ལྷག་པ་དོན་གྲུབ། གཞི་གོང་བོད་དགེ།
སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ།

འཇིག་རྟེན་ཡངས་པོའི་དུས་གསུམ་སྐྱེ་འགྲོ་བདེ་བའི་སླད།།
གང་གི་སྐུ་ཚེ་ཕངས་མེད་གློད་མཛད་ཐུགས་དམ་བཅས།།
འཛམ་གླིང་ས་གཞི་དོག་མོས་འདེགས་བཟོད་དཀའ་བའི་དྲིན།།
མཉམ་མེད་༧རྒྱལ་དབང་མཆོག་ལ་མི་ཕྱེད་དད་པས་འདུད།།

   ངེད་ཅག་མཐོ་སྒང་བོད་ཀྱི་ཡུལ་དུ་སྔོན་བྱོན་ཆོས་རྒྱལ་ལོ་པཎ་དང་། བླ་མ་མཁས་སྤྲུལ་རྣམས་ཀྱིས་ལུས་ཀྱི་བཟོད་དཀའི་དཀའ་སྡུག་གྲངས་མེད་མྱངས་ཏེ་འབད་པ་དུ་མ་བརྩེགས་པའི་བློས་བཏང་བླ་ན་མ་མཆིས་པ་ལས་བྱུང་ཞིང་། ཕྱི་དངོས་པོའི་ཡར་རྒྱས་ཚད་མཐོར་བསླེབས་པར་གྲགས་པ་དུས་རབས་ཉི་ཤུ་པའི་རྒྱལ་ཁབ་རྣམས་ཀྱིས་དོ་ཟླར་མ་སླེབས་ཤིང་། རིགས་པའམ་རྒྱུ་མཚན་ལ་མ་བརྟེན་པར་ངོས་ལེན་མི་བྱེད་པར་ཁས་འཆེས་པའི་དེང་དུས་རིག་གསར་ཚན་རིག་པའི་མཁས་པ་ཆེན་པོ་འགྲན་གྱི་དོ་མེད་རྣམས་ཀྱིས་ཀྱང་འགྲམ་ཆུ་ལྡང་གཞིར་གྱུར་པ། འཛམ་གླིང་སྤྱི་ཚོགས་ཁྲོད་དུ་འདོད་རྔམ་དང་ཕྱོགས་རིས། ཕྱོགས་ཞེན། ལྐོག་ཟ་རུལ་སུངས་སོགས་ལ་བརྟེན་ནས་བྱུང་བའི་མིས་བཟོས་དཀའ་ངལ་རྩ་བཀོག་མིང་མེད་བཏང་པ་ལ་མེད་དུ་མི་རུང་བ་བཅས་ནི། བོད་ཀྱི་སངས་རྒྱས་པའི་ཆོས་དང་རིག་གནས་ཡུལ་གོམས་གཤིས་ལུགས་སོགས་ཁྱད་ནོར་གཞན་ལ་དོན་དུ་ངོམས་སུ་ཆོག་པ་འདི། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཉིད་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་འཇིག་རྟེན་ཁམས་འདིར་གསོན་གནས་ཡོད་སྟབས་ཁོང་གི་བཀའ་དྲིན་སྙིང་དབུས་སུ་དྲངས་ནས། ད་ལན་ “༧གོང་ས་མཆོག་གི་དགོངས་པའི་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས” ཞེས་པའི་བརྗོད་གཞི་ཐོག་ཁོ་བོའི་རྣམ་རྟོག་གི་འཇུག་པ་ལས་ཐོན་པའི་བསམ་ཚུལ་གྱི་ཟེགས་མ་འགའ་ཞིག་འབྲི་བར་འདོད་པས་ནོངས་པ་མཆིས་རིགས་བློ་གྲོས་སྤྱན་ལྡན་རྣམས་ཀྱི་མདུན་སར་པུས་མོའི་ལྷ་ང་ས་རུ་བཙུགས་ཏེ་བཟོད་གསོལ་ཞུ་རྒྱུ།

