲོག་ལས། ས་མ་འབྲོག་བཅས་གསུམ་ཡིན། སྐབས་འདིར་གུས་མོ་ངས་ང་ཚོ་བོད་ཀྱི་འབྲོག་པའི་འཚོ་ཐབས་སྐོར་རང་ཤེས་གང་དྲན་ཞིག་སྙིང་ཉེ་བའི་བོད་ཕྲུག་རྣམས་ལ་བསམ་ཚུལ་བརྗེ་ལེན་གྱི་ཚུལ་དུ་འབྲི་རྒྱུ་ཡིན།

ནོར་ལུག་སོགས་གཉེར་སྐྱོང་གཙོ་བོ་བྱེད་པ་དང་། རྟ་ནོར་ལུག་གསུམ་ལ་བརྟེན་པའི་འཚོ་ཐབས་ནི་འབྲོག་ལས་ཤིག་ཡིན། འབྲོག་པ་རྣམས་ནི་ས་ཆ་གཅིག་ཏུ་གནས་སྡོད་བྱེད་ཀྱི་མེད། བོད་ཀྱི་འབྲོག་པ་རྣམས་དཔྱིད་ཀ་དང་། དབྱར་ཁ། དགུན་ཁ་སོགས་ནམ་དུས་སྐྱིད་ས་དང་། རྩྭ་ཆུ་འཛོམས་ས། ཚ་དྲོད་སྙོམས་ས་ལ་བརྟེན་ནས་དུས་ནས་དུས་སུ་སྦྲ་གུར་སྤོ་ཡི་ཡོད། འབྲོག་པ་རྣམས་ཀྱི་འཚོ་རྟེན་གཙོ་བོ་ནི་རྟ་ནོར་ལུག་གསུམ་ཡིན་སྟབས། འབྲོག་པ་རྣམས་ཀྱི་རྟ་ནོར་ལུག་གསུམ་ལ་གཅེས་སྐྱོང་དང་། བདག་གཅེས་དམིགས་བསལ་བྱེད་ཀྱི་ཡོད། རྟ་ནོར་ལུག་གསུམ་རང་བྱུང་ཁོར་ཡུག་ལ་བརྟེན་ནས་འཚོ་ཡི་ཡོད་སྟབས། འབྲོག་པ་རྣམས་ནས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང་། བདག་གཅེས་བྱེད་ཀྱི་ཡོད། མཛེས་པའི་རྩྭ་ཐང་དང་། དྭངས་ཤིང་གཙང་བའི་རྒྱུགས་ཆུ་ནི་རྟ་ནོར་ལུག་གསུམ་གྱི་ཚེ་སྲོག་གི་ཟུངས་ཁྲག་ལྟ་བུ་ཡིན་པས། འབྲོག་པ་རྣམས་ནས་དེ་དག་ལ་རང་བཞིན་ལྷན་སྐྱེས་ནས་བརྩེ་སེམས་དང་དུང་ཞེན་ཟབ་མོ་ཞིག་ཡོད། རྟ་ནོར་ལུག་གསུམ་རྩྭ་ཐང་སྟེང་དུ་ཞི་བདེ་བག་ཕེབས་ངང་གནས་ཤིང་། གནམ་མཆོང་ས་མཆོང་བྱེད་དུས་འབྲོག་པ་རྣམས་ཀྱི་བཞིན་རས་དགའ་བའི་འཛུམ་མདངས་ཀྱིས་ཁེངས་བཞིན་ཡོད། མ་ཟད། སྤང་རི་དང་། རྫ་རི་དེ་དག་ལས་འཐུལ་ཡོང་བའི་དྲི་ཞིམ་ནི་སྨན་གྱི་དྲི་ཞིམ་དང་གཉིས་སུ་མེད་པས་རྟ་ནོར་ལུག་གསུམ་གྱི་ཤ་ཤེད་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད།

