བསྟན་འཛིན་བདེ་ལྡན།
འཛིན་རིམ་བཅུ་གཅིག མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ།

འབྲོག་པ་ཚོས་སེམས་ཅན་འཚོ་སྐྱོང་གི་སྐོར་དང་ཁོར་ཡུག་སྐོར་ཧ་ཅང་ཡག་པོ་ཤེས་ཀྱི་ཡོད་པ་རེད། བོད་མི་བརྒྱ་ཆ་བཅུ་ལྷག་ཙམ་འབྲོག་པ་རེད། འབྲོག་པ་དག་གི་ཁ་ལག་དགའ་ཤོས་ནི་ཤ་མར་ཐུད་གསུམ་དང་རྩམ་པ་རེད། ཁོ་ཚོ་བོད་ཇ་དང་འབྲོག་ཇ་འཐུང་རྒྱུར་དགའ། འབྲོག་པ་ནི་བོད་ཀྱི་ཆེས་གདོད་མའི་རིག་གཞུང་སྲུང་སྐྱོབ་བྱེད་མཁན་གལ་གནད་ཆེ་ཤོས་རེད། ཁོ་ཚོའི་འཚོ་བ་སྐྱེལ་ས་གཙོ་བོ་བྱང་ཐང་རེད། འབྲོག་པས་སྒོ་ཕྱུགས་སེམས་ཅན་གཡག་དང་འབྲི། ར་དང་ལུག མཛོ་ཕོ་མོ་སོགས་བདག་སྐྱོང་བྱེད་ཀྱི་ཡོད། ཁོང་ཚོ་དབྱར་ཁ་ས་མཐོ་ས་དང་དགུན་ཁ་ས་དམའ་སར་གནས་སྡོད་བྱེད་ཀྱི་ཡོད།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོས་བོད་དུ་བཙན་འཛུལ་བྱས་ནས་བོད་ས་ཡོངས་རྫོགས་བཟུང་རྗེས། བོད་ཀྱི་ཆོས་དང་རིག་གཞུང་དང་། གནས་རྩ་ཆེན་མང་པོ་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པའི་ཐོག །བོད་ཀྱི་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་ཡང་དོ་ཕོག་ཆེན་པོ་བཏང་ཡོད། རྒྱ་དམར་གྱིས་བོད་ཀྱི་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་བཏང་སྟེ་གྲོང་དང་གྲོང་རྡལ་ལ་མར་གནས་སྤོ་བྱེད་དུ་འཇུག་གི་ཡོད། རྒྱུ་མཚན་ནི་དེ་ལྟར་བྱེད་པ་ནི་རྒྱ་དམར་གྱིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བའི་ཆ་ཤས་ཤིག་རེད། ཕྱི་ལོ་ ༡༩༦༠ ནས་ད་བར་ཚོད་རྩིས་བྱས་ན་བོད་ཀྱི་འབྲོག་པའི་གྲངས་བརྒྱ་ཆ་ལྔ་བཅུ་ལས་ལྷག་ཇེ་ཉུང་དུ་ཕྱིན་ཡོད། འབྲོག་པའི་སེམས་ཅན་རྣམས་རྒྱ་མིས་ཉོས་ནས་བཤས་རར་ཁྲིད་དེ་ཤ་ཡིས་ཐོན་རྫས་འདྲ་མིན་བཟོས་ཏེ་རྒྱ་ནག་གིས་གཙོས་ཕྱིའི་རྒྱལ་ཁབ་ཁག་ལ་ཚོང་འགྲེམས་བྱེད་ཀྱི་ཡོད།

འབྲོག་པ་ཚོར་འཚོ་སྡོད་བྱེད་སའི་ས་གནས་སམ་ཁང་པ་གཏན་འཇགས་མེད་པར་ས་གནས་གཅིག་ནས་གཞན་ལ་ཡང་ཡང་གནས་སྤོ་བྱེད་ཅིང་། སྦྲ་གུར་ནང་འཚོ་སྡོད་བྱེད་ཀྱི་ཡོད་པ་རེད། སྦྲ་གུར་ཟེར་བ་ནི་སྤྱིར་བཏང་གི་གུར་དང་མི་འདྲ་བར་རྒྱུ་གཡག་གི་རྩིད་པ་ལས་བཟོས་པའི་གུར་ཁྱད་པར་འཕགས་པ་ཞིག་ཡིན། དེ་ལ་དབྱར་ཁ་ཆར་པ་ཁོག་པ་དང་། དགུན་ཁ་གནམ་གཤིས་གྲང་དུས་རླུང་པོ་ཁོག་པའི་ནུས་པ་ཡོད་ཅིང་། ཆེ་ཆུང་སྣ་ཚོགས་ཡོད་དེ་ཆེ་བ་ལ་མི་ཉི་ཤུ་རྩ་གྲངས་ཤོང་བ་དང་། ཆུང་བ་ལ་མི་གཉིས་གསུམ་སྡོད་ས་ཡང་ཡོད། སྔོན་དུས་བོད་ས་མ་ཤོར་གོང་འབྲོག་པ་ཚོའི་འཚོ་བ་རང་འདོད་དང་། ས་གནས་གར་སྤོ་རང་དབང་ཡིན་ཡང་། ད་ཆ་འབྲོག་པས་རྒྱ་དམར་གཞུང་ལ་འབྲོག་ཁྲལ་ཁྱོན་ཆེ་སྤྲོད་དགོས་ཐོག། རྩ་ས་ཡོངས་རྫོགས་རྒྱ་དམར་གཞུང་གིས་བདག་པོ་བརྒྱབ་ནས་གནས་སྤོ་གང་བྱུང་བྱ་ཐབས་མེད་པར་གྱུར་ཡོད།