ང་ཚོ་འཚོ་གནས་བྱེད་སའི་འཇིག་རྟེན་འདིར་ད་ལྟ་གདོང་ལེན་བྱེད་དཀའ་བའི་དཀའ་ངལ་དང་སྡུག་བསྔལ་མཐའ་དག་ནི། འདོད་རྔམ་དང་རང་རྒྱལ་གཞན་ཕམ་གྱི་བསམ་པ་ཅན། སྤྱི་དོན་ལས་སྒེར་དོན་གཙིགས་སུ་འཛིན་མཁན་འདས་པ་དང་ད་ལྟའི་མི་རབས་རྣམས་ཀྱིས་བསྐྲུན་པའི་རྗེས་འབྲས་ཤིག་ཡིན་པ་སྨྲོས་ཅི། དེར་བརྟེན་ད་ལྟ་མྱོང་བཞིན་པའི་འཇིག་རྟེན་གྱི་དཀའ་ངལ་དང་སྡུག་བསྔལ་རྣམས་རྩ་བཀོག་བྱེད་རྒྱུའི་བསམ་པ་འཛིན་མཁན་རྣམས་ཀྱིས་ཕུགས་རེ་བཅོལ་ས་ནི། ད་ལྟའི་བྱིས་པ་དང་ན་གཞོན་རྣམས་ལས་གཞན་སུའང་མ་མཆིས་ཤིང་། དེ་ཡང་དཀའ་ངལ་རྣམས་བཟློག་ཐབས་ཀྱི་འོས་འགན་གཙོ་བོ་ནི། ད་ཡོད་ཤེས་ཡོན་སློབ་གསོ་སྤྲོད་མཁན་དགེ་རྒན་རྣམས་ཀྱི་ཕྲག་པར་བབས་ཡོད་སྟབས། དེ་དག་ལ་དུས་བསྟུན་ཡང་དག་པའི་ཤེས་ཡོན་འབུལ་རྒྱུ་ནི་གནད་ཀྱི་སྙིང་པོར་གཟིགས་ཏེ་ན་གཞོན་རྣམས་ལ་ཤེས་ཡོན་སྤྲད་རྒྱུའི་༧གོང་ས་མཆོག་གི་དམིགས་ཡུལ་གཙོ་བོ་འདིར་ཟད་སྙམ། དེས་ན་བྱིས་པ་དང་ན་གཞོན་རྣམས་ལ་ཡང་དག་པའི་ཤེས་ཡོན་སྤྲོད་མཁན་གྱི་དགེ་རྒན་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པ་སྨྲོས་ཅི། མདོར་ན་༧གོང་ས་མཆོག་གི་དགོངས་པའི་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས་རང་གི་བློ་ངོར་འཁོར་བ་འགའ་ཞིག་འདིར་དྲངས་ན།

༡། བྱམས་བརྩེ་ཅན།

   དགེ་རྒན་རྣམས་ལ་མེད་དུ་མི་རུང་བའི་ཁྱད་ཆོས་ཚང་དགོས་པ་གཅིག་ཉིད་ནི། དགེ་སློབ་གཉིས་དབར་འབྲེལ་བའི་གནས་སྟངས་ཇི་འདྲ་ཐབས་རྡུགས་གྱུར་ཀྱང་དགེ་རྒན་གྱི་སེམས་ནང་སློབ་ཕྲུག་ལ་དམིགས་པའི་བྱམས་བརྩེའི་བསམ་པ་འདོར་མི་རུང་བ་ནི། དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས་དང་པོའི་དང་པོར་མཐོང་། དེ་ཡང་སློབ་ཕྲུག་རྣམས་ནི་དངོས་པོའི་གནས་ཚུལ་ལ་རང་གི་རྣམ་དཔྱོད་ཤེས་རབ་ཀྱིས་དཔྱད་པའི་ནུས་པ་ཞན་ཞིང་། རང་གི་འཕྲལ་ཕུགས་མི་ཚེར་བྱ་བ་གང་གིས་ཕན་གནོད་སྒྲུབ་པར་བྱེད་པའི་ཤེས་རབ་མི་ཆེ་བས་བླང་དོར་གྱི་གནས་རྣམས་གོ་ལྡོག་སྟེ་སྐབས་རེར་དགེ་རྒན་གྱི་བསམ་ཡུལ་ལས་འདས་ཤིང་། ཁས་ལེན་དཀའ་བའི་ཐབས་རྡུགས་ཀྱི་བྱ་སྤྱོད་སྤེལ་སྐབས་དེ་ལ་ཁོང་ཁྲོ་དང་མི་དགའ་བའི་བསམ་པ་མི་སྐྱེས་པར་དགེ་རྒན་རང་ཉིད་ང་རྒྱལ་དང་ཁེངས་སེམས་དོར་ཏེ་དམའ་སར་བབས་ནས་བཅོས་མ་མ་ཡིན་པའི་བྱམས་བརྩེའི་སྤྱོད་པ་བསྟན་ཏེ་སློབ་ཕྲུག་གི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ན། ནམ་ཞིག་སློབ་ཕྲུག་དེ་ཉིད་ཀྱི་སེམས་ནང་རང་ཉིད་མ་འགྲིགས་པ་དང་ནོར་འཁྲུལ་ཤོར་བའི་ཤེས་རབ་སྐྱེས་ཏེ། སློབ་ཕྲུག་དེའི་སེམས་ནང་དགེ་རྒན་ལ་དམིགས་པའི་ཆེ་མཐོང་དང་དད་གུས་ཀྱི་བསམ་པ་ཤུགས་ཆེ་འཕེལ་ཏེ་རང་ཉིད་ཀྱི་འཕྲལ་ཕུགས་མི་ཚེར་སྨན་པའི་སླད་དུ་དགེ་རྒན་གྱིས་མཛུབ་མོ་གར་འཛུགས་ས་ལ་འགྲོ་རྒྱུའི་ཆོད་སེམས་བརྟན་པོ་ཐོབ་པའི་དུས་ཤིག་ཡོང་ངེས་སྙམ།