འབྲོག་པ་རྣམས་རང་བཞིན་གྱི་གཤིས་ཀ་བཟང་པོ་དང་། དྲང་བདེན་ཅན་ཞིག་གི་མི་ཞིག་ཡིན་ལ། བོད་མི་རིགས་ནས་མིག་དཔེ་ལྟ་ས་ཞིག་ཀྱང་ཡིན། ཁོ་ཚོས་རྒྱུན་དུ་གཞན་ལ་རོགས་རམ་དང་། ནང་ཁུལ་ཕན་ཚུན་འཆམ་པོ། མགོ་སྐོར་བསླུ་ཁྲིད་ཀྱི་བསམ་བློ་གཏན་ནས་མེད་མཁན་ཞིག་ཡིན། རྟག་ཏུ་རྟ་ནོར་ལུག་གསུམ་གྱི་རྨིག་རྗེས་དེད་དེ་རྩྭ་ཐང་དང་། རི་ལུང་། སྤང་གཤོངས་སོགས་སུ་སྐྱོད་བཞིན་ཡོད། འབྲོག་པ་རྣམས་ཀྱི་རོགས་པ་ཡག་ཤོས་ནི་རྟ་ནོར་ལུག་གསུམ་དང་། ནམ་མཁའ་ཡི་ཉི་ཟླ་སྐར་གསུམ། རྩྭ་ཐང་གི་སྣ་ཚོགས་མེ་ཏོག་ཡིན། འགྲོ་བ་མིའི་ལུས་སྟོབས་འཚར་ལོངས་བྱེད་སྟངས་ནི་ཟས་བཅུད་དང་ཁོར་ཡུག་ལ་རག་ལུས་ཡོད་སྟབས། འབྲོག་པ་རྣམས་ཀྱི་ཁ་ལག་གཙོ་བོ་ནི་ཤ་མར་ཐུད་གསུམ་ཡིན། ཁོ་ཚོའི་གྱོན་གོས་ཡང་གཙོ་བོ་ནོར་ལུག་གི་རྩིད་པ་དང་། བལ། སྤུ་སོགས་ཡིན། འབྲོག་པ་རྣམས་ཀྱི་ཟས་བཅུད་ནི་ཧ་ཅང་བཅུད་ཆེ་བས་ཁོ་ཚོའི་གཟུགས་པོའི་སྟོབས་ཀྱང་ཆེན་པོ་ཡོད། རྒྱུན་གཏན་བོད་ཕྲུག་ང་ཚོའི་ཁ་ལ་གླུ་གཞས་ཤིག་གོམས་ཡོད་པ་ནི། ང་ཚོ་བོད་ཀྱི་འབྲོག་པ། ཟ་རྒྱུ་འཐུང་རྒྱུ་ཞིམ་ལ། ཕྱུ་ར་མར་དང་གཡག་ཤ། ཟེར་བ་ལྟར་འབྲོག་པ་རྣམས་ཀྱི་འཚོ་རྟེན་ནི་སྟབས་བདེ་ཞིང་། ཟས་བཅུད་ཆེ་བ་ཞིག་ཡིན།

སྤྱིར་ས་ཁུལ་དང་། ལུང་པ། རྒྱལ་ཁབ་ཚང་མར་རང་རང་གི་ཁྱད་ཆོས་མཚོན་པའི་འབྲོག་པ་ཡོད་ཀྱང་། མཐོ་སྒང་བོད་ཀྱི་འབྲོག་པ་ནི་ཡུལ་ལུང་གཞན་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་འབྲོག་པ་ཞིག་ཡིན། བོད་ཀྱི་འབྲོག་པ་རྣམས་ཀྱི་འཚོ་རྟེན་ནོར་གཡག་ཡིན་པ་དང་། ནོར་གཡག་ལུང་པ་གཞན་ལ་ཧ་ཅང་དཀོན་པས་བོད་ཀྱི་འབྲོག་པ་ཐུན་མོང་མ་ཡིན་པ་ཞིག་ཡིན། ནོར་གཡག་ནི་བོད་ཀྱི་རྩ་ཆེན་སྲོག་ཆགས་ཤིག་ཡིན་ལ། བོད་ཀྱི་ངོ་བོ་མཚོན་པའི་སེམས་ཅན་ཞིག་ཀྱང་ཡིན། སེམས་ཅན་དེ་དག་སྲུང་སྐྱོབ་བྱེད་མཁན་ནི་ང་ཚོ་བོད་ཀྱི་འབྲོག་པ་ཡིན། བྱས་ཙང་། བོད་ཀྱི་འབྲོག་པ་ནི་བོད་མི་རིགས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་ལ། བོད་མི་རིགས་ཀྱི་ཁྱད་ཆོས་དང་ངོ་བོ་མཚོན་ཐུབ་མཁན་གྱི་འཚོ་ཐབས་ཤིག་ཀྱང་ཡིན། དེ་ན་བོད་ཀྱི་མི་རབས་རྒན་པ་རྣམས་ནས་འབྲོག་ལས་ཀྱི་འཚོ་བ་ལ་བརྟེན་ནས་བོད་ཀྱི་རིག་གཞུང་དང་། ཁྱད་ཆོས་སྲུང་སྐྱོབ་བྱས་ཡོད་པས། ང་ཚོ་མི་རབས་གསར་པ་རྣམས་ནས་བོད་ཀྱི་འབྲོག་པའི་འཚོ་ཐབས་རྣམས་ཤེས་པ་བྱས་ཏེ་མུ་མཐུད་རྒྱུན་གནས་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས། །