སྔ་དུས་བོད་ཀྱི་འབྲོག་པ་ཚོ་རང་འབྱུང་ཁམས་ལ་བརྩེ་ཞེན་ཆེན་པོ་དང་འདོད་ཆུང་ཆོག་ཤེས་ཀྱིས་འཚོ་ཐབས་ལ་གོམས་ཡོད་པས་ཁོར་ཡུག་ལ་གནོད་སྐྱོན་གཏོང་གི་མེད། ཁོ་ཚོས་རང་བྱུང་ཁམས་དང་འདྲེས་ནས་འཚོ་བཞིན་ཡོད། དེ་ཡང་སྐྱེས་པ་ཚོས་ཞོགས་པ་ཡར་ལངས་རྗེས་ཁ་འདོན་དགེ་སྦྱོར་དང་། ལྷ་དང་སྲུང་མར་བསངས་མཆོད་དུ་བདུག །དེ་ནས་གནག་ཕྱུགས་འཚོ་རུ་འགྲོ་ཞིང་། དགོང་དྲོ་ནང་ལ་རྩིད་སྐུད་འཁེལ་བ་སོགས་ཀྱི་བྱ་བ་བྱེད། བུད་མེད་ཚོས་འོ་མ་འཇོ་བ་དང་། ཁ་ལག་གཡོ་བ། འོ་མ་དཀྲོག་ནས་མར་ཕྱུར་སོགས་ཐོན་རྫས་བཟོ་བར་བྱེད་ཅིང་། མཚམས་རེ་ཁོང་ཚོས་འབྲོག་ས་བྱུང་བའི་ཅ་དངོས་རྣམས་ཁྱེར་ནས་གྲོང་དང་གྲོང་རྡལ། ཁྲོང་ཁྱེར་སོགས་ལ་འཚོང་བར་འགྲོ་གི་ཡོད། འོན་ཀྱང་ད་ཆ་རྒྱ་དམར་གྱི་སྡུག་རྩུབ་ཆེ་བའི་སྲིད་བྱུས་འོག་འབྲོག་ས་ཕལ་ཆེ་བ་གཏེར་གྱི་ཆེད་སྔོག་འདོན་དང་། རྩ་ས་སྦོམ་ནས་རྒྱ་མི་གནས་སྤོས་སུ་སླེབས་པ་ཁག་གི་ཞིང་སར་བསྒྱུར་དང་སྒྱུར་གྱིན་ཡོད་པས་བོད་ཀྱི་འབྲོག་པའི་འཚོ་བ་རླུང་ཁྲོད་ཀྱི་མར་མེར་གྱུར་ཡོད།

ངས་རྩོམ་ཡིག་འདི་འབྲི་སྐབས་བོད་ཀྱི་འབྲོག་པའི་སྐོར་རྩོམ་ཡིག་དང་གསར་འགྱུར་སོགས་མང་པོ་ཞིག་བལྟས་པ་ཡིན། དེ་དག་ཚང་མའི་བརྗོད་བྱ་ནི་གཅིག་འདྲ་རེད་འདུག །དེ་ཡང་ད་ལྟའི་བོད་ཀྱི་འབྲོག་པ་ནི་མེས་ཚིག་མེར་ཐུག་གི་གནས་སུ་གྱར་ཡོད་པ་དེ་རེད། དེ་ནི་བོད་ཀྱི་རིག་གཞུང་དང་ལམ་སྲོལ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་གྱོང་གུད་ཚབས་ཆེན་ཞིག་རེད་ལ། རྒྱ་ཆེ་ས་ནས་བཤད་ན་གོ་ལ་ཧྲིལ་པོར་གྱོང་གུད་ཆེན་པོ་ཞིག་རེད། དེར་བརྟེན་ང་ཚོས་ངེས་པར་བོད་ཀྱི་འབྲོག་པ་རྩ་མེད་བཟོ་བའི་རྒྱ་དམར་གྱི་སྲིད་བྱུས་ངན་པ་དེ་ལ་མཐའ་གཅིག་འགོག་རྒོལ་བྱ་དགོས་སོ།།