༢། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་འཁུར་གྱི་བསམ་པ་ལྡན་པ།

   ཁོག་མ་ལ་མེད་ན། ཟ་རུ་ལ་གང་ནས་ཡོང་། ཞེས་སྔར་གྱི་ཁ་དཔེ་ལྟར། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་འཁུར་གྱི་བསམ་བློ་དེ་དགེ་རྒན་ལ་མེད་ན་སློབ་ཕྲུག་ལ་དེ་ལྟའི་བསམ་བློའི་ཁྱད་ནོར་འཇགས་རྒྱུའི་རེ་བ་དེ་བས་ག་ལ་སྲིད། དེས་ན་སློབ་ཕྲུག་རྣམས་ལ་ཀུན་ཁྱབ་སེམས་ཁུར་དང་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་འཁུར་གྱི་བསམ་བློ་ཆུང་དུས་ནས་སེམས་ནང་བག་ཆགས་བརྟན་པོ་འཇོག་ཏུ་འཇུག་རྒྱུ་ཧ་ཅང་གལ་ཆེར་མཐོང་། རང་དོན་དང་རང་རྒྱལ་གྱི་བསམ་པ་ནི་སུས་ཀྱང་བསླབས་མི་དགོས་པར་ཀུན་ལ་ངང་གིས་འཇགས་སླ་བས་བསམ་པའི་འཁྱེར་སོ་དེ་དག་རྐང་གིས་བསླབས་མི་དགོས་ཤིང་རིན་ཐང་ཅན་ཡང་མ་མཐོང་། འོན་ཀྱང་སློབ་ཐོན་པ་ན་གཞོན་རྣམས་ལ་ཀུན་ཁྱབ་སེམས་ཁུར། སྤྱི་སེམས། ཕུགས་རྒྱང་བརྟན་བརླིང་སོགས་སྤྱི་དང་སྒེར་ལ་སྨན་པའི་སེམས་ཀྱི་ཁྱད་ནོར་དེ་དག་མེད་ཚེ། འཇིག་རྟེན་ཁྱོན་འདིའི་ཁོར་ཡུག་གཙོ་བོར་གྱུར་པའི་མིའི་རིན་ཐང་རྣམས་རིམ་གྱིས་འགྲིབ་ཅིང་། ངོ་ཚ་ཁྲེལ་གཞུང་མེད་པ་སོགས་སེམས་ཀྱི་སྐྱོན་རྣམས་ངང་གིས་འཕེལ་ཏེ་སྤྱི་ས་དང་སྤྱི་ཞིང་སྒེར་བདག་བྱས་པ། སྤྱི་ཟས་དང་སྤྱི་ནོར་སྒེར་སྤྱོད་བྱས་པ་སོགས་དཀའ་ངལ་དུ་མས་སྤྱི་ཚོགས་ཀྱི་བདེ་འཇགས་ཐལ་བར་བརླགས་ཏེ་རང་མེད་མི་མེད་བཟོས་པའི་ལོ་རྒྱུས་རྫོགས་རྒྱུ་མེད་པ་ཐོན་པའི་རྒྱུ་མཚན་གཙོ་བོ་ནི། མི་ངན་དེ་དག་ལ་ཆུང་དུས་ནས་ངེས་པར་སློབ་གལ་ཆེ་བའི་ཀུན་ཁྱབ་སེམས་ཁུར་དང་འཇིག་རྟེན་སྤྱི་ཡོངས་ཀྱི་འགན་འཁུར་སོགས་སློབ་གསོའི་མ་འདང་བས་ཡིན། དེས་ན་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའི་ཆ་ཤས་སུ་གྱུར་པའི་མིའི་རིན་ཐང་ཡར་རྒྱས་དང་ཀུན་ཁྱབ་སེམས་ཁུར་སོགས་ཀྱི་ཤེས་ཡོན་རྣམས་ཆུང་དུས་ནས་སློབ་ཁྲིད་དགོས་རྒྱུ་ཁོ་བོས་གལ་ཆེར་མཐོང་སྟེ། དགེ་རྒན་རྣམས་ལ་དེ་ལྟའི་ཁྱད་ཆོས་ཚང་མེད་རིགས་གཞན་ལ་སློབ་ཁྲིད་དང་མིག་དཔེ་སྟོན་དཀའ་བས་དགེ་རྒན་རྣམས་ལ་ཁྱད་ཆོས་འདི་ངེས་པར་ཚོང་དགོས་ངེས་སུ་མཐོང་།

༣། ཕྱི་དངོས་པོ་ལས་ནང་སེམས་པ་ཡར་རྒྱས་གལ་ཆེར་བརྩི་མཁན་ཞིག་དགོས།

   ངེད་ཅག་བོད་རྒྱལ་ཁབ་ཀྱི་འདས་པའི་ལོ་རྒྱུས་ནང་དུ་བསམ་གཞིགས་ལེགས་པར་བྱས་ན། བོད་ཀྱི་མེས་པོ་དམ་པ་རྣམས་ཀྱིས་ཕྱི་དངོས་པོ་ལས་ནང་སེམས་པ་ཡར་རྒྱས་གལ་ཆེར་བརྩིས་ཏེ་ཡུལ་གོམས་གཤིས་ལུགས་དང་རིག་གནས་དར་སྤེལ་གནང་ཡོད། དེའི་རྐྱེན་གྱིས་འཛམ་གླིང་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་མི་རིགས་ནི་ཀུན་གྱིས་ཡིད་སྨོན་དང་བསྔགས་བརྗོད་བྱེད་གཞིར་གྱུར་པའི་ཁྱད་ཆོས་དེ་དག་སྲུང་སྐྱོབ་བྱེད་རྒྱུའི་འོས་འགན་ད་ལྟའི་བོད་ཀྱི་ན་གཞོན་རྣམས་ཀྱི་ཕྲག་སྟེང་དུ་བབས་ཡོད། དེའི་སླད་དུ་དགེ་རྒན་ཚོའི་སེམས་ངོར་ཕྱི་དངོས་པོ་ལས་ནང་སེམས་པ་ཡར་རྒྱས་གལ་ཆེར་འཛིན་པའི་བསམ་བློའི་འཁྱེར་སོ་སེམས་ཁོང་དུ་སྲ་འཇགས་དགོས་རྒྱུ་ཤིན་ཏུ་གལ་ཆེར་སྣང་། དེ་ཡང་། བསླབ་བྱ་བརྒྱ་ལས་མིག་དཔེ་གཅིག་ནུས་པ་ཆེ། ཞེས་གསུང་སྲོལ་ཡོད་པ་ལྟར། དགེ་རྒན་རྣམས་ཀྱིས་མཛུབ་མོ་བཙུགས་ཏེ་ཡིག་འབྲུ་རེ་རེ་བཞིན་འགྲེལ་བཤད་བྱས་ནས་གནས་དོན་དེའི་ཐད་བསླབ་བྱ་བརྒྱབ་པ་ལས། བསླབ་བྱའི་ནང་དོན་དགེ་རྒན་ཚོས་རང་རྒྱུད་དུ་སྦྱར་ནས་མིག་དཔེ་སྟོན་ཐུབ་ན་སློབ་ཕྲུག་རྣམས་ལ་མིག་སྨན་མིག་ཐོག་ཏུ་འཁེལ་བ་ལྟ་བུའི་བཟང་ཕྱོགས་ཀྱི་འགྱུར་ལྡོག་དང་ཕན་ནུས་ཆེ་བ་ཡོང་གི་ཡོད་པ་ནི་ཀུན་ལ་འགྲེལ་བརྗོད་མི་དགོས་པར་མངོན་སུམ་དུ་གྲུབ་སྙམ། དེས་ན་དགེ་རྒན་ཚོའི་བསམ་བློའི་འཁྱེར་སོའི་ནང་དུ་ཕྱི་དངོས་པོ་ལས་ནང་སེམས་པ་ཡར་རྒྱས་གལ་ཆེར་བརྩིས་པ་མ་ཟད་དངོས་སུ་ལག་བསྟར་བྱས་ཏེ། སློབ་ཕྲུག་རྣམས་ཀྱི་མིག་མདུན་དུ་བསྟུད་མར་མཐོང་ཚེ་ཕྱི་དངོས་པོ་ལས་ནང་སེམས་པ་གལ་ཆེ་ཡིན་པའི་གོ་རྟོགས་དགེ་རྒན་རྣམས་ཀྱིས་དཀའ་ཚེགས་ཆེན་པོས་བསླབས་མི་དགོས་པར་ངང་གིས་ཤེས་རྒྱུའི་གོ་སྐབས་བཟང་པོ་ཞིག་མཐོང་།

༤། བརྩོན་ཅན་ཆོག་ཤེས་ཀྱི་ནོར་དང་ལྡན་པ།

   དགེ་རྒན་ཚོས་སློབ་ཁྲིད་བྱེད་སའི་འཛིན་གྲྭའི་ནང་དུ་སློབ་ཕྲུག་གི་སེམས་ཁམས་གནས་སྟངས་དང་། རིག་པ་རྣོ་རྟུལ། དབང་པོ་མཆོག་དམན་སོགས་མི་འདྲ་བའི་ཁྱད་པར་ཡོད་སྟབས་ལན་གཅིག་བསླབས་པས་ལོབ་དཀའ་བ་ནི་ཆོས་ཉིད་ལགས། དེ་ཡང་བསླབ་བྱའི་སློབ་ཚན་གྱི་དཀའ་སླའི་ཁྱད་པར་སོགས་སྣ་མང་ལ་བརྟེན་ནས་སློབ་དགེ་ཚོས་སློབ་ཕྲུག་གི་དྲི་བར་ལན་འདེབས་བྱེད་པའི་བརྩོན་པ་མི་ཆུང་བ་ཞིག་དགོས་པ་ནི་ཤིན་ཏུ་གནད་ཆེ། སློབ་ཕྲུག་གི་སེམས་ཁམས་གནས་སྟངས་ལ་མཚོན་ན། འཛིན་ཁང་གི་ར་བ་ཆུང་ཆུང་གི་ནང་དུ་ཚོགས་ཞུགས་སློབ་ཕྲུག་ཐམས་ཅད་ཀྱི་སེམས་ཁམས་གནས་སྟངས་མི་འདྲ་བ་དཔེར་ན། སློབ་ཕྲུག་འགའ་ཞིག་ཕ་མ་ཡ་བྲལ་སོགས་ལ་བརྟེན་ནས་ཕ་མའི་ཚུལ་མཐུན་བྱམས་བརྩེ་མ་ཐོབ་པས་བློ་རིག་རྣལ་མར་གནས་མ་ཐུབ་པ་དང་། འགའ་ཞིག་ཁྱིམ་ཚང་དང་སྡོད་ཁང་ཁག་ཏུ་སློབ་ཕྲུག་ཕན་ཚུན་ཤོད་རེས་དང་འཁྲུག་རྐྱེན་བྱུང་ནས་བློ་རིག་འཁྲུགས་ཏེ་རྒྱུན་ལྡན་ལྟར་མེད་པ། འགའ་ཞིག་ཁྱིམ་ཚང་དང་སྡོད་ཁང་གི་གཙང་བཟོ་སོགས་ལས་འགན་མང་བས་རང་དགོས་སློབ་སྦྱོང་ལ་བརྩོན་རྒྱུའི་དུས་ཚོད་འདང་ངེས་མ་ཐོབ་པའི་བློ་རིག་རྣལ་མར་མེད་པ་སོགས་དངོས་ཡོད་ཟློག་ཐབས་བྲལ་བའི་སེམས་ངལ་གྱིས་སེམས་ཁམས་གནས་སྟངས་དཀའ་ངལ་ཅན་དུ་ལྷུང་བའི་སློབ་ཕྲུག་ཀྱང་འཛིན་ཁང་ར་བ་ཆུང་ཆུང་ནང་དུ་ཡོད་པའང་སློབ་དགེ་ཚོས་མཁྱེན་ཐོག་སློབ་ཕྲུག་ལ་འབྲེལ་བ་བྱེད་སྐབས་བརྩོན་འགྲུས་དང་བཟོད་སྒོམ་སོགས་བསམ་ཤེས་ཀྱི་ནུས་པ་ཕུལ་བྱུང་དགོས་རྒྱུ་དགེ་རྒན་གྱི་ཆ་རྐྱེན་མེད་མི་རུང་དུ་མཐོང་།

   དེ་མཚུངས་དགེ་རྒན་རྣམས་ལ་འདོད་ཆུང་ཆོག་ཤེས་ཀྱི་སེམས་ཀྱི་ནུས་པ་སྟོབས་ལྡན་ཞིག་དགོས་རྒྱུའང་མ་འོངས་འབྱུང་འགྱུར་གྱི་སྤྱི་ཚོགས་འགོ་ཁྲིད་བྱེད་མཁན་ད་ཡོད་ན་གཞོན་རྣམས་ལ་ཆུང་དུས་ནས་དགེ་རྒན་ཚོས་མིག་དཔེ་བསྟན་རྒྱུ་ཧ་ཅང་གལ་ཆེར་མངོན། དེ་ལྟར་གསལ་སྟོན་ཐུབ་ན་ད་ཡོད་སློབ་ཕྲུག་རྣམས་ཀྱིས་མ་འོངས་སྤྱི་ཚོགས་ཀྱི་འགན་འཁུར་ལས་གནས་སུ་ཞུགས་སྐབས་ལྐོག་ཟ་དང་ཉེ་དགའ་ཕྱོགས་ཞེན་སོགས་ད་ལྟའི་སྤྱི་ཚོགས་ཀྱི་དཀའ་ངལ་མང་པོ་ཞིག་ངང་གིས་མིང་མེད་དུ་འགྱུར་རྒྱུའི་རེ་བ་ཆེན་པོ་ཞིག་མཐོང། དེར་བརྟེན་གོང་ཞུས་ཁྱད་ཆོས་བཞི་པོ་རྣམས་ནི་༸གོང་ས་མཆོག་གི་ཐུགས་དགོངས་སུ་མཆིས་པའི་དགེ་རྒན་གྱི་ཁྱད་ཆོས་སུ་ཁོ་བོས་རྒྱུན་དུ་དྲན་བཞིན་ཡོད་པ་ད་རིང་ཞུས་ཐལ་སོང་བས་ནོངས་པ་མཆིས་རིགས་བཟོད་གསོལ་ཞུ། མཐའ་དོན་སྤྱིར་ནས་ད་ལྟ་དང་མ་འོངས་པའི་འཛམ་གླིང་སྐྱེ་འགྲོ་ཁོར་ཡུག་དང་བཅས་པར་བླ་ན་མ་མཆིས་པའི་ཐུགས་བསྐྱེད་མཛད་འཕྲིན་བསྐྱངས་ཤིང་། ཡང་སྒོས་གངས་ཅན་ལྗོངས་ཀྱི་དུས་གསུམ་གྱི་འགྲོ་བ་ཁོར་ཡུག་དང་བཅས་པའི་ཕན་པ་མཐའ་དག་གི་འབྱུང་ཁུངས་༸གོང་ས་མཆོག་ལ་ཐུག་སྟབས་ཁོང་གི་ཐུགས་བཞེད་ལྟར་འཇིག་རྟེན་ཁམས་འདིར་སྐུ་ཚེའི་འཕེན་པ་མ་ཟད་པར་འཚོ་བཞུགས་ཡོང་བའི་མཆོག་གསུམ་ལ་ཟོལ་མེད་སེམས་ཀྱིས་སྨོན་འདུན་ཤུགས་དྲག་ཞུའོ